འཇམ་གཅེས།
དེང་དུས་སྤྱི་ཚོགས་ཀྱི་བོད་རིགས་དང་། ལྷག་པར་དུ་ཤེས་རྨོངས་པ་ཚོས་བྱ་སྤྱོད་ཀྱི་རྗེས་སུ་ཤེས་ཡོན་པ་དང། གཟུར་གནས་ཅན། ཉམས་མྱོང་ཅན། རྣམ་དཔྱོད་ཅན་དུ་ཁས་ཆེ་བའི་མི་བུ་འགའ་རེ་རྒྱུགས་བཞིན་པ་འདི་ནི་ཅི་འདྲའི་ཡ་མཚན་མ་རེད་དམ།
དཔེར་ན་ཉེ་བའི་ཆར་རིག་དགའ་ལ་བྱུང་བའི་དོན་རྐྱེན་ལས་འཕྲོས་པའི་རྩོམ་ཡིག་དང་། གཏམ་བཤད་སོགས་ནི་བོད་བསྟན་སྲིད་མི་རིགས་སྤྱི་པའི་རྩ་དོན་ལས་ཀྱང་གལ་ཆེ་བ་དང་། ཛ་དྲག་ཆེ་བ། གནད་དོན་ཟབ་པ་ལྟ་བུའི་སྒོ་ནས་བསྟོད་སྨད་སྣ་ཚོགས་པ་དང་། དགའ་སྡུག་ཅི་རིགས་པའི་སྒོ་ནས་སྤེལ་སོང་།
སྤྱིར་དོན་རྐྱེན་དེ་ཡང་ཆུང་ངུ་ཞིག་མིན་རུང་། ང་ལ་མཚོན་ན་དེ་ལྟ་བུ་གླེང་རིན་ཡོད་པ་དང་། གླེང་དགོས་པའི་གནད་དོན་ཆེན་པོ་ཞིག་གང་ཡང་མ་ཚོར། ང་ཚོས་གླེང་དགོས་པའི་དོན་གནད་དོན་ངོ་མ་ནི། དགྲ་བོ་དམར་པོའི་གཞུང་དང་དཔུང་པ་མཉམ་གཤིབ་ཐོག་ནས་དགྲ་དགའ་གཉེན་སྡུག་གི་ལས་སུ་ཞུག་བཞིན་པའི་གཞིས་བྱེས་གཉིང་ཀའི་ནང་དུ་ཡོད་པའི་བོད་མི་དག་གི་བྱ་སྤྱོད་ཡིན་ལ། དེ་མིན་ཆོ་ཁ་ཆོས་ལུགས་ཀྱི་གོ་མཚོན་ཐོག་ནས་ཕུ་ནུ་ནང་ཁུལ་དུ་གཡུལ་བཤམ་མཁན་གྱི་མི་བུ་ཁྲེལ་མེད་དག་གི་གདོང་རིས་ངོ་མ་དག་གསལ་བསྟོན་ཐུབ་ན་དགོས་པ་དེ་ཆེ་བ་མ་ཡིན་ནམ།
མི་བུ་སྒེར་ཞིག་ལ་འཕྲད་པའི་རྐྱེན་ངན་ནི་ཡུལ་ལུང་གང་ལའང་ཡོད་པ་ཡིན་པས་དེ་ལ་བརྟེན་ནས་སྤྱི་ཚོགས་འུར་ཟིང་སློང་དགོས་དོན་གང་ཡང་མེད་ལ། དེ་ལས་ཀྱང་སྐྱེ་བོ་སྒེར་པ་ཞིག་གི་དོན་རྐྱེན་ལས་འཕྲོས་ཏེ་ཡུལ་ལུང་ཞིག་དང་། མི་རིགས་གང་ཞིག་མིའི་གྲལ་ནས་ཕུད་པ་ཡིན་ཟེར་བ་སོགས་ཀྱི་མཚོན་པའི་མི་འདོད་པའི་ཚིག་ངན་དང་སྨྲ་འབོད་བཟོ་བ་ནི་རང་གི་དེ་ཉིད་གསར་སྟོན་ཙམ་ལས། ཤེས་ཡོན་པ་དང་། རྣམ་དཔྱོད་ཅན། ཉམས་མྱོང་ཅན། དྲན་བདེན་ཅན་གྱི་མི་བུ་དྭངས་མ་ཞིག་གི་སྤྱོད་ཚུལ་ནམ་ཡང་ཡིན་མི་སྲིད་ལ། དེ་ལས་ལྡོག་སྟེ་བླུན་རྟགས་འབའ་ཞིག་བསྟན་པ་མ་ཡིན་ནམ།
ཅི་སྟེ། དེ་ལྟ་བུའི་ཛ་དྲགས་ཅན་ཞིག་ལ་ངོས་འཛིན་འདོད་ན། ང་ཚོའི་ངག་རྒྱུན་དུ་གྲགས་ཆེ་བའི་གཏམ་དཔེ་བཞིན། ཁ་ནང་གི་རྨ་ཁ་དེ་ཁ་ཡི་ནང་སོས་ཐབས་དགོས་པ་ལས། སྤྱི་ཚོགས་དཀྲུག་གཞི་ཅན་གྱི་གཏམ་འཆལ་དང་། རྩོམ་རྙོག་ཅིའི་ཕྱིར་སྤེལ་བ་ཡིན་ནམ། ཁྱེད་ཅག་གིས་དོན་དམ་པའི་མི་རིགས་ཀྱི་མགོ་རྣ་དང་ལ་རྒྱལ་ཟེར་བ་དེ་གང་ཞིག་ལ་ངོས་འཛིན་གྱིན་ཡོད་དམ།
ཁྱེད་ཚོ་ཕྱོགས་གང་གི་ཐད་དུ་ལངས་ཀྱང་དྲང་བདེན་དང་གནས་ལུགས་ནི་ནམ་ཡང་བཅོས་ཐུབ་པའི་ནུས་པ་མེད་ཅིང་། ད་དུང་སྟབས་ཉེས་ན་མགོ་བོ་ལས་རྨ་ཁ་ཆེ་བའི་འབྲས་བུ་ལྡོག་ཕྱོགས་ནས་སྨིན་མི་སྲིད་པ་གང་ཡང་མིན་པས། རྟག་ཏུ་ཁ་དང་ལག་པ་ལ་བདག་པོ་ལེགས་པར་གནང་དགོས།
དེ་མིན་རང་སྣང་གང་ཤར་གྱི་སྒོ་ནས་འགན་ཁུར་གང་ཡང་མི་དགོས་པར་འུར་སྒྲོག་མང་དྲག་ན་འབྱུང་འགྱུར་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་འགྱུར་མི་སྲིད་པ་གང་མིན་པས་རྟག་ཏུ་སྒོ་གསུམ་ལ་བག་ཡོད་བྱོས་ཤིག །
བདེན་གཏམ་རེད། བཀའ་དྲིན་ཆེ།
བསམ་ཚུལ་ཙམ་རེད་འདུག་་
རྒྱབ་སྐྱོར་ཡོད།
ལེགས།
གཟུར་ཚོས་རྒྱབ་སྐྱོར་གནང་བར་དགའ་ཡོད། དེ་མིན་སུ་སྙིང་ན་རུང་ཆོག་་
གཟུར་གནས་་་་་་་་་་ལ་ཆོས་