རྩོམ་པ་པོ་ཞོགས་འོད། འོས་སྦྱོར་བ། རང་དབང་རྒྱལ།
སྤྱིར་ཤེས་རྨོངས་ཀྱི་གྲོང་རོང་དུ་བགྲོད་པར་ལུས་ངལ་དང་སེམས་ངལ་ཡོད་པ་ནི་སྨོས་མ་དགོས་ལ། དེ་བཞིན་བོད་ཀྱི་བསམ་བློ་པ་གྲགས་ཅན་སྒོ་ཤེར་ལགས་ཀྱང་ཤེས་རྨོངས་ཀྱི་གྲོག་རོང་དུ་ཁེར་རྐྱང་ངང་བགྲོད་མཁན་ཞིག་ཡིན་པའི་ཆ་ནས་ཁོང་ལ་ཡང་དེ་འབྲེལ་གྱི་དཀའ་ངལ་མང་པོ་ཞིག་ཡོད་རྒྱུ་རེད། ཉིན་ཁ་ཤས་ཀྱི་སྔོན་ལ་དྲ་ལམ་ཁག་ཏུ་རྔ་བ་ཀིརྟི་དགོན་གྱི་༼སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་༽ཟེར་བ་ཞིག་གིས་གྱོད་ཉལ་བྱས་ཏེ་སྒོ་ཤེས་རབ་ལགས་གནས་དབྱུང་ངམ་དགོན་པ་ལས་ཕུད་ཟིན་པའི་ཕྱོགས་ནས་གསར་འགྱུར་མང་པོ་སྤེལ་བཞིན་ཡོད་པ་དང་། དེ་འབྲེལ་སྒོ་ཤེར་ལགས་ཀྱིས་བྲིས་པའི་ཤོག་ལྷེ་བརྒྱད་ཅན་གྱི་རྩོམ་ཡིག་དེ་དང་བསྒྲགས་གཏམ་དེ་གཉིས་ཀྱང་མཉམ་པོར་མཐོང་སོང་།
དེའི་སྐབས་སུ་བདག་ལ་སྐྱེས་པའི་ཚོར་བའམ་ཀུན་སློང་ནི། དགོན་པ་དེར་ཡང་ཨུ་ཚུགས་མཁྲེགས་འཛིན་བྱེད་མཁན་ལས་གནས་ལུགས་རྩལ་འདོན་བྱེད་མཁན་ཉུང་ངུ་ཙམ་རེད་བསམ་པའི་ཚོར་བ་ཞིག་ཡིད་ཀྱི་ངོས་ལ་སིམ་སིམ་དུ་འཐིམས་སོང་། དྲན་པའི་ཀློང་ལ་སོབ་སོབ་ཏུ་བྲན་སོང་། དེ་ག་རེ་རེད་ཟེར་ན། སྤྱིར་རྩོམ་ཡིག་གཅིག་སྤེལ་རྒྱུ་དང་། སྐད་ཆ་གཅིག་བཤད་རྒྱུ་སོགས་ལ་དེ་འདྲའི་ཚད་བཀག་དང་། སྡོམ་འཐེན་རང་བཞིན་གྱི་ཁྲིམས་ཤིག་འཇོག་རྒྱུ་ནི་ཤེས་མེད་ཅོལ་ཆུང་གི་ལས་ཀ་ལས་གཞན་ཞིག་ལ་ཁ་གདེངས་རྒྱུ་དང་ལྕེ་བསྲིངས་རྒྱུ་མེད་དོ།།
གལ་སྲིད་ཡོད་ཀྱང་། དེ་དག་ལ་རྩོམ་ཡིག་འདི་ནི་ལེགས་སོ།། འདི་ནི་ཉེས་སོ་ཞེས་གདམ་གསེས་བྱ་རྒྱུའི་བློ་གྲོས་ཡོད་པ་སུས་ཤེས་ནུས།སྤྱིར་མཐོ་དམན་དྲག་ཞན་གྱི་མི་སུ་དང་གང་ཡིན་རུང་གནས་ལུགས་དང་། ཆོས་ཀྱི་བདེན་རྩ་ལས་འགལ་བའམ། དེ་དང་མི་མཐུན་པའི་སྐད་ཆ་བཤད་རྒྱུ་དང་། རྩོམ་ཡིག་བྲི་རྒྱུ་སོགས་ནི་རང་ཅག་ཀུན་ཀྱིས་དགག་པ་བྱ་སའི་གནས་དང་དོགས་སློང་རྒྱགས་སའི་ཡུལ་ཡིན་ཡང་། སྒོ་ཤེར་ནི་དེ་ལྟ་མ་ཡིན་ཏེ། ཁོང་གིས་གནས་ལུགས་དང་བདེན་པ་ཡི་དོན་དུ་ནམ་ཡང་གཞན་ལ་བདེན་ཁ་སྟེར་མ་མྱོང་ཞིང་། རྒྱུ་འབྲས་དང་བདེན་ལུགས་ཀྱི་སླད་དུ་ནམ་ཞར་གཞན་ལ་གུ་ཡངས་གཏོང་མ་མྱོང་།
ཁོང་ལ་དེ་འདྲའི་རང་ཚུགས་དང་། དེ་འདྲའི་བློ་སྟོབས་མངའ་བའི་རྐྱེན་གྱིས་ཤེས་མེད་མགོ་མཁྲེགས་འགའ་ཡིས་ཁོང་ལ་ཕྲག་དོག་གི་ར་རི་བསྟན་པ་རེད་ལ། མི་འདོད་པའི་རྣམ་འགྱུར་བཟུང་བ་རེད། སྒོ་ཤེར་ལགས་ནང་བའི་ཆོས་ལ་དད་མི་དད་དང་། ཆོས་ཀྱི་བདེན་ལུགས་ལ་ཡིད་ཆེས་མི་ཆེས་སོགས་ནི་སུས་ཀྱང་བཤད་དགོས་པ་མ་རེད་དེ། ཁོང་གིས་བརྩམས་པའི་༼ང་ཚོ་སད་རན་དང་༽ ༼རྒྱུན་ཤེས་དང་ལམ༽ ༼དེའི་ནང་གསེས་ཀྱི་དོན་ཚན་དཔལ་ན་ལེནྡྲའི་རིག་གནས་སྙིང་སྟོབས་༽ཁག་ལས་གསལ་བོར་ཤེས་གི་རེད།
སྤྱིར་བོད་ཀྱི་དགོན་སྡེའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་སྒོ་ཤེར་གྱི་སྟེང་ལ་མ་རངས་བ་དང་། མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ཡོད་དེ། དེ་ཡང་མཐར་དེད་ན་དེ་དག་གིས་སྒོ་ཤེར་གྱི་ཤེས་རབ་དང་། སྨྲ་ལྕེ། བདེན་དོན་བརྗོད་པའི་ཞལ་ལྕེ་སོགས་ལ་མ་དོ་བའམ་མ་ནུས་པའི་གནད་ཡིན་འདུག དཔེར་ན། ༼རྫ་ཚེ་རིང་བཀྲ་ཤིས་ཟེར་བ་ཞིག་གིས་དྲ་ངོས་སུ་སྒོ་ཤེས་རབ་དང་སྒྲིག་འཛུགས་ཀྱི་བར་འདུམ་པ་༽ཞེས་པའི་ཁ་བྱང་བརྗིད་པོ་ཅན་ཞིག་བཏགས་ཏེ་ཡིན་ཡིན་ཅོག་ཅོག་ཏུ་བཤད་ཡོད་ཀྱང་། མཐར་དེད་ཚེ་ཁོ་རང་སྒོ་ཤེར་གྱི་སྟེང་དུ་མི་དགའ་བའམ་མི་འཐད་པའི་བཟོ་ལྟ་ལས་སྒོ་ཤེར་དང་སྒྲིག་འཛུགས་བར་ལ་འདུམ་པ་ཞིག་གཞི་ནས་བྱས་མེད་ལ། བྱེད་ཀྱང་ཤེས་མི་འདུག གལ་སྲིད་བྱེད་ཤེས་ཀྱང་ཚེ་བཀྲ་ཟེར་བ་དེར་མགོ་མི་ཚུད་སར་ལུས་བཙང་བ་ལས་མ་འདས་སོ།། ཚེ་བཀྲ་ལྟ་བུའི་མི་བརྒྱས་ཀྱང་སྒོ་ཤེར་གྱི་ཚིག་གཅིག་གི་ཚད་ལའང་ནུས་པ་མ་རེད་ལ། དེ་ལས་གཞན་བཤད་མ་དགོས་པ་རེད། འདིས་མཚོན་པའི་མི་མང་པོ་ཞིག་གིས་སྒོ་ཤེར་ལ་མི་དགའ་བའི་བཟོ་ངོམ་བཞིན་འདུག་ཀྱང་དེ་ནི་སྐབས་དོན་མ་ཡིན་པས་བཤད་པར་མི་བྱའོ།། འདིར་བདག་གིས་བཤད་འདོད་པ་ནི་སྒོ་ཤེར་དང་དགོན་པའི་བར་གྱི་གནད་དོན་དེ་ཡིན་ཏེ། བདག་གིས་གནད་དོན་དེ་དོན་ཚན་གཅིག་གི་སྟེང་བཤད་རྒྱུ་ཡིན།
༼གཅིག སྒོ་ཤེར་ལ་བསམ་འཆར་འདོན་རྒྱུའི་རང་དབང་སྤྲད་ན་འགྲིག༽
སྤྱིར་མི་སུས་ཀྱང་མི་སྒེར་གྱི་རང་དབང་དང་། ཐོབ་ཐང་། རྩིས་ཐང་སོགས་ལ་ཁྱད་གསོད་དང་སྨད་འབེབ་བྱས་ཆོག་མི་ཆོག་དེ་ནི་མི་གཅིག་གིས་ཐག་གཅད་རྒྱུ་དང་། ཡིན་ཟེར་བ་ཙམ་གྱིས་ཡིན་འགྲོ་བ་ཞིག་མ་ཡིན་ཏེ།དེ་ནི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་སོགས་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད། དེ་བས་ད་ལན་གྱི་སྒོ་ཤེར་གྱི་གནད་དོན་ནམ་དོན་དག་དེ་ཡང་དགོན་པ་དེའི་ལས་སྣེ་པ་ཁ་ཅིག་གིས་མི་འདོད་པའི་ལངས་ཕྱོགས་བཟུང་བ་དང་།དེ་དག་གིས་གྱོད་ཉལ་བྱས་པ་ཙམ་གྱིས་སྒོ་ཤེར་གྱིས་བཤད་པའི་གནས་ལུགས་སམ་རྒྱུ་མཚན་དེ་ནུས་མེད་དུ་བུད་འགྲོ་བ་ཞིག་མ་རེད། དེ་ག་ཡིན་ཙང་། སྒོ་ཤེར་ལ་རང་གི་བསམ་ཚུལ་གདོན་རྒྱུའི་རང་དབང་དང་ཐོབ་ཐང་ཙམ་ཡང་མེད་ཚེ། སྒོ་ཤེར་ཡང་ཉེས་མེད་ཀྱི་བཙོན་མ་ཞིག་མིན་འགྲོ དེ་མ་ཡིན་པར་སྒོ་ཤེར་གྱིས་བཤད་པ་བཞིན་༼སྤྱིར་ངས་སློབ་གྲྭའི་རིག་གནས་ཀྱི་ཁོར་ཡུག་དེ་ཡག་པོ་ཞིག་ཡོང་སླད་༽ཅེས་པ་ནས་བཟུང་རྩོམ་ཡིག་དེའི་དབུ་ནས་མཇུག་བར་ཡོད་ཚད་ཀྱི་ཡོད་ཚད་ནི་དུས་རབས་ཉེར་གཅིག་པའི་ནང་པའི་སློབ་མ་ཞིག་ལ་དགོས་པའི་ཆ་རྐྱེན་སོགས་ལ་དམིགས་ཏེ་བཤད་ཡོད་པ་དང་། སྒོ་ཤེར་གྱིས་ངས་བཤད་པའི་སྐད་ཆ་དག་ལ་བདེན་པའི་གནས་ལུགས་ཡོད་ཀྱང་རུང་ལ་མེད་ཀྱང་རུང་། གང་ལྟར་འདི་ལྟར་བྱེད་དགོས་ཞེས་ཁ་ཚོན་མཐོན་པོ་དང་སྒེར་གཅོད་ཀྱི་སྐད་ཆ་དེ་དག་བཤད་མེད་དེ། ཁོས་ཀྱང་དེ་དག་གྲོས་གཞི་ཙམ་གྱི་ཆེད་དུ་བྲིས་པ་རེད། དེའི་ཕྱིར། ཡིན་མིན་གྱི་གྲོས་གཞི་ཙམ་ཡང་གདོན་རྒྱུའི་རང་དབང་མེད་པ་ནི་ཇི་འདྲའི་ཡ་ང་ཞིང་སྐྱི་གཡའ་བའི་གནས་སྟངས་ཤིག་མ་རེད་དམ།
དེ་འདྲའི་རང་དབང་སྤྲད་མི་འདོད་མཁན་དེ་དག་ཀྱང་ཇི་འདྲའི་སྒེར་གཅོད་ཀྱི་ནད་ཀྱིས་མནར་ཡོད་པ་ཤ་སྟག་མ་རེད་དམ།
སྤྱིར་འུ་ཅག་གིས་ཕྲག་དོག་གི་དར་ཆ་སྒྲེང་སྐབས་ཤིག་མ་ཡིན་ཏེ། མཐུན་སྦྲེལ་གྱི་ཟམ་ཆེན་འཛུགས་པའི་སྐབས་ཤིག་རེད་འདུག གནས་བབས་འདི་འདྲ་ཞིག་གི་སྒང་དུ་ཕན་ཚུན་ལ་དགའ་མི་དགའ་དང་། འཐད་མི་འཐད་ཀྱི་ལངས་ཕྱོགས་བཟུང་སྟེ་མཐུན་སྦྲེལ་གྱི་བ་སོན་བརླགས་པ་ནི་བཟོད་ཐབས་བྲལ་བའི་ཕམ་ཁ་ཉག་གཅིག་རེད། ང་ཚོའི་སྐྱ་ཆད་སྔོ་སྡུག་གི་གནས་བབས་དེའི་ངོ་གདོང་མ་བཤད་ཀྱང་ཡོངས་ཀྱིས་མཁྱེན་གི་རེད། དེ་བས་སྒོ་ཤེར་ལགས་ཀྱིས་དགོན་པའི་རིག་གནས་མཁའ་དབུགས་འཛུགས་བསྐྲུན་གྱི་ཐད་ལ་གྲོས་གཞིའམ་བསམ་འཆར་ཞིག་བཏོན་པ་ཙམ་ལ་བརྟེན་ཏེ་ལས་སྣེ་པ་དག་གིས་གྱོད་ཉལ་བྱས་པ་ནི་ལས་སྣེ་པ་དེ་དག་ཀྱང་ཕྲག་དོག་གིས་ཚོས་ཞིང་། སྒེར་སེམས་ཀྱིས་བཟི་ཡོད་པ་ཤ་སྟག་ཡིན་པ་ཤེས་ཐུབ། ག་རེ་རེད་ཟེར་ན། ཁོ་ཚོས་གྲོས་གཞི་བཏོན་པ་དེ་ལ་ལྟ་ཚུལ་བཏོན་མི་ཆོག་ཚེ་ཁོ་ཚོས་བཏོན་པའི་གྲོས་གཞི་དེ་ཡང་སྒེར་གཅོག་ཡིན་འགྲོ བསམ་འཆར་གདོན་རྒྱུའི་རང་དབང་ཡོད་ཀྱང་བསམ་འཆར་འདོན་མཁན་དག་ལ་མི་དགའ་བའི་རྣམ་འགྱུར་སྟོན་དགོས་ཚེ་དེ་དག་གི་ཡོན་ཚད་དང་། མཐོང་རྒྱ། སྒམ་དཀྱེལ་ཡང་དེ་ནས་མངོན་འགྲོ གང་ལྟར། ལས་ཀ་གང་དང་གང་བྱེད་ཀྱང་དེ་ལ་མང་པོས་གྲོས་ཁ་དང་། བློ་མོས་ཀྱི་ལྟ་ཚུལ་འདོན་དགོས་ཏེ། དེ་འདོན་མཁན་དང་དེ་བཤད་མཁན་དག་མ་རུང་བ་དང་ལྟས་ངན་ཉིད་དུ་བརྩི་དགོས་ཚེ་དེ་འཇོག་མཁན་ཡང་གང་འདྲ་ཞིག་ཡིན་པ་ཧ་གོ་འགྲོ དེ་བས་སྒོ་ཤེར་ལགས་ན་རང་གི་ལྟ་ཚུལ་གདོན་རྒྱུའི་རང་དབང་སྤྲད་དགོས་ལ་སྤྲད་ན་འགྲིག་ཀྱང་འགྲིག
མཐར་བཤད་འདོད་པའི་སྐད་ཆ་ནི།
རྔ་བ་ནས་སྒོ་ཤེར་མར་ལ་བདའ་བ་ནི་རྔ་བའི་རིག་གནས་ཀྱི་སྒོ་ཆེན་བརྒྱབ་པ་རེད་ལ།
རྔ་བའི་རིག་གནས་ཀྱི་ཅོང་ཆེན་བཅགས་པ་རེད།
རྔ་བའི་རིག་གནས་ཀྱི་ཉིང་མ་རུལ་བ་རེད།
རྔ་བའི་རིག་གནས་ཀྱི་མཁའ་དབུགས་ཞན་སོང་བ་རེད་དོ།།
རྩོམ་པ་ོ་ཞོགས་འོད་ལགས་ཀྱིས་སྒོར་ཤེར་སྐོར་ལ་བསམ་ཚུལ་དང་དཔྱད་བརྗོད་མང་པོ་གནང་འདུག་ཡིན་ན་ཡང་དེ་དགའ་ཕྱོགས་ཙམ་དང་ཕྱོགས་ཞེན་གྱིས་ཀུན་ནས་བསླང་བ་ཙམ་མ་གཏོགས་གཞན་ཡང་སྙིང་གང་ཡང་མཐོང་མ་སོང་ལྷག་པར་ཏུ་དགོན་སྡེ་གྲྭ་ཚང་སྐྱོན་འཛིག་དང་རྔ་བ་མི་རིགས་ལ་དམན་སར་རྐྱང་རྐྱང་ལས་དྲང་མོ་དྲང་བཞག་གི་སྐད་ཆ་ཉིན་མོའི་སྐར་མ་བཞིན་མཐོང་ལམ་ན་ནག་ཐུམ་ཐུམ་རེད་དགོན་སྡེ་གྲྭ་ཚང་ལ་ཤེས་རྨོངས་གི་གྲོང་རོང་ཞེས་ཚིག་སྐམ་འདིས་བཏུམས་ནས་བཤད་འདུག་བས་ངས་སེམས་སུ་གྲོགས་པོ་སྙིང་རེ་རྗེ་སོང་རྩོམ་འབྲིའི་ལམ་ཁའི་ཕྱོགས་འདི་འདི་འདྲའི་ཅོལ་ཆུང་ལ་འདི་འདྲའི་དོན་སྙིང་མེད་པ་དྲང་བོ་མིན་པ་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་ཕྱོགས་ཁོ་ནའི་ཕྱོགས་ལ་ཤར་བསྐྱོད་དང་བདེན་པ་དང་གནས་ལུགས་དངོས་ཡོད་དང་ཚུལ་མཐུན་སོགས་ཀྱི་ཕྱོགས་ལ་དཔྱོད་ཤེས་ཀྱི་མིག་ཟུང་དེ་ལོང་བ་ལོང་རྐྱང་རེད་འདུག གྲོགས་པོ་སྒོ་ཤེར་ལ་རྣམ་དཔྱོད་དང་བློ་གྲོས་མངའ་ན་ཡང་རྩ་བའི་བརྗོད་གཞི་དང་སྔ་ཕྱི་བར་གསུམ་གྱི་སྤྲིངས་ཡིག་དག་ལ་ལྟོས་དང་ཡག་པོ་ལྟོས་མ་གཞི་གྲྭ་བ་ཞིག་གི་ལས་སུ་བྱ་བ་དང་བསྒྲུབ་དུ་རུང་བ་ཤིག་རེད་དམ་རང་ཉིད་གཅེས་འཛིན་དང་རང་ལྟ་མཆོག་འཛིན་གྱི་བློ་ཧ་ཅང་གི་མངོན་ཞིང་ཚོགས་པ་དང་ཚོགས་སྡེ་གྲྭ་མང་སོགས་ལ་བསྟུན་གཤིས་དང་བསམ་ཤེས་ཀྱི་སྣང་ཚུལ་ཙམ་ཡང་ག་ལ་སྲིད་རང་ལ་གནས་ལུགས་དང་གཞན་ལ་གནས་ལུགས་མེད་རང་བདེན་གཞན་རྫུན་རང་མ་གཏོགས་ཤེས་ཡོན་པ་མེད་རང་མ་གཏོགས་དཔྱོད་ཤེས་བ་མེད་རང་མ་གཏོགས་ཁ་ལྕེ་སུ་གང་ལ་ཡང་མེད་ཞེས་རྫིག་གཏམ་རྐྱང་རྐྱང་བཤད་ནས་རྙོག་དྲ་བཟོ་བ་འདྲ་། ཡིན་ན་ཡང་བྱ་འཕུར་ལ་ཉེ་བའི་སྐབས་རྡོ་ཞེས་བའི་དཔེ་རེད།
འདིར་སྐོར་ལ་བཤད་པའི་འདོད་པའི་སྐད་ཆ་འགའ་རེ་ཡོད།
སྒོ་ཤེར་ཁོ་ནི་རྩོམ་པ་པོ་བོད་མི་ན་གཞོན་ཤེས་ཡོན་པའི་གྲས་ཤིག་ཡིན་མོད། འོན་ཀྱང་སྒོ་ཤེར་ཁོ་ཆུང་དུས་ནས་འཚར་ལོངས་དང་རང་རྒྱུད་ལ་ཤེས་ཡོན་གྱི་རྐང་འབྱུང་སའི་རྔ་པ་ཀིརྟིའི་དགོན་གྱི་ཁ་གཏད་དུ་ལངས་ཏེ་རྩོམ་ཉོག་མང་དུ་སྤེལ་བ་ མཐོང་ཐོས་བྱུང་དུས་ཁོའི་བྱེད་སྟངས་ལ་བློ་ཕམ་བྱུང་སོང་། སྒོ་ཤེར་རང་ཉིད་ཀྱིས་སློབ་སྦྱོང་གང་འཚམ་ཐོབ་པའི་དོན་དེ་ནང་གི་དགྲ་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་དང་། ཕྱིའི་དགྲ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། ལྷག་ཏུ་རྔ་པ་ཀིརྟི་དགོན་ཆེན་བཅས་རྩ་མེད་དུ་གཏོང་འཆར་ཡོད་པའི་རྒྱ་ནག་གུང་ ཁྲན་གཞུང་གི་ཁ་གཏད་དུ་མི་ལངས་པར། རང་གི་དགེ་བའི་བཤེས་གཉེན་དང་དགོན་སྡེ་འདིའི་མཁན་བླ་སྤྲུལ་དགེ་འདུན་པའི་སྡེ་འདི་འདྲ་ཞིག་ལ་ངན་སྨྲས་དང། དགེ་འདུན་དབྱེན་དཀྲུག་གི་ལས་ངན་ཚབས་པོ་ཆེ་བསགས་པའི་ཚུལ་འདི་ནི། གཡོ་ཅན་ཝ་མོ་ལྟ་བུ་ཡིས། །རང་དོན་ངན་པ་ཁོག་ལ་བཅུག །གཞན་དོན་ཡིན་ཞེས་ཐམས་ཅད་དཀྲོག །ཅེས་པའི་དཔེ་ལས་མ་འདས་ནའང་འདི་ལ་བསམ་བློ་ཟུར་ཙམ་ཡང་མི་གཏོང་བ་དང་། ལྷག་པར་དུ་ཚོགས་སྡེ་དང་སྒྲིག་འཛུགས་གང་ཞིག་ཏུ་གནས་ན་དེའི་ཁྲིམས་དང་སྒྲིག་ གཞི་ལ་བརྩི་བཀུར་བྱེད་དགོས་པ་ནི། གནའ་མི་བོད་ཀྱི་གཏམ་དཔེར། ཡར་ལུང་སྟོད་ལ་བསྡད་ན། ཡར་ལྷ་ཤམ་པོ་བསྟོད་དགོས། ཞེས་པའི་རྒྱུན་ཤེས་ཙམ་ཡང་མ་ཤེས་པའི་སྐྱོན་སྒོ་ཤེར་ལ་རང་བཞིན་གྱིས་འབབ་པ་ སོགས་གཟུར་གནས་བློ་ལྡན་མང་པོས་མཁྱེན་གསལ་ལྟར་རེད།
སྤྱིར་བཏང་རྒྱ་ཆེའི་ མང་ཚོགས་ཀྱི་མིག་མདུན་དུ་སྐད་ཆ་དང་ཟུར་མཆན་སོགས་གང་ཞིག་བཀོད་ནའང་བསམ་མེད་དྲྭ་འབུ་ཚོ་དང་མི་འདྲ་བར་རང་ཉིད་ཀྱིས་འགན་ཞིག་འཁུར་དགོས་དུས། འདིའི་ཐད་ལ་རྒྱུས་ལོན་དང་ཞིབ་འཇུག་ཅུང་བྱས་པ་ཡིན། སྒོ་ཤེར་ཁ་གཏད་དུ་ལངས་ཏེ་སྐུར་འདེབས་སྣ་ཚོགས་བྱེད་ཡུལ་གྱི་རྔ་པ་ཀིརྟི་དགོན་ གྱི་ཤེས་ཡོན་འགན་འཛིན་ཚོགས་ཆུང་གི་མི་སྣའི་གྲུབ་ཆ་ནི། སྒོ་ཤེར་ཁོ་རང་གི་དགེ་བའི་བཤེས་གཉེན་ཚུད་པའི་རྔ་པ་ཀིརྟིའི་དགོན་ཆེན་གྱི་གྲྭ་ཚང་བཞི་གའི་མཁན་པོ་རྣམ་པ་བཞི་དང་། གྲྭ་ཉིས་སྟོང་བདུན་བརྒྱ་ལྷག་གིས་འོས་ཤོག་གི་ལམ་ནས་འདེམས་ཐོན་བྱུང་བའི་དགེ་ བཤེས་ལྷ་རམས་དང་དཔེ་ཁྲིད་དགེ་རྒན་ཤ་སྟག་ཡིན་ཞིང་། འོས་གཞིའི་ནང་སྒོ་ཤེར་རང་ཉིད་ཀྱང་ཡོད་ནའང་དེའི་ནང་འདེམས་ཐོན་མ་བྱུང་བ་དེས་ དོན་དངོས་ཐོག་གྲྭ་མང་གིས་སྒོ་ཤེར་ལ་མཐོང་ཅི་ཙམ་སྤྲད་ཡོད་མེད་ཀྱང་གང་འཚམ་ ཚོད་དཔག་བྱེད་ཐུབ།
ང་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ཐད་ནས་བོད་རྒྱ་ཆེའི་མི་མང་ལ་དྲན་བསྐུལ་ཞིག་བྱེད་རྒྱུ་ཡོད་པ་ནི། བོད་གངས་རིའི་ལྗོངས་ཀྱི་ཆོས་དང་རིག་གནས་ཀྱི་རྒྱུན་འཛིན་རྨད་དུ་བྱུང་བ་བླ་ རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། རྭ་རྒྱ་ཤེས་རིག་སློབ་གླིང་དེ་དག་གི་ནང་དུའང་ད་ལམ་གྱི་འདི་འདྲ་བའི་དཀྲུག་ཤིང་དང་དཀའ་ངལ་རབས་དང་རིམ་པ་བྱུང་བ་བཞིན་ད་ལྟ་རྔ་པ་ཀིརྟིའི་དགོན་དུའང་དེ་མཚུངས་བྱུང་ཡོད། འདི་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ན་ཉིད་དུ་ཟད་པས་བོད་མི་སྤྱི་བོ་གནམ་བསྟན་ ཡོངས་ཀྱིས་ཕྱིན་ཆད་འདི་རིགས་མི་འབྱུང་བའི་ཐབས་ལ་འབད་དགོས་པའི་རེ་གསོལ་ཞིག་ཀྱང་ཞོར་དུ་ཞུ་འདོད་བྱུང་།
ཁྱབ་སྐོར་གཅིག་གི་བརྡར་ཤ་གཅོད་མི་ཐུབ་པའི་བོད་ཀྱི་བསམ་བློ་པ་གྲགས་ཅན་ཟེར་ཅི། (བདེན་ཁ་སྟེར་མ་མྱོང་ཞིང་)་ཚིག་དེའི་གོ་དོན་ནས་དབྱེ་འབྱེད་བྱེད་མི་ཐུབ་པའི་ལྐུགས་པའི་བློ་གྲོས་ལས་དམན་པའི་རང་ལྟ་མཆོག་འཛིན་དུ་གནས་པའི་སྒོ་ཤེར་ཁྱོད། མིག་ལྷུང་བ་ལྡུམ་རྭར་བསྡད་པ་དང་མཚུངས། ཡང་(མི་གཅིག་གིས་ཐག་གཅོད་རྒྱུ་དང་། ཡིན་ཟེར་བ་ཙམ་གྱིས་ཡིན་འགྲོ་བ་ཞིག་མ་ཡིན་ཏེ། )དེ་ལྟར་ན་སྒོ་ཤེར་དུ་མ་ཡིན་པར་ཐལ་ལོ། ། (གྲོས་གཞི་ཙམ་གྱི་ཆེད་དུ་བྲིས་པ་རེད)་ཟེར། ཨོ་གྲོས་ཆོད་དུ་མ་སོང་ན་ཕྱིར་ཐོན་དགོས་དོན་ཅི། (ཡང་རྔ་བ་ནས་སྒོ་ཤེར་མར་ལ་བདའ་བ་ནི་རྔ་བའི་རིག་གནས་ཀྱི་སྒོ་ཆེན་བརྒྱབ་པ་རེད་)ཟེར་བ་དེ་རྫུན་གཏམ་ཁོ་ན་ལས་མ་འདས་སོ། སྒོ་ཤེར་ལྟ་བའི་དེབ་ཐ་འཐོར་རེ་དང་དོས་དེབ་ཐ་འཐོར་རེ་འབྲུ་མཁན་རྔ་བའི་གཞོན་སྐྱེས་ནང་གྲངས་ལས་མ་འདས་བ་མང་མོ། དེ་རྣམས་ཁྱེད་ཀྱི་མ་མཐོང་བ་ཀྱི་ཡིན་ནམ།
སྙིང་དཀར་
ཁྱོ་ཡིས་ཉོན་
དཀྲིགས་ཤིང་གི་སྐད་ཆ་མ་སྤུངས་ན་ཡག་གི་རེད་དཱ་་་་་དོན་དངོས་མ་ཤེས་ན་ཀུ་ཅོ་མ་སྒྲོག་ན་ཡག་གི་རེད་དཱ
གནའ་སྔ་མོ་སྔ་མོ་ཞིག་ལ་དགེ་འདུན་ཆོས་འཕེལ་ཟེར་བའི་མཁས་དབུལ་པོ་ཞིག་བྱུང་མྱོང་ཟེར། དབུལ་པོའི་ལས་དབང་ནི་ནམ་དུ་ཡང་ཕམ་ཁ་ལས་མེད་པས་ཁོང་ཡང་ག་ཤེད་ཅིག་ནས། འཇིགས་སུ་རུང་བའི་དབང་འཛིན་པ་འགའ་ཞིག་དང་དཔུང་ཐུག་ཐེབས་ནས་གར་སོང་ཆ་མེད་དུ་འགྱུར་སྐད། དུས་ད་ཆ་ཁོང་དང་འདྲ་བའི་དབུལ་པོ་སྒོ་ཤེས་རབ་རྒྱ་མཚོ་ཁྱོད་ལ་ཡང་དབང་འཛིན་པ་འགའ་ཞིག་གིས་སྒོར་མོའི་ནང་དོན་དང་འབྲེལ་བའི་གྱོད་ཉལ་ཟེར་བ་ཞིག་བྱས་ཏེ། ཁྱོད་རང་བྱ་དཀའ་བྱེད་གཏད་དུ་བཏང་འདུག་སྐད། གང་ལྟར་འཇུག་འབྲས་ནི་སྔར་བཞིན་ཏེ་དབུལ་པོ་ཁྱོད་ཀྱིས་ཕམ་ཁ་འཁུར་རྒྱུ་ལས་ཅི་ཡོད། ཁྱོད་རང་སྐྱོ་ལྷང་ལྷང་གིས་རང་ཁྱིམ་ཆུང་ངུ་དེ་ཡང་དོར་ནས་གར་འགྲོ་གཏོལ་མེད་ཀྱི་འཁྱམ་པོའི་རྣམ་ཐར་སྐྱོང་བར་ཆས་སོང་སྐད། དེ་ལྟ་ནའང་། དེ་ལྟ་ནའང་། ང་དང་ང་འདྲ་བའི་ཁྱོད་ཀྱི་ཀློག་པ་པོ་སྙིང་ཆུང་ཚོས་ཁྱོད་ལ་གདུང་སེམས་ཚོད་མེད་ཅིག་འཆང་གིན་ཡོད་པས། མི་ཚེ་ལྕགས་སྨྱུག་ལ་བཅོལ་ཟིན་པའི་ཁྱོད་ལ་འདི་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་འོས་ལ། ཁྱོད་ཁྱོད་ཀྱི་སེམས་ཁོང་ནས་བརྡོལ་བའི་སྐད་ཆ་ཚིག་གཅིག་ཚུན་ཆད་ལ་ང་ཚོས་རྣ་བ་བླགས་ནས་ཡོད་པས། ཁྱོད་རང་ཅིས་ཀྱང་འདོད་བློ་ཚིམ་འོས། དེ་བས་ཁྱོད་རང་ནམ་དུ་ཡང་ཁེར་རྐྱང་མིན། ནམ་དུ་ཡང་ཁེར་རྐྱང་མིན… …
བཀྲ་ཤིས་དོན་འགྲུབ་ལགས་ཀྱི་གསུངས་པར་བདེན། སྒོ་ཤེས་ཁྱེད་རང་ཁེར་རྐྱང་མིན། ང་ཚོ་ཚང་མས་གདུང་མཉམ་བསྐྱེད་ཡོད། བོད་མི་རིགས་འདི་སྒེར་གཅོད་པའི་འོག་ནས་མ་ཐར་བར་དུ་ང་ཚོས་འཐབ་རྩོད་བྱ་དགོས། དུས་ནམ་ཡང་སེམས་ཤུགས་ཆག་མི་རུང་།
རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཚ་བ་མདའ་སྨྱུག་ཡང་ཤི་བའི་རོ་ཡིན་དང་གསོན་པོའི་མི་ཡིན་ཤེས་ཀྱི་མི་འདུག་་་བོར་སོང་བ་རེད། དོན་ངོ་མའི་ཐོག་ནས་བློ་ཕམ་ཆེན་པོ་ཡོད། མ་ཟད་བཙན་བྱོལ་ནང་དུ་མཁས་དབང་འཇམ་དབྱངས་ནོར་བུ་དང་ཟླ་བ་ནོར་བུ། ལྷ་བཟང་ཚེ་རིང་དང་ཀླུ་མཁར་བྱམས་སོགས་གཙོ་བྱས་པའི་བོད་མི་རྒྱལ་གཅེས་རྩོམ་པ་རྣམས་ལ་སྒེར་གཅོད་པ་ཚོས་གཉའ་གནོན་དང་དམའ་འབོད། སྤྱི་ཚོགས་ནས་རྒྱང་ཕུད་གཏོང་ཐབས་བྱས་དང་བྱེད་བཞིན་པ་ཡིན། གནད་དོན་འདི་དག་གིས་སྐྱོན་པས་བོད་མི་རིགས་མགོ་བོ་འདེབས་ཐུབ་ཀྱི་མེད།
མཁས་དབང་དང་བསམ་བློ་བ་དཔྱོད་ཤེས་བ་རྣམ་དཔྱོད་ཅན་ཞིག་མ་ཡིན་པ་ཐག་གི་གཅོད་བློ་གྲོས་ཅན་རིག་སྟོབས་ཅན་ཁ་མཁས་བ་སྨྱུག་རྩལ་ཅན་ཞིག་ཡིན་པ་གཞི་ནས་ཧ་གོ་སོང་སྤྱི་སེམས་དང་སྒེར་སེམས་ལས་སྒེར་སེམས་མངོན་པ་རང་གཅེས་དང་གཞན་གཅེས་ལས་རང་གཅེས་འཛིན་པ་རང་བདེན་དང་གཞན་བདེན་ལས་རང་ཁོ་ན་བདེན་པ་སེམས་ཁམས་དོག་པ་བློ་རྒྱ་ཆུང་བ་ཐུགས་བསྐྱེད་དམན་པ་གང་ཤེས་ཐམས་ཅད་ང་རྒྱལ་དང་མཉམ་དུ་སྐྱེད་པའི་ནང་བའི་དགེ་སློང་གི་མིང་འཛིན་པ་ཆུང་ཆུང་ཞིག་གོ་་་་་་ཁ་ཤས་ཀྱི་ཁོ་དགེ་ཆོས་གཉིས་མཚུངས་ཟླ་ལ་སྤྱོར་མཁན་འདུག་ངོ་མ་ཁྱི་དང་སེང་གེ་འདྲ་བ་ཞིག་ཡོང་སྲིད་གི་རེད་དམ།