རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་<<མེད་ཐབས་མེད་པའི་རང་བཙན་>>གཏམ་བཤད་ལ་ཉན་རྗེས་ཀྱི་ཟིན་ཐོ།
སྐད་ཆེ་ཆུང་བསྡུར་ན་ཁུ་བྱུག་ལས་བོང་བུའི་སྐད་ཆེ་མོད། འཇིག་རྟེན་ན་གྲགས་ཆེ་བ་ཁུ་བྱུག་ཡིན་སོང་བ་དེ་འཇིག་རྟེན་མི་ལ་ཕྱོགས་ཞེན་ཆེ་སོང་བའི་རྟགས་ཨེ་རེད། ཉེ་བའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ལ་རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་ཆེན་པོ་བྱུང་ཞིང་། མང་པོ་དང་ཉུང་ཉུང་ཐུག་ནས་ཉུང་ཕྱོགས་ཀྱི་ཐོབ་ཐང་འཕྲོག་ལུགས་སོགས་ཀྱིས་མཚོན་པའི་གླེང་སློང་ཡང་མང་པོ་ཞིག་བྱུང་བ་རེད། ཡིན་ན་ཡང་། རང་བཙན་དང་དབུ་མའི་རྩོད་པ་འདི་མང་ཉུང་གི་རྩོད་པ་རེད་དམ། ཡང་ན་བདེན་ལུགས་ཀྱི་རྩོད་པ་རེད། ?
༢༠༡༣ ལོའི་ཟླ་༡༠ ཚེས་༥ ཉིན། རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ “མེད་ཐབས་མེད་པའི་རང་བཙན་” སྐོར་ལ་གཏམ་བཤད་གནང་གིན་འདུག ང་རང་ཁོང་གི་ཀློག་པ་པོ་ཕལ་བ་ཞིག་ཡིན་པའི་ངོས་ནས་གཏམ་བཤད་དེར་ཆེད་དུ་ཉན་པར་ཕྱིན་པ་ཡིན། ནང་ལ་བསྡད་ནས་དྲ་ཐོག་ནས་བལྟ་ཉན་བྱས་ཀྱང་ཆོག་མོད། ཁོང་ཉིད་རྩོམ་པ་པོ་རྒན་གྲས་ཤིག་དང་། ང་ཚོའི་སྤྱི་ཚོགས་ཁྲོད་མིང་ཡོད་མཁན་ཞིག་ཡིན་པའི་ངོས་ཐད་ནས། གུས་བརྩི་དང་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཕྱིར་ཆེད་བཅར་བ་ཡིན།
ཁོང་གིས་ཐོག་མར་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་དང་བོད་ཀྱི་རང་བསྲེག་བྱེད་མཁན་གཉིས་དབར་གྱི་བསམ་བློའི་སྙིང་སྟོབས་དང་། ཀུན་སློང་གཤིབ་བསྡུར་བྱས་ཤིང་། གཞིས་ལུས་བོད་མིའི་སྙིང་སྟོབས་དང་ཆོད་སེམས་གཞན་ལས་འཕགས་པ་ཡིན་ལུགས་གསུངས་སོང་། དེ་ལྟར་ཡིན་དོན་ཡང་བོད་ནང་ལ་རང་དབང་མེད་པ་དང་། བོད་མི་རྣམས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་བའི་སྒྲུབ་བྱེད་དུ་ཞི་ཆུང་ལགས་ཀྱིས་རང་བསྲེག་མ་གནང་གོང་། “རྒྱ་མིས་ང་ཚོ་གསོན་པ་གཞག་ས་མ་རེད། བྱས་ཙང་ང་རང་ཁོང་ཚོའི་མདུན་ལ་འཆི་ག་འགྲོ་གི་ཡིན་”གསུངས་པ་རེད་ཟེར།
ཁོང་གི་གཏམ་བཤད་ཁག་མདོར་དྲིལ་ནས་བཤད་ན་དོན་ཚན་གསུམ་དུ་བསྡུ་བ་སྟེ། ༡ བོད་ཀྱི་གནས་བབ་ཆེས་ཛ་དྲག་ཅན་ཡིན་པ། ༢ རང་བཙན་མེད་ན་ང་ཚོས་མི་རིགས་དང་། སྐད་ཡིག རིག་གཞུང་དང་བཅས་པའི་ངོ་བོ་སྲུང་ཐབས་མེད་པ། ༣ དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་རྩོད་ན་ཐོབ་ཐབས་མེད་པ་དང་། དེ་བས་རང་བཙན་ཐོག་ཤར་སྐྱོད་བྱས་ཚེ་ཐོབ་རེ་ཆེ་བ། གཞན་བོད་མི་མང་པོ་ཞིག་གིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རང་བཙན་ཆེད་དུ་བློས་བཏང་ཡོད་པས། དེ་དག་གི་ངོ་བསོ་མི་བརླག་ཆེད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱེད་དགོས་རྒྱུ་བཅས་རེད། ཡིན་ན་ཡང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་འབུར་ཏུ་བཏོན་ནས་བཤད་དགོས་ངེས་ཀྱི་སྐད་ཆ་རྡོག་རྡོག་དེ་ “ཚིག་མཚམས་སུ་ཀློག་”(read between the lines) རྒྱུར་བཞག་སོང་། དེ་ནི། “མེད་ཐབས་མེད་པའི་རང་བཙན་”དེ་ “སུ་ཡིས་”ཚུལ་ “ཇི་ལྟར་”ལེན་དགོས་ལུགས་དེ་རེད།
དོན་དངོས་སུ་གནད་དོན་དེ་ནི་རང་བཙན་འཐབ་རྩོད་པ་མང་པོ་ཞིག་གིས་སྦས་གང་ཐུབ་བྱེད་སའི་“ཤ་རྡོག་དཀྱིལ་གྱི་ལྕགས་ཀྱུ་”དེ་ཡིན་ལ། གཉིད་མ་སད་ཀྱིས་རྒྱུགས་མཁན་དག་གིས་གཏན་ནས་དྲིས་མ་མྱོང་བའི་དྲི་བ་དེ་ཡང་རེད་འདོད། དེ་བས་ཐོག་མར་ང་ཚོས་རང་ཉིད་ལ་དྲི་བར་བྱ་བ་འདི་དག་ཡོད་པ་སྟེ། “རང་བཙན་དང་རང་སྲིད་རང་སྐྱོང་”གི་རྩོད་པ་འདི་ང་ཚོའི་གནས་བབ་ཐོག་ནས་བལྟས་ན་“དགོས་སམ་མི་དགོས་”ཀྱི་རང་འདོད་ཀྱི་གདམ་ག་རེད་དམ། ཡང་ན་“ཐུབ་དང་མི་ཐུབ་”ཀྱིས་བཙིར་ནས་འོང་བའི་གནས་བབ་ཀྱི་གདམ་ག་ཞིག་རེད་ཟེར་བ་དེ་རེད། ད་དུང་བོད་ནང་གི་གནས་བབ་ཛ་དྲག་ཡིན་པར་བཤད་དུས། ང་ཚོས་གནས་བབ་ཛ་དྲག་དེ་ཉམས་སུ་མྱོང་མཁན་ཚོའི་དཀའ་ངལ་ཉུང་འཕྲི་བྱེད་ཐབས་ལ་བརྩོན་དགོས་སམ་ཡང་ན། རྨ་ཐོག་ལ་ཚ་ལྡུད་ནས་ཛ་དྲག་གི་གནས་བབ་དེའི་ཚབ་ཆེའི་རང་བཞིན་ཁོང་ཚོར་ངོ་སྤྲོད་དགོས་ཞེས་པ་འདི་དག་རེད།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབ་དེ་སྐད་ཡིག་གི་གནས་བབ་དང་། དཔལ་འབྱོར་གྱི་གནས་བབ། དེ་བཞིན་གཏེར་ཁ་བསྔོག་འདོན་སོགས་ཀྱི་སྐོར་ནས་གསུངས་སོང་། གནས་ཚུལ་དེ་དག་ཁོང་གིས་གསུངས་པ་ཇི་བཞིན་ཡིན་དང་མིན་ནི་ང་ཚོ་དང་རྒྱ་ནག་གཞུང་གཉིས་དབར་རྩོད་དགོས་པ་ཞིག་ཡིན་ལ། གནས་ཚུལ་དེ་འདྲ་ཞིག་བྱུང་དང་འབྱུང་བཞིན་པ་དེ་ཇི་ལྟར་བསལ་དགོས་མིན་ནི་ཕལ་ཆེར་ང་ཚོ་གཅིག་བུས་གླེང་དགོས་པའི་ཁེ་ཕན་ནམ་འོས་འགན་དེ་རེད། དེས་ན། རང་བཙན་འཐབ་རྩོད་པ་ཚོའམ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱིའི་ཆ་ནས་ཡིན་རུང་། ད་བར་དུ་འདིའི་ཐད་ལ་ལས་དོན་ཅི་ཞིག་བསྒྲུབས་ཡོད་དམ། རྩོམ་པ་པོ་ཁོང་ཉིད་གཙོ་བོར་གྱུར་བའི་བཙན་བྱོལ་ནང་གི་འབུར་འབུར་(ལྟོས་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གནས་བབ་མཐོ་བའི་རིགས་)ཡོད་ཚད་ཀྱི་ཁང་ཀླད་ན་བོད་ཡིག་ཅན་གྱི་དར་ལྕོག་རེ་ཡོད་ན་མ་གཏོགས་བོད་ཡིག་ཤེས་མཁན་མེད་སོང་བ་འདིས་བོད་ནང་གི་བོད་མི་ཚོ་དང་ “སྐྱིད་སྡུག་མཉམ་མྱོང་” བྱེད་པའི་རྣམ་པ་མཚོན་ཐབས་ཨེ་ཡིན། ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་གྱི་རྣམ་པ་ལོ་རྒྱུས་སུ་མ་གྲགས་པ་ཞིག་བྱུང་ཞིང་། ཨོ་རྩལ་རྩེད་འགྲན་གྱི་དཔལ་འབར་གར་སྐྱོད་ས་ལ་བོད་ཀྱི་འབོད་སྒྲ་དང་བོད་ཀྱི་རྒྱལ་དར་འབྱོར་བ་རེད། ཆབ་སྲིད་རིག་པའི་བརྡ་ཆད་ཅིག་བཀོལ་ན་ང་ཚོས་“གནད་དོན་”(issue)ཞིག་ས་ཁར་འབུད་ཐུབ་པ་བྱུང་བ་རེད། ཡིན་ན་ཡང་། གོང་དུ་གླེང་བཞིན་པའི་སྐད་ཡིག་རིག་གཞུང་དང་། དཔལ་འབྱོར་གྱི་ཁེ་ཕན་ཐད་ནས་བཤད་ན་གཞིས་བཞུགས་བོད་མི་ཚོར་གྲུབ་འབྲས་ཅི་ཞིག་ཐོབ་ཡོད་དམ།
༢༠༠༨ ནས་༢༠༡༢་ ལོའི་ལོ་མཇུག་བར་དུ་བྱུང་བའི་བོད་ནང་གི་གནས་བབ་ཅིག་ངོ་སྤྲོད་བྱེད་ན་འདི་ལྟ་སྟེ། དེ་སྔོན་རྒྱ་གཞུང་གིས་མང་ཚོགས་ལ་དུས་ཡུན་ངེས་ཅན་ཞིག་གི་རིང་སྐྱེད་ཀ་མེད་པའི་སྒོ་ནས་མ་དངུལ་གཡར་བ་དང་། (ངས་རྒྱུས་ལོན་བྱེད་ས་མཚོ་སྔོན་གྱི་ས་ཁུལ་ཁག་ཅིག་ཡིན) མི་མང་པོ་ཞིག་གིས་མ་དངུལ་དེ་བཀོལ་ནས་ཚོང་ལས་སོགས་ལས་རིགས་རྣམ་གྲངས་མང་པོ་ཞིག་གཉེར་བཞིན་ཡོད་པ་རེད། མང་ཚོགས་ཁྲོད་ཤོག་དངུལ་གྱི་འཁོར་རྒྱུག་ཡག་ཙམ་བྱུང་བ་དེ་ལ་བརྟེན་ནས། བོད་པ་རང་ཉིད་ཀྱི་གྱོན་ཆས་བཟོ་ལས་གཉེར་མཁན་ཇེ་མང་དུ་སོང་ཞིང་། བོད་པ་རང་ཉིད་ཀྱི་ངོ་བོ་མཚོན་པའི་ཚོང་ཁང་དང་ཟ་ཁང་། དེ་བཞིན་ཁེ་ལས་སྡེ་ཚན་སྣ་མང་ཞིག་དར་འགོ་ཚུགས་ཡོད། དེའི་རྗེས་སུ་༢༠༠༨ ལོའི་ཞི་རྒོལ་ཆེན་པོ་བྱུང་བ་དང་། རང་བསྲེག་ངོ་རྒོལ་བསྟུད་མར་བྱུང་བ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་མིའི་དཔལ་འབྱོར་ལ་རོགས་རམ་བྱེད་མཚམས་བཞག དེ་ལ་བརྟེན་ནས་བོད་མིའི་ཁྲོམ་རར་ཤོག་དངུལ་གྱི་འཁོར་རྒྱུག་ཇེ་ཞན་དུ་སོང་བ་དང་། བོད་པ་རང་ཉིད་ཀྱི་སྲོལ་རྒྱུན་གྱོན་ཆས་དང་། ཟ་ཁང་དང་ཚོང་ཁང་སོགས་མང་པོ་ཞིག་རིམ་བཞིན་ཉམས་པ་རེད། འདིའི་ཐད་ལ་ང་ཚོས་ཅི་ཞིག་འཇོན་གྱིན་ཡོད་དམ? བོད་པ་ནང་ཁུལ་ལ་ཤོག་སྒོར་གྱི་འཁོར་རྒྱུག་མེད་པས། བོད་རང་གི་ཐོན་ལས་མང་པོ་ཞིག་ཡོད་པ་རྒྱུད་འཛིན་དང་། དར་སྤེལ། ཉམས་པ་སླར་གསོ་དང་གོང་འཕེལ་དུ་གཏོང་བའི་ལམ་ཁ་རྨང་ནས་ཆད་པ་ཡིན་ལ། དཔལ་འབྱོར་གྱི་ལྟག་ཆུ་ཆད་དུས་རིག་གཞུང་གི་ནགས་ཚལ་སྐྱ་ཐིང་ངེར་གྱུར་འགྲོ་བ་འདི་ང་ཚོས་རྒྱ་དམར་གཞུང་ལ་ངན་ཁག་འགེལ་ས་ཨེ་འགྲོ།
ཨ་མདོའི་འབྲོག་ཕྱོགས་སུ་དབྱར་རྩ་དགུན་འབུ་བརྐོ་དུས་ཟླ་གཅིག་གི་རིང་ལ་ཁྱིམ་ཚང་ཁ་ཤས་རྒྱ་སྒོར་ས་ཡ་མང་པོའི་བདག་པོར་འགྱུར་བཞིན་ཡོད། ཡིན་ན་ཡང་། ལོ་མཇུག་ཏུ་སླེབས་མཚམས་སུ་ཁྱིམ་ཚང་དེ་དབུལ་བོ་དབུལ་རྐྱང་ཙམ་དུ་མ་ཟད་ནད་དུག་གིས་ཟིན་མཁན་ཡང་བྱུང་དང་འབྱུང་བཞིན་ཡོད། ང་ཚོར་རང་བཙན་མེད་ཀྱང་འདི་འདྲའི་རིགས་མང་པོ་ཞིག་ལ་དོན་ཕན་ལྡན་པའི་ལས་ཀ་བྱེད་ཐུབ་མོད། ད་ལྟའི་བར་དུ་བོད་ནང་གི་ཤེས་ཡོན་དང་དཔལ་འབྱོར་འཆར་འགོད། འཕྲོད་བསྟེན་ཤེས་བྱ་གོང་འཕེལ་གཏོང་རྒྱུར་སྐད་ཆ་ཚིག་གཅིག་ཙམ་བཤད་ཡོད་དམ། རང་བཙན་གཙང་མ་ཞིག་ཐོབ་ནས། ང་ཚོར་འགྲོ་ཆོག་ཆོག་དང་སྡོད་ཆོག་གི་གནས་བབ་ཅིག་མེད་ཚེ་བོད་ནང་ལ་ལས་ཀ་གང་ཡང་མི་བྱེད་ཟེར་བ་འདི་དོན་གྱིས་བོད་ལ་ཤ་ཚ་ཡིན་ནམ་ཅི།
དྲི་བ་དྲིས་ལན་སྐབས་སུ་སྐུ་ཞབས་འཇམ་ནོར་ལགས་ཀྱིས་ “བོད་ཕྱི་ལོག་ནས་ང་ཚོས་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དེ་གཙོ་བོ་རེད་” ཞེས་གསུངས་སོང་། དེའི་སྔོན་དུ་ཁོང་གིས་ “རང་སྲིད་རང་སྐྱོང་རྩོད་པ་ཡིན་ན། རྒྱ་ནག་གཞུང་གིས་ཁས་བླངས་རུང་མཚོ་སྔོན་དང་། ཟི་ཁྲོན་ཕྱོགས་ཀྱིས་དེ་ལ་ཁས་ལེན་བྱེད་མི་སྲིད་པ་རེད། ཁོང་ཚོས་དང་བླངས་སྒོས་རང་རང་གི་གོ་ས་བློས་བཏང་ནས་བོད་རང་སྐྱོང་ལྗོངས་དང་ཟླ་སྒྲིལ་བྱེད་ཀྱི་མ་རེད” ཟེར། བཀའ་མོལ་འདི་འདྲར་ཡང་མགོ་བོ་ནང་དུ་བཀུག་བཀུག་བྱེད་མཁན་འདུག་པའི་གནས་སྟངས་འདིར་ང་རང་ཧ་ལས་སོང་། གང་ལྟར།
གཏམ་བཤད་གྲུབ་མཚམས་སུ་ངས་ཁོང་ལ་“དགེན་ལགས་ཀྱིས་བོད་ཕྱི་ནས་ཞི་བའི་སྒོ་ནས་ལས་འགུལ་སྤེལ་དགོས་རེད་གསུངས་སོང་བ་དང་། དེ་སྔོན་དུ་རྒྱ་ནག་གིས་རང་སྲིད་རང་སྐྱོང་དེ་དང་བླང་སྒོས་སྤྲོད་ཀྱི་མ་རེད་གསུངས་སོང་། དེས་ན་ཞི་བའི་སྒོ་ནས་རང་བཙན་རྩོད་ན་ཁོང་ཚོས་དང་བླང་སྒོས་སྤྲོད་རྒྱུ་རེད་གསུངས་པ་ཡིན་ནམ” ཞེས་དྲིས་པར། ཁོང་གིས་ “དེ་འདྲ་མ་རེད། ང་ཚོ་དཔེར་ན་ཨ་རིར་སྡོད་དུས་དྲག་པོའི་ལས་འགུལ་སྤེལ་ས་མེད་པ་”གསུངས་སོང་། དེས་ན་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དམག་དཔུང་དང་གདོང་ཐུག་བྱེད་དགོས་པ་དང་། ཁོང་ཚོས་ཁྲག་དང་ཚེ་སྲོག་གཏོང་དགོས་པ་རེད་དམ་དྲིས་པར། ཁོང་གིས་སྐད་ཆ་དེ་དེ་ལྟར་བཤད་ས་འགྲོ་བ་ཞིག་མ་རེད་གསུངས་སོང་། ང་ཚོའི་ལས་འགན་ཕྱི་ཕྱོགས་ནས་རང་བཙན་གྱི་ཁ་གཡང་སྒྲོག་རྒྱུ་དང་། བོད་ནང་གི་བོད་མི་ཚོར་སྐུལ་སློང་བྱེད་རྒྱུ་ཙམ་ཡིན་ནམ།
དྲི་བ་དྲིས་ལན་སྐབས་སུ་མི་ཞིག་གིས་ང་ཚོས་ཕར་རྒྱ་གཞུང་ལ་བསམ་ཤེས་གོ་ཤེས་བྱས་ནས་ད་ལྟའི་རང་སྲིད་རང་སྐྱོང་བར་དུ་མར་བབས་ན་ཡང་། རྒྱ་གཞུང་གིས་དེར་ཡ་ལན་སྤྲོད་ཀྱིན་མི་འདུག དེ་བས་ད་ཚོས་བོད་ཙམ་དུ་མ་ཟད། རྒྱ་ནག་ཡོངས་སུ་རྫོགས་པ་ང་ཚོར་དགོས་ཟེར་དགོས་འདུག་ཟེར་ཞིང་། དེ་ལ་རྩོམ་པ་པོ་འཇམ་ནོར་ལགས་ཀྱིས་ “very interesting” གསུངས་སོང་། སྒོང་ང་མི་ཁུག་སར་བྱ་མོ་ཉོ་རྒྱུ་ཡིན་ཟེར་དུས། བསམ་ཚུལ་དེ་ཧ་ཅང་ཡག་པོ་འདུག་ཟེར་བ་ནི་ཅུང་འགན་མ་འཁུར་བའི་བཀའ་མོལ་ཅིག་ཏུ་མཐོང་སོང་མོད། མ་གཞི་ནས་མི་མང་པོ་ཞིག་གིས་སྤྱི་ཚོགས་ལ་འགན་འཁུར་སྟངས་འདི་ལས་གཞན་མེད་པས་རྩོམ་པ་པོ་ཁོང་གཅིག་པུར་འཁང་ར་བྱས་ནས་ཅི་བྱ།
གཞན་ཡང་། དབུ་མའི་ལམ་ལ་འགྲོ་མཁན་ཚང་མ་༧རྒྱལ་བ་རིན་པོ་ཆེའི་ “བཀའ་”ལ་ཉན་ནས་ལམ་དེར་ཞུགས་མཁན་གྱི་དབང་རྟུལ་དད་པའི་རྗེས་འབྲངས་པ་ཞེ་གཅིག་ཏུ་མཐོང་མཁན་ཡོད་ན། དེ་ནི་བོད་སྤྱི་ཚོགས་ལ་ཚད་ལས་འདས་པའི་ཚོད་རྩིས་དམའ་བོ་བྱས་འདུག་ཞུ་འདོད་བྱུང་། གང་གིས་ཞེ་ན། རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ “མང་གཙོ་ལ་མེད་དུ་མི་རུང་བ་ནི་ཁ་གཏད་ཚོགས་པ་ཡིན་པ་དང་། ཁ་གཏད་ཚོགས་པ་དགོས་ལུགས་ཀྱི་བསམ་ཚུལ་ཤུགས་ཆེན་པོ་བྱུང་ནས། རྒྱལ་ཡོངས་རང་བཙན་ལྷན་ཚོགས་བཙུགས་”པའི་བྱུང་རིམ་ངོ་སྤྲོད་བྱས་སོང་། ཛ་དྲག་གི་གནས་བབ་འདི་འདྲར་ང་ཚོའི་སྟོབས་ཤུགས་ཁ་འཐོར་དུ་མི་འགྲོ་བ་བྱེད་རྒྱུ་དེ་གཙོའམ། ཡང་ན་རང་དབང་དང་མང་གཙོ་ “ཆ་ཚང་”མིན་རྩོད་རྒྱུ་གལ་ཆེའམ། རྟ་སྒ་བོང་བུར་དགོས་ཟེར་མི་ཆོག་པའི་བཀའ་ཁྲིམས་གང་ན་ཡང་མེད་དོན་དེ། བོང་བུར་རྟ་སྒ་འཚམ་པའི་སྒྲུབ་བྱེད་མ་རེད། དེ་ནི་རྒྱུན་ཤེས་ཡིན་པས་འཇིག་རྟེན་གྱི་བསྟན་བཅོས་གང་དུ་མ་བྲིས་པ་ཙམ་མོ། །
གང་ལྟར། ཆབ་སྲིད་འཐབ་རྩོད་ཟེར་བ་ནི་མི་སུའམ། ཚོགས་པ་དང་སྤྱི་ཚོགས་གང་འདྲ་ཞིག་ལ། བགོ་བསྐལ་ལམ་ཐོབ་ཐང་གང་འདྲ་ཞིག ཚུལ་ཇི་ལྟར་དང་། དུས་ནམ་ཞིག་ལ་ཐོབ་མིན་གྱི་ཁེ་ཕན་རྩོད་སྟངས་ཤིག་ཡིན་པས། མི་རང་རང་གི་ཁེ་ཕན་སྒྲུབ་ཕྱིར་ལུགས་མཐུན་གྱི་ལམ་ཁ་གང་དུ་ཞུགས་ཀྱང་ང་རང་མི་སྒེར་གྱི་ངོས་ནས་སུ་ལ་ཡང་དགག་པ་མེད་དོ། །
རང་བཙན་འཐབ་རྩོད་པ་རྣམས་ཀྱི་བསམ་བློའི་ནང་གི་འགལ་ཟླ་ཆེན་པོ་གཅིག་ནི། མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་ཐང་ཟེར་དུས་འཐོབ་མི་སྲིད་ཅིང་རྙེད་མི་སྲིད་པ། རྒྱ་ནག་གི་ནམ་ཡང་སྤྲོད་མི་སྲིད་པར་བལྟ་ཞིང་། རང་བཙན་ཟེར་དུས་དེ་ལས་ཀྱང་ལས་སླ་པོ་ཞིག་གིས་བསྒྲུབ་རྒྱུ་ཡོད་པ་དང་འཐོབ་རྒྱུ་ཡོད་པར་བལྟ་བ་འདི་ཡིན། འདི་སྒོང་ང་ལེན་པའི་སེམས་ཤུགས་མེད་པར་བྱ་དེ་ལེན་པའི་སེམས་ཤུགས་བྱེད་སྟངས་ལྟ་བུ་ཞིག་ཏུ་མཐོང་གི་འདུག
རང་བཙན་འཐབ་རྩོད་པ་དེ་ཚོར་རང་བཙན་ཇི་ལྟར་ལེན་པའི་ཐབས་བྱུས་དང་འཆར་སྒོ། ཚོད་རྩིས་སོགས་དམིགས་ཡུལ་འགྲུབ་ནུས་ཀྱི་གྲྭ་སྒྲིག་འཐུས་ཚང་ཞིག་གང་ཡང་མེད་པ་མངོན་གསལ་དོད་དུ་དོད་དུ་འགྲོ་བཞིན་འདུག་མོད། ཁོང་ཚོའི་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས། ཐ་ན་རང་བཙན་ཞེས་པའི་ཚིག་ཙམ་ཡང་མ་ཎི་ལྟར་བཟླ་རྒྱུར་སུན་པ་མེད་པའི་རང་གཤིས་ལ་ངས་གུས་བཀུར་ཞུ་བཞིན་ཡོད། འོན་ཀྱང་བོད་བསྟན་སྲིད་སྤྱིའི་མཚན་ལར་གནོད་པའི་ཐལ་ཆེའི་གཏམ་བརྗོད་དང་སྤྱོད་ཚུལ་ཀུན་ལ་ནམ་ཡང་ཡི་རང་མི་ཞུ།
དཔྱད་རྩོམ་ལེགས་པོ་ཅིག་བྲིས་པར་བསྔགས་བརྗོད་ཞུ།
དཔྱད་བརྗོད་ཡག་པོ་ཞེ་དྲགས་འདུག རྒྱབ་མདུན་ལ་བསམ་གཞིགས་བྱས་བ་གནད་དུ་འཁེལ། ཁ་བཀྲོ།
འདྲེ་རིག་ལྡན་ལགས་ཀྱི་དཔྱད་བརྗོད་ལ་མཐེ་བོང་ར་རྔ་འདྲ་བོ་གཅིག་མི་སྟོན་རང་སྟོན་ཆགས་སོང་ང།
གཟུར་གནས་རིག་ལྡན་སྤོབས་པ་ཅན། དོན་གྱི་བདེན་པའི་སྐྱེས་བུ་ཉིད།
མྱི་རྒན་འདིས་རང་བཙན་རང་བཙན་ཟེར་ནས་ཤི་འདོད་ཡོད་པ་འདི་ལོ་རྒྱུས་ལ་གཏུག་ན། བཟང་ཆ་ཞིག་ལས་གང་ཡོད། ཡིན་ན་ཡང་དཔའ་བོ་ལག་ཟླུམ་ནི། དཔའ་བོ་ལག་ཟླུམ་ཡིན་པས། འཛུག་གུ་རང་ལ་བཙུགས་ནས་འདུག་རྒྱུ་ལས། རྒན་པོ་འདི་ལ་གུས་ཞབས་ཆེ་ཙམ་གནང་ན། ཆབ་སྲིད་ཀྱི་སང་ཉིན་ལ་དགེ་ཕན་ཞིག་ཡོད་པ་གསལ་པོ་རེད།
རྒྱ་ནག་མཉམ་དུ་ད་ལྟ་བསྡད་ཡོད་ཡོད་པ་རེད། བཙན་གྱིས་ནན་ཡོད་ན་འདྲ། རང་སྐྱོངས་གཙང་མའི་ངོ་བོ་ལ་བསྡད་ཡོད་ན་འདྲ། ང་ཚོས་མཐོང་མཐོང་པ་རེད། དགེ་མཚན་ཞིག་ནམ་ཡང་རག་མེད། དཔེ་ཞིག་བཞག་ན། ང་ཚོ་ལ་ཁྱི་ལྟོ་རྐྱང་རྐྱང་སྤྲད་པར་ངོ་སོ་དང་། ང་ཚོ་ལ་མཐའ་ན་ཁྱི་ལྟོ་ཙམ་ཡང་སྐོལ་ཤེས་སུ་མ་བཅུག་པའི་བཀའ་དྲིན་ཡོད་ཟེར་བ་རེད།
འདི་དག་ང་ཚོར་དགོས་སམ། ཡང་ན་ང་ཚོས་ང་ཚོ་ལ་རང་ཁ་རང་གསོ་དང་མི་རིགས་འདྲ་མཉམ་བྱེད་པའི་ལམ་དུ་འགྲོ་འམ།
བོད་འདི་རང་ལག་ན་ཡོད་རྒྱུ་ན། མཐོ་སྒང་དེ་ཤར་གླིང་གི་Dubai རྡོའི་བྷེའ་ལྟ་བུ་ཞིག་གི་དར་རྒྱས་འབྱོར་བཅུ་ཚང་བ་ཞིག་དུ་ཡོད་པར། དཔལ་འབྱོར་ལ་ལ་ཧམ་པ་ཡོད་པའི་ཚོང་བ་ང་འདྲ་བ་ཀུན་གྱིས་བོད་ལ་འཇོག་འདོད་པའི་བྱས་རྗེས་ལོས་ཡིན། ཡིན་ན་ཡང་། ས་འགུལ་ཞིག་གིས་རྫོག་འགྲོ་ནིའི་ས་ཁང་འགའ་ལ་ངོ་སོ་དང་བསྟོད་གླུ་ལེན་དགོས་བ་འདི་བསམ་ན། ངས་ནམ་ཡིན་ཡང་རྒྱ་རྐུན་ཚོའི་ལག་པ་ཆ་ཚང་གཏུབ་ན་བསམ་གི། ངས་རྒྱ་དཔོན་ཚོའི་ཁ་ལྕེ་འདྲ་ན་འདོད་ཀི།
ང་ཚོས་ང་ཚོར་བདེ་སྐྱིད་ཀྱི་གཞི་ཁྱིམ་འཚོལ་དགོས་བ་ལས། འདྲེ་རྒྱ་ཚང་གི་ལག་ན་ཡོང་རྒྱུ་རྟུག་ཙམ་ཡང་མེད། འདི་ཚོས་རོགས་སྐྱོར་དུང་སྒོར་མང་པོ་སྤྲད་ཡོད་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱེད། ཡིན་ན་ཡང་། བོད་ས་ནས། ས་ཐོག་འོག་གི་གཏེར་མཛོད་གྲངས་མེད་འཕྲོག་འགྲོ་བཞིན་པ་གསང་རྒྱ་ལ་བཅུག་ནས་ཡོད། ཅིའི་ཕྱིར།
ཆབ་སྲིད་ནི་རྒྱུ་དང་སྟོབས་ལ་འབྲལ་བ་ཡོད་པ་ཞིག་ཡིན་པས། ང་ཚོས་དགྲ་པོ་ཚང་གི་གཉའ་མ་མ་ཚ་བར་བུ་ཞིག་སྤྲོད་འདོད་རྩ་ནས་མེད།
འདྲེ་རིག་ལྡན་ཞེས་པ་དེར་དྲི་བ་གཅིག་ཞུ་འདོད་བྱུང་།
འོ་ན་དབུ་མའི་ལམ་ལ་ཐབས་ཇུས་ཅི་འདྲ་ཞིག་ཡོད་གསུངས་དང་རྒྱ་ནག་གིས་ཞི་མོལ་མ་བྱས་བར་དུ་སྒུག་འདུག་རྒྱུ་དེ་ཐབས་ལམ་ཨེ་རེད། རྒྱ་ནག་གི་ཁྲིམས་ལ་ཡིད་ཆེས་བྱེད་དཀའ་རབས་དང་དམར་ཤོག་ཚོགས་པ་དེ་ཁྲིམས་ཀྱི་ཐོག་ན་ཡོད་ཚུལ་མི་ལོ་བཞི་བཅུའི་བར་དུ་བགྲང་བགྲང་ནས། ད་ལྟ་གློ་བུར་དུ་རྒྱ་ནག་གི་རྩ་ཁྲིམས་ལ་ཡིད་ཆེས་དང་དེས་ང་ཚོ་སྐྱོབས་ཐུབ་པའི་དད་པ་ཅན་ཁྱོད་ཚོ་ལག་ལེན་དུ་འདེབས་མཁན་དེ་ཨེ་རེད།
གང་ལྟར། ཕྱི་ལོགས་ཤིག་ནས་ཁ་ཤོས་ཁ་ཤོར་མཛུབ་སྟོན་བྱེད་རྒྱུའི་ཟློས་གར་དེར་ལག་པ་བྲང་ལ་བཞག་ནས་བསམ་བློ་རེ་གཏོང་རོགས། ཁ་དཔེར། གཏམ་མི་ལ་དྲིས། མཛུབ་མོ་རང་ལ་ཚུགས་ཟེར་བ་དེ་མ་བརྗེད་རོགས།
དབུ་མ་ཟེར་བ་ནི་བོད་མི་རྩ་མེད་དུ་འགྲོ་བྱེད་ཀྱི་རྒྱུ་རེད། རང་བཙན་ག་འདྲ་བྱས་ནས་རྩོད་དགོས་ཟེར་བ་ནི་ལྐུག་རྟགས་རེད། དཀའ་ལས་རྒྱབ་བས་རྩོད་དགོས་རེད། བོད་མི་རྣམས་རྒྱ་རུ་འགྱུར་ཚེ་བར་དུ་སྒུག་རྒྱུ་ཡིན་ནམ། རྒྱ་ནག་གིས་སྐད་ཆ་བཤད་པའི་གདིང་ཚོད་ཡོད་དམ། མེད་ན། རྩོམ་ཡིག་འདི་ལྟར་བྲིས་བ་ནི་བོད་རྩ་མེད་དུ་འགྲོ་བའི་རྒྱུ་བསགས་པ་རེད།
རྒྱ་ནག་འགྱུར་བ་འགྲོ་ནས་བོད་་རང་སྐྱོང་ཐོབ་ཡག་དུས་ཚོད་ག་དུས་རེད། སྐད་ཆ་དེ་ཚོ་གད་མོ་ཤོར་ཡག་རང་རེད་ལོ་ངོ་དྲུག་བཅུ་རིང་གང་ཐོབ་སོང་ང་ཚོ།
ཁག་མང་པོ་ཚོགས་པ་གཙུགས་དུས་རང་བཙན་ནུས་མེད་ཆག་ཡག་ལས་ཀ་རང་རེད།
རང་བཙན་བརྩད་ན་ལེན་སྟངས་མི་ཤེས་དབུ་མའི་རང་སྐྱོང་བརྩད་ན་བསྟེར་སྟངས་ཀྱང་མི་ཤེས། འདི་གཉིས་བར་ན་སྐབས་འཚོལ་རིང་ལུགས་དང་སྲིད་དོན་ཚོང་པའི་ཤོག་ཁག་ཚོ་ལམ་འགྲོ་རྒྱུག་གིན་མེད་ན་རྩོད་རྙོག་འདི་འབྱུང་གཞི་ཁོ་རང་མེད་པ་རེད།
དེས་ན་འཐབ་རྩོད་འདི་གཉིས་ཀ་ཇི་ལྟར་ལེན་པའི་ཐབས་ཇུས་དང་འཆར་སྒོ། ཚོད་རྩིས་སོགས་དམིགས་ཡུལ་འགྲུབ་ནུས་ཀྱི་གྲ་སྒྲིག་ཆ་ཚང་བ་ཞིག་གཉིས་ཀར་བསྟོན་རྒྱུ་མི་འདུག་ལ། ཀྲུང་ནན་ཧེའེ་ཏང་ཀྲུང་དབྱང་སྲིད་གཞུང་གིས་ཀྱང་རྣམ་དབྱེ་མི་འབྱེད་པར་གཞི་གཅིག་ལ་བཞག་ཡོད་ཀྱང་ཀྲུང་གོའི་རྩ་ཁྲིམས་ལ་ཡིད་ཆེས་བློས་འགེལ་བ་ཚོས་འཐབ་རྩོད་ཕྱི་མ་བཟང་རབས་རྒྱན་རབས་བཤད་པ་ནི་རང་མགོ་བསྐོར་བ་གོས་གཡོགས་རང་དུ་སོང་བ་རེད། འོ་ན་རིག་སློབ་ཀྱི་བླར་རྒན་སྣ་རིང་མིག་ཤེལ་ཅན་ཁྱོད་རང་གི་འབྱུང་འགྱུར་ཇི་ལྟར་བྱེད་དགོས་མིན་གྱི་འཆར་སྒོ་དང་ཚོད་རྩིས་སོགས་དམིགས་ཡུལ་འགྲུབ་ནུས་ཀྱི་གྲ་སྒྲིག་འདྲ་ཨེ་ཡོད་ཞེས་དྲིས་འདོད་བྱུང་། ཧ་ཧ། ད་དུང་བྱ་སྡེ་མེད་པའི་སྒོང་ང་ཇི་ལྟར་ལེན་ཐབས་ཞིག་གསུངས་ན་དགའ་བསུ་ཡོད།
དེ་མིན་རྒྱ་འདྲེ་རིག་ལྡན་འདི་ནམ་རྒྱུན་བློ་བརྟན་འགྱུར་མེད་དང་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་རྩ་ཁྲིམས་ལ་ཡིད་ཆེས་ཀྱིས་ཀྲུང་གོའི་བདག་དབང་ཆེད་རྒྱགས་གཅིག་འཆོངས་གཅིག་བྱེད་མཁན་དེ་འདྲ་རེད། བྱས་ཙང་དེ་རིང་འདིར་དྲང་མདོག་ག་ཚོད་བཤད་་མ་བཤད་ཁོ་རང་མེད་པ་མེད། རྒྱུས་ཡོད་རྒྱུས་ཡོད།
སྐྱར་བཅོས། ཀྲུང་གོའི་རྩ་ཁྲིམས་ལ་ཡིད་ཆེས་བློས་འགེལ་གྱིས། ཞེས་བཅོས་རོགས།
རྣམ་པ་ཚོ་ཕེབས་ནས་རང་རང་གི་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། ད་ལྟའི་ཆར་རང་སྐྱོང་དགོས་ཟེར་མཁན་ཡོད་ན་རེད། རང་བཙན་དགོས་ཟེར་མཁན་ཡོད་ན་རེད། མདོ་དོན་ཚང་མས་བསམ་ཚུལ་གསུངས་བཞིན་པ་ཙམ་ཡིན་པས། དེ་ལ་འདི་བདེན་དང་འདི་རྫུན་གྱི་དཀར་ནག་འབྱེད་རྒྱུ་ཡོད་མ་རེད། དེ་བས་ཀྱང་། ང་རང་གི་ལྟ་ཚུལ་ཡིན་ན། རང་བཙན་འཐབ་རྩོད་པ་ཡིན་པ་རེད། རང་སྐྱོང་རྩོད་མཁན་ཡིན་ན་རེད། གཉི་ཀས་བོད་ཀྱི་རྩ་དོན་རྩོད་ཀྱིན་པ་འདྲ་འདྲ་ཡིན་དུས། བོད་མི་མང་ཤཽས་ཀྱི་ཁེ་ཕན་ལ་ཐུག་དུས་ཨུ་ཚུགས་མཁྲེགས་འཛིན་བྱེད་རྒྱུ་ཡོད་མ་རེད་དྲན་གྱིན་ཡོད།
ང་ཚོའི་མི་རབས་རྒན་པ་ཚོ་དང་། ད་ལྟའི་མི་རབས་གཉིས་ཀས་སྲོག་བློས་བཏང་ནས་བོད་ཀྱི་རང་དབང་དང་བདག་དབང་བརྩད་དང་རྩོད་ཀྱིན་ཡོད་པ་རེད། དེ་བཞིན་དུ་རྒྱ་དམར་གྱི་ངོས་ནས་ཡིན་ན་ཡང་། འདས་པའི་དུས་སུ་དམག་མི་ཁྲི་ཕྲག་མང་པོའི་སྲོག་བཏང་ནས་བོད་ལ་བཙན་འཛུལ་བྱས་པ་མ་ཟད། ད་ཆ་ཡིན་ན་ཡང་རྒྱལ་སྤྱིའི་གནོན་ཤུགས་ལ་ཅི་མི་སྙམ་པར་བོད་པར་དྲག་གནོན་བྱེད་ཀྱིན་ཡོད། ང་ཚོས་ཤོར་ཟིན་པ་ཞིག་དགོས་ཟེར་བ་དང་། ཁོང་ཚོས་ཐོབ་ཟིན་པ་ཞིག་བློས་མི་གཏོང་ཟེར་གི་ཡོད་རེད། བྱས་ཙང་། རང་སྐྱོང་དགོས་ཟེར་མཁན་ཚོ་ལ་་་་རྒྱ་ནག་གིས་་ཁྱོད་ཚོར་རང་བཙན་དགོས་སམ་རང་སྐྱོང་དགོས་ཞེས་དྲིས་ཡོད་མ་རེད། འཐབ་རྩོད་ཀྱི་དམིགས་ཡུལ་གཙོ་བོ་བོད་མིའི་བདེ་ཐབས་ཀྱི་ཆེད་ཁོ་ན་ཡིན་པས། ཚེ་རིང་བོར་འཚོ་ཆེད་དུ་དུག་བཟའ་རྒྱུར་གཡོལ་བ་ཙམ་རེད། སྐུ་ཞབས་འཇམ་ནོར་ལགས་ཀྱིས་ཀྱང་། ཞི་ཆུང་ལགས་ཀྱིས་“རྒྱ་མིས་ང་ཚོ་གསོན་པ་གཞག་ས་མ་རེད། བྱས་ཙང་ང་རང་ཁོང་ཚོའི་མདུན་ལ་འཆི་ག་འགྲོ་གི་ཡིན་”གསུངས་པ་རེད་ཟེར་སོང་བ། ངས་སྐད་ཆ་དེ་འདིར་དམིགས་སུ་བཏོན་པར་རྒྱུ་མཚན་ཡོད། ཞིབ་ཏུ་ཀློག་ནས་བསམ་གཞིགས་གནང་རོགས།
འཇམ་ནོར་གྱི་སྐད་ཅོར་འདི་ཚོ་རང་ལུས་མེ་བསྲེགས་བཏང་བའི་རྒྱལ་གཅེས་པ་ཚོའི་དམིགས་འདུན་ལ་རྒྱབ་འགལ་དང་ཕྱོགས་འགལ་དུ་སོང་ཡོད་པས། འདིའི་རིགས་ལ་རིན་ཐང་ཅན་དུ་རློམས་པ་དག་ཡང་སྲིད་ཀྱིས་རྨོངས་པའི་རྨོངས་དད་ཀྱི་རྣམ་པ་གཞན་ཞིག་རེད། རྒྱལ་གཅེས་བ་དེ་དག་གི་ཚེ་སྲོག་བཏང་བ་ནི་འཇམ་ནོར་ལྟ་བུའི་འཆལ་གཏམ་གྱི་དཔུང་དུ་བཙན་བསྒྲིགས་བྱེད་པ་ནི་ཉེས་འགེལ་གྱི་རྣམ་པ་གསར་པ་རེད། ཁོང་ཚོའི་དམིགས་འདུན་ནི་༧གོང་ས་མཆོག་རང་ཡུལ་དུ་ཕྱིར་ཕེབས་རྒྱུ་སྟེ་རེད། འདིའི་ཁོངས་སུ་བོད་དོན་ཡོངས་སུ་རྫོགས་ཡོད། དཔེ་དོན་ཞིག་བཀོད་ན། རྒྱ་གར་ནང་༧གོང་ས་མཆོག་བྲོས་བྱོལ་དུ་འབྱོར་མ་ཐག་བོད་མི་རྣམས་གནས་སྡོད་བྱ་ཐུབ་པའི་ཆོག་མཆན་ཐོབ་པ་དང་གཅིག་མཚུངས་རེད།
གལ་ཏེ་རང་བཙན་རྩོད་མཁན་ཡོད་ན་སུས་ཀྱང་ཁག་མེད། བཀག་ཀྱང་མི་ཁོག ལམ་ཁ་ཕྱེས་ནས་ལོ་རྒན་དྲུག་བཅུ་འགོར་ལ་ཉེ། རང་བཙན་རྩོད་ལེན་ལ་ལག་རྗེས་སྤུ་ཙམ་ཡང་སྟོན་རྒྱུ་མེད་པའི་འཇམ་ནོར་ལ་བཤད་རྒྱུ་གནས་ལུགས་ལྡན་པ་དང་ཐབས་ལམ་རྐང་ཟིན་པ་ཞིག་ཡོད་ཚེ། གནའ་སྔ་མོ་ནས་གུང་ཁྲན་ཐོག་ཏུ་མདའ་འཕེན་པ་ལྟར་འཕང་ཆོག དེ་འདྲ་ནམ་ཡང་བྱུང་མྱོང་མེེད། མགོ་ན་བཀའ་དང་འོག་ན་ཁྲིམས་མེད་པའི་བཙན་བྱོལ་ཀྱི་ཁོར་ཡུག་ནང་ང་ཆེ་ང་བཙན་དུ་རློམས་པའི་བོང་བུའི་སྟག་ལྤགས་གྱོན་རྒྱུ་འདི་མཚམས་བཞག་ན་འོས་པར་བསམ། བཤད་རྒྱུ་མང་ན་འཆུག་འགྲོ། སྐུད་པ་རིང་ན་ཆད་འགྲོ་ཟེར་བ་ལས་མ་མཆིས། འཇལ་མ་ཤེས་ན་དཔེར་ན་མགོ་གསེར་སྐུས་ཆག་ན་བྱིན་རླབས་མེད་ཟེར་བ་ལྟ་བུ་རེད། བོད་མི་སུ་ཡིན་རུང་ཆབ་སྲིད་མི་ཤེས་ན་ཤེས་མདོག་བྱེད་དགོས་དོན་མི་འདུག མི་ཤེས་ཤེས་ཁུལ་བཅོས་ན་མཚང་ཞེས་པ་ཡང་འདི་ལྟ་བུ་ཟེར། བོད་དོན་ལ་སེམས་ཁུར་ཡོད་པ་ཙམ་གྱིས་སྲིད་ཤེས་པའི་ངེས་པ་ཡོད་མི་སྲིད། རང་བཙན་འདོད་པ་ཙམ་གྱིས་རྩོད་ཐུབ་པ་དང་རྩོད་པའི་ཐབས་ཤེས་པ་དེ་བས་ཀྱང་རྨོངས་གཏམ་ཁོ་ན་རེད།
རང་བཙན།
རང་ལ་དགོས་པའི་ཅ་ལག་དེ་དགོས་ན་ཉོ་དགོས་བ་རེད། ཉོ་ཐུབ་ན་བཙོང་རྒྱུ་ཡིན་པ་གསལ་བོ་ཡིན་ནི་རེད། འདི་འཇིག་རྟེན་གྱི་འགྲོ་སྟངས་རེད། དེ་འདྲའི་མགོ་འཁྲུག་པོ་ཞིག་མ་རེད།
རང་སྐྱོངས།
རང་ལ་དགོས་པའི་ཅ་ལག་དེ་དགོས་ན་སློང་དགོས་བ་རེད། སློང་ཐུབ་ན་སྟེར་རྒྱུ་ཡིན་མིན་སུ་ལ་ཡང་གསལ་བོ་ཡོད་པ་མ་རེད། འདི་ནི་བྱ་སྒོང་མེད་སར་བྱ་མོ་ལ་རེ་བ་རེད། འདི་འདྲའི་མགོ་འཁྲུག་པོ་ཞིག།
ཧ་ཧ་ཧ། མ་བཤད་ན་འགན་མ་ཁུར་བ་རེད། མ་ལས་ན་དོན་མི་འགྲུབ་པ་རེད། ཀླད་ཤུགས་་ལས་ཀ་དང་། ལག་སྟེར་ལས་ཀ་གཉིས་ཀའི། འདི་མཆོག། འདི་དམན་ཡོད་པ་མ་རེད།
བོད་བཙོང་ནས་མི་འགྲོ་བར། བརྩད་ནི་འགྲོ་མཁན་ཚང་མ་ལ་གུས་ཞབས་ཐོབ་དགོས་བ་རེད། ཕ་བཟང་གི་བུ་ཁོ་ཚོ།
རག་གི་མ་རེད། ཡོང་གི་མ་རེད། སྟེར་གི་མ་རེད། འཇོན་གི་མ་རེད། ཟེར་ནས་ངུ་ལྷབ་རྐྱང་རྐྱང་བྱས་ནས་བསྡད་མ་འདུག། བོད་སེམས་བོད། བོད་མགོ་མཐོ་དུས་བོད་མགོ་ཡིན་པ་ཤེས་བར་བྱོས།
བོད་པ་ཚོས་བོད་མགོ་རྡུང་དགོས་ཡ་ཡོད་པ་མ་རེད། རྡུང་དགོས་ན་ཕ་རབས་བུད་རྒྱུད་ནས་ཡོད་པའི་དགྲ་པོ་ཡོད་ཡོད་པ་རེད། དེ་ལ་ངར། དེ་ཚོའི་སྒང་ལ་མཆོང་། ཨ་མའི་བུ་ཁོ་ཚོ།
བོད་རང་བཙན།
ཕར་འཕྲོགས་སོང་བའི་ས་ཆ་དེ་ཚུར་ཡང་འཕྲོག་དགོས། འཕྲོག་མི་ཐུབ་ན་མི་སྟེར། ཅི་ཡང་མི་ལོན་པར་ཤི་འགྲོ།
བོད་རང་སྐྱོང།
ཁྱིམ་ཆུང་ཞིག་ཡོད་པ་དེ་བདག་རྒྱག་ཤེས་དགོས རྒྱག་པའི་ཐོབ་ཐང་ཞིག་ཡོད་པས། ཁྱིམ་གཞི་འདི་ལས་སླ་བོར་འཇིག་དཀའ།
ད་ཡིན་ན་ལྟད་མོ་འདུག་ཨ། འཇམ་ནོར་བུས་ཁ་སྔོན་ཁོ་དོར་ྒྱལ་ཚོགས་པར་དགག་པ་མེད་ཟེར། ཁ་སང་དོལ་རྒྱལ་ཚོགས་པ་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱས་དུས། འཇམ་དབཡངས་ནོར་བུ་ཁོ་དེ་ལ་རྒྱབ་སྐྱོར་ཡོད་ཀྱི་རེད།
འཇམ་ནོར་གྱིས་དོལ་ཚོགས་ཁྲིམས་གཏུགས་བྱེད་རྒྱུ་ཡིན་ཟེར་ན་སྤྲུལ་སྐུ་དབང་ཆུང་ལ་བསམ་ཚུལ་ཁྱད་པར་ཅན་ཡོད་ས་ཡོད།
རང་བཙན་ཟེར་བ་གླེང་རྒྱུ་དཀའ་མོ་མ་རེད།།
ལོ་གསུམ་བྱིས་པ་ཚོས་ཀྱང་གླེང་གིན་འདུག་གོ།
གླེང་བ་ལས་ཀྱང་ཐབས་བརྒྱ་ཇུས་སྟོང་འཐེན་ཏེ།།
ལག་ལེན་བསྟར་བར་མེད་ན་ཁ་བཤད་རང་རེད།།
རང་བཙན་རང་བཙན་ལབ་ནས་མི་ཚེ་བསྐྱལ་ཐལ།།
སོ་ཁ་མེད་པའི་རྩོམ་སྙིགས་སྒམ་གང་བྲིས་ཡོད།།
མདུན་ལ་ལངས་ནས་ལས་འགུལ་སྣེ་གཅིག་གནང་མེད།།
ཁ་སྟོང་ཚིག་སྟོང་ཅན་ཚོར་བོང་མཇེའི་བཙོག་རེད།།
དྲན་དཀར་དཔལ་ཡོན་ཟེར་བ་ཁྱོད་ང་དོལ་རྒྱལ་ཁྱི་ཚོགས་ཀྱི་རེད་ཟེར་གི་ཡོད་དམ། ཁ་ཚད་ཡོད་ནང་ནས་ཚིགས་ཚད་མེད་མ་ཤོད་ཨ།
རང་སྐྱོང་།
གཞན་གྱིས་འཕྲོག་སོང་བ་དེ་་ཚུར་ལེན་མ་ཐུབ་པས་མི་དགོས་ལབ་ཀྱི་ཡོད་པ་རེད། ཇག་པ་ལ་རེ་བ་བཅོལ་ནས་ཅུང་ཙམ་ཕྱིར་ལེན་ཐོབ་བྱེད་ཡོད་པ་རེད། འོན་ཀྱང་། ཇག་པ་ནི་ཇག་པ་ཡིན་པས་ནམ་ཡང་འཕྲོག་ཟིན་པའི་ངོ་བོ་ཞིག་ཕྱིར་དོ་བདག་ལ་བགོ་འགྲེམ་བྱེད་པའི་ལུགས་སྲོལ་དཀོན། གལ་སྲིད་བགོ་འགྲེམས་བྱས་བ་ཡིན་ན་ཇག་ཚང་སྟོན་པས་འུ་མ་ཐུག་ན་ཅི་ཡང་སྤྲད་མི་སྲིད། དེ་ལས་ལྡོག་སྟེ་ཇག་ལས་རྒྱུན་མཐུན་དུ་བྱེད་ངེས་རེད། གང་ཡིན་ཟེར་ན། དེ་ནི་ཁོ་ཚོས་ལས་ཀ་ཡིན་པས་རེད།
རང་བཙན།
རང་བཙན་པས་ཇག་པ་རེ་བ་བྱེད་ས་མེད་པས་ཤེས་ནས་འཕྲོག་སོང་བ་དེ་ཕྱིར་འཕྲོག་རྩིས་བྱེད་ཀྱི་ཡོད་བ་རེད། དེ་བདེན་པ་ཡིན་པས་སྙིང་སྙོབས་དང་སྤོབས་པ་ཡོད། སྙིང་སྟོབས་དང་སྤོབས་པས་ཐབས་མེད་པ་ཡོད་པ་བཟོས་ཤིང་། ལམ་མེད་པ་ཡོད་པ་བཟོ་བའི་གནས་ལུགས་ལ་ཡིད་ཆེས་བྱེད་པས་རྒྱལ་ཁ་ཐོབ་བའི་གདིང་ཚོད་ཡོད་བ་རེད།
ཁ་ཚད་ཡོད་ནང་ནས་ཚིགས་ཚད་མེད་མ་ཤོད་ཨ།
ཡོད་ད་ཡོད། མི་ཁ་ཤས་ཅིག་ལ་མ་གཏོགས་པ་དེ་ལྟར་རྫོས་ན་མི་འདོད། མི་ལ་ལད་ཟློས་བྱེད་ཀྱི་མེད། འདིས་ཚིག་ཚད་ཡོད་ཡིན་མདོག་བྱེད་ཀྱིན་ཡོད། སྤྲུལ་སྐུ་དབང་ཆུང་གིས་འདྲེ་ཚུགས་ལ་མིས་དོ་བྱེད་རིན་ཡོད་པ་ཞིག་རེད།
དྲན་དཀར་དཔལ་ཡོན། ངས་ལྷག་བསམ་དང། སྐད་ཆ་དྲང་བཤད་བྱེད་པ་མ་གཏོགས། དོར་རྒྱལ་ཀླ་ཀློ་བའི་བྱེད་སྟངས་དེ་འདྲར་ནམ་ཡང་དགག་པ་རྒྱག་མཁན་ཞིག་ཡིན། ལྷ་འདྲེ་མཉམ་སྲེས་མ་བྱས་ན་ལེགས་སྙམ།