ཆབ་མདོ་ངག་ཕུན།
ཡོན་ཏན་མཆོག་མངའ་དགེ་བའི་བཤེས།།
གསུང་དབྱངས་ཕྲ་མོས་ཕྱི་ནང་འགུལ།།
སྔོན་མེད་ལེགས་བཤད་སྟོན་པ་པོ།།
སྐུ་ཕྲེང་བཅུ་བཞི་པ་ལ་གུས་ཕྱག་འཚལ།།
གསལ་བྱེད་སུམ་ཅུའི་འོད་རླབས་གངས་རི་རྩེ་ནས་ཤར།།
དབྱངས་ཡིག་བཞི་པོས་གངས་རི་ལྗོངས་ཀྱི་མུན་པ་སེལ།།
སྔོན་རྗེས་མིང་གསུམ་གངས་ལྗོངས་ཤེས་རིག་འོད་སྣང་སྐྲུན།།
བླ་མེད་མེས་དབོན་གོང་མ་དག་ལ་སྙིང་ནས་འདུད།།
ཤེས་མདོག་འདི་ཉིད་བྲིས་པ་དེ་བས་མིན།།
མཁས་པ་དགྱེས་པའི་ལེགས་བཤད་དེ་བས་མེད།།
འོན་ཀྱང་རང་རེའི་ན་གཞོན་ཕོ་མོ་ལ།།
ཅུང་ཚད་ཕན་ཐོགས་བསམ་ནས་འདི་ཉིད་བྲིས།།
ཞེས་མཆོད་བརྗོད་ཀྱི་སྔོན་བསུས་ཏེ་སྒྲུང་གཏམ་འདི་ཉིད་བཤད་པར་བྱའོ། དེ་ཡང་སྔོན་གྱི་སྐལ་པ་ཡར་ཐོག་གི་དུས་ལ། སྐྱིད་མོ་ལུང་ཞེས་པའི་ཡུལ་ལྗོངས་དེར་གྲོང་མི་བཞི་བཅུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། ལུང་པ་དེའི་ཆགས་ཡུལ་ཧ་ཅང་ཉམས་དགའ་ལ། མཁའ་རླུང་གཙང་བ། རི་བོ་རྩེ་མོ་སྟེང་ལ་འཛེགས་ནས་བལྟས་ཚེ་ཚོགས་ཀྱི་མཆོད་པ་འབུལ་བ་ནང་བཞིན་ཉམས་དགའ་བ་ཡོད། རི་བོ་དེ་དག་གི་རྩེ་མོ་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་བའི་གཡོག་ཅིང་། རི་འདབས་ནས་ཆུ་བོ་དལ་གྱི་རྒྱུ་བཞིན་ཡོད་ལ། རྒྱང་རིང་ནས་ལྟས་ཚེ་གཡུ་འབྲུག་སྔོན་མོ་ཐང་ལ་འཁྱིལ་བ་ནང་བཞིན་བསམ་བློ་འཁོར་སྲིད་པ་རེད། ལུང་པ་དེར་རྩ་གཟན་དུད་འགྲོ་དུ་མ་ཞི་བདེའི་བག་ཕེབས་ཀྱི་རྩ་ཆུར་རོལ། གྲོང་ཚོ་དེའི་འཚོ་བའི་རྟེན་གཞི་གཙོ་བོ་ནི་ས་མ་འབྲོག་ཡིན་ཞིང་། གྲོང་མི་རྣམས་འཚོ་གོས་ཀྱི་སྣེ་ཐུག་ཙམ་ཡོད། ལུང་པ་དེ་ནས་དཔལ་འབྱོར་དང་སྙན་གྲགས་ཆེ་ཤོས་ནི་ངོམས་སྡེ་ཚང་ཡིན་ཞིང་། ངོམས་སྡེ་ཚང་ནི་ལུང་པ་དེའི་དཔོན་རྒྱུད་ཀྱི་ཁྱིམ་ཚང་ཞིག་ཀྱང་ཡིན་པས། ལུང་པ་དེའི་རྒན་གཞོན་ཀུན་གྱིས་བརྩི་འཇོག་དང་བརྩི་མཐོང་ཆེན་པོ་བྱེད། སྡེ་དཔོན་དེས་གང་གསུང་སྡེ་པའི་མི་ཚོས་རྡོ་ལ་རི་མོ་བྲིས་པ་ནང་བཞིན་དང་ལེན་བྱེད།
ངོམས་སྡེ་ཚང་གི་བུ་ཐོག་རྒོད་ནི་རང་བཞིན་གྱི་གཤིས་སྤྱོད་དང་ངག་རྒྱུན་འཇམ་ཞིང་། ལུང་པ་དེའི་མི་སྣ་དྲག་ཞན་སུ་འདྲ་ཞིག་ལ་དཀའ་ངལ་ཕྲན་ཚེགས་ཕྲད་མ་ཐག་རོགས་པ་གང་དགོས་བྱེད། སོ་སོའི་ནང་མི་ཞིག་ལ་དཀའ་ངལ་ཕྲད་པ་ནང་བཞིན་བྱེད་ཀྱི་ཡོད། དེར་བརྟེན་སྡེ་མི་དྲག་ཞན་ཀུན་གྱིས་བླ་མ་ལྟ་བུ་ཞིག་ལ་ངོས་འཛིན་དང་བརྩི་མཐོང་། རིམ་གྱིས་ངོམས་སྡེ་ཚང་གི་ཕ་མ་གཉིས་ཀྱིས་བུ་ལ་མནའ་མ་ཞིག་བསུས། མནའ་མི་མིང་ལ་ནོར་འཛོམས་ཟེར་ཞིང་། ནོར་འཛོམས་ནི་དཀོན་མཆོག་ལ་དད་འདུན་ཆེ་བ་དང་། ཕ་མ་སྤུན་མཆེད་ལ་བརྩེ་ཞན་ཆེ་བ། ཉམས་ཉག་གི་རིགས་ལ་ཧ་ཅང་བྱམས་སྐྱོང་གནང་མཁན་བུད་མེད་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཀྱང་ཡིན། ངོམས་སྡེ་ཚང་གི་མནའ་མ་བསུས་ནས་ཡུན་རིང་སོང་ཡང་ཕྲུ་གུ་གཅིག་ཀྱང་མ་སྐྱེས་པས། ཕ་མ་གཉིས་སེམས་ཁྲལ་ཚད་མེད་སྐྱེས་ནས་ལུང་པའི་ཕུ་ལ་སྒོམ་ཆེན་ཞིག་ཡོད་པ་དེའི་མདུན་ཕ་མ་གཉིས་བཅར་ནས་གནས་ལུགས་ཆ་ཚང་ཞུས་རྗེས།
སྒོམ་ཆེན་དེས་“ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་སོགས་ཀྱིས་དགེ་བའི་མཆོད་སྦྱིན་རྒྱ་ཆེ་མཛད་ཚེ། བུ་ཞིག་སྐྱེས་ཚེ་ཁྱིམ་འཛིན་བྱས་ཚེ་ཚེ་སྟོད་སྙན་གྲགས་བྱུང་ནའང་ཚེ་ལ་བར་ཆད་ཡོང་ངེས། གྲྭ་བ་བྱས་ཚེ་ཀུན་གྱིས་དད་མོས་བྱེད་སའི་རྣལ་འབྱོལ་པ་ཞིག་ཏུ་འགྱུར་བ་འདུག་”ཅེས་གསུང་གནང་མཛད་ཅིང་། སྒོམ་ཆེན་གྱིས་སྟོང་སྐུད་དམར་པོར་འདུད་པ་དགུ་བརྒྱབ་གནང་མཛད་ནས་ཐུགས་སྨོན་གནང་སྟེ་མནའ་མར་“ལུས་དང་བྲལ་མེད་ཐོགས་དང་རྐྱེན་ངན་བར་ཆད་སེལ་བ་ཡོང་”ཞེས་གསུང་ནས་སྟེར། བཟའ་ཚང་གཉིས་དགའ་ཐག་ཆོད་ནས་ཕྱིར་ནང་དུ་སླེབས་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་གཏོང་བློ་ཡིད་འཚེམ་པ་བཏང་བས། རིམ་གྱིས་མནའ་མ་ནོར་འཛོམས་ལ་གཟུགས་པོར་ཕྲུ་གུ་འཁོར་ནས་ཟླ་དུས་ཚང་བ་དང་བུ་ཡིད་དུ་འོང་བ་ཞིག་སྐྱེས། ཕ་མ་གཉིས་དགའ་ཚོར་གྱིས་དཀོན་མཆོག་བཏང་རགས་རྒྱས་པ་ཞིག་བཏང་། ཕ་མ་གཉིས་ཀྱིས་བུའི་མིང་ལ་སྐལ་ལྡན་ཞེས་བཏགས། སྐལ་ལྡན་ཆུང་དུས་ནས་ཕ་མ་གཉིས་ཀྱི་ཞལ་ལ་ཉན་པོ་དང་། རྒན་རབས་རྣམས་ཀྱི་ངག་ནས་གནའ་བོའི་གཏམ་རྒྱུད་ཉན་རྒྱུ་ཧ་ཅང་དགའ་བས་གྲོང་པའི་རྒན་ཁོག་རྣམས་ཀྱི་ཁྲིས་ལ་བསྡད་ནས་གཏམ་རྒྱུད་ཉན་གྱི་ཡོད། ཕ་མའི་བུ་ནང་ལ་མེད་པ་ཤེས་དུས་གྲོང་ཚོའི་རྒན་ཁོག་ཚོའི་ཁྲིས་ལ་བསྡད་ཡོད་པ་ཤེས། ལོ་ན་མཐོ་བ་རྣམས་ལ་ཧ་ཅང་གི་གུས་བཀུར་བྱེད་པས། རྒན་ཁོག་རྣམས་ཀྱིས་“ངོམས་སྡེ་ཚང་གི་བུ་ཡ་རབས་ཤིག་འདུག་”ཅེས་དགའ་མོས་བྱེད།
དེ་ནས་རིམ་གྱིས་བུ་སྐལ་ལྡན་བསམ་ཤེས་ཐུབ་པ་གྱུར་བ་ནས་བཟུང་། ཕ་མ་གཉིས་ཀྱི་ཁྲིས་ལ་ཡོང་ནས་“”གྲྭ་པར་གཏོང་རོགས་”ཞེས་ཨུ་ཚུགས་བརྒྱབ། ཕ་མ་གཉིས་ལ་བུ་སྐལ་ལྡན་ལས་མེད་པས་ནང་གི་ཁྱིམ་འཛིན་བྱེད་པ་ལས་གྲྭ་པ་བྱེད་འདོད་དེ་ཙམ་ཞིག་མེད།
འོན་ཀྱང་བུ་སྐལ་ལྡན་གྱིས་ཨུ་ཚུགས་བརྒྱབ་པ་དང་། ལྷག་པར་ཕ་མ་ལ་སྔོན་བླ་མས་གསུང་རྣམས་ཡིད་ལ་འཁོར་ནས་ཉེ་འཁོར་གྱི་དགོན་པ་ནང་དུ་རབ་བྱུང་སྒྲུབ་བཅུགས། ཆོས་མིང་ལ་བསྟན་འཛིན་སྐལ་ལྡན་ཞེས་བཏགས། བསྟན་འཛིན་སྐལ་ལྡན་ནི་དགོན་པའི་སྒྲིག་སྲོལ་ལྟར་དང་ཐོག་འདོན་ཆོག་སོགས་རིམ་པའི་བློ་འཛིན་བྱས། བསྟན་འཛིན་སྐལ་ལྡན་གྲྭ་སར་ཞུགས་པ་བཟུང་སྟེ་ནང་ལ་ཉིན་གཅིག་ཀྱང་གུང་གསེང་ལ་ཡོང་མྱོང་མེད་ཅིང་། ཕ་མ་གཉིས་ཀྱིས་“དགུན་དུས་དགུང་སེང་ཤོག་”ཅེས་ཡིག་ངག་གཉིས་ཀྱི་ཐོག་ནས་ཡང་ཡང་ལན་སྐུར་ཡང་རྗེས་མ་ཡོང་རྒྱུ་ཡིན་བརྗོད་ནས་ཡོང་གི་མེད་ཅིང་། དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོག་ལྷག་མེད་པའི་ཕྱག་དཔེ་ཁོ་ནས་གཟིགས་ནས་བཞུགས་ཀྱི་ཡོད་པས། བསྟན་འཛིན་སྐལ་ལྡན་གྱིས་བརྩོན་འགྲུབ་དང་གཤིས་སྤྱོད་ལ་དགེ་སློབ་ཀུན་གྱིས་ཡིད་སྨོན་ཤོར། བསྟན་འཛིན་སྐལ་ལྡན་གྱིས་རིམ་པའི་ཚད་མ་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་ཀྱི་སྐོར་ལ་སློབ་གཉེར་མཐའ་ཕྱིན་པ་གནང་།
དེ་ནས་ལུང་རིག་ལ་མངའ་བརྙེས་པ་མཁས་དབང་བརྒྱ་ཕྲག་འཛོམས་སའི་དབུས་ལ་དགེ་བཤེས་ལྷ་རམས་ཀྱི་དམ་འཇོག་མཛད་ཅིང་། བསྟན་འཛིན་སྐལ་ལྡན་དང་ཐོག་སེམས་ལ་དངངས་སྐྲག་སྐྱེས་ཀྱང་རིམ་གྱིས་དམ་བཅའ་དབུ་བཙུགས་སྐབས། ལུང་རིགས་རྣམས་སེམས་ནང་ཁྲ་ལྷང་ངེར་ཤར་ནས་ལན་འདེབས་ཐོག་མེད་དུ་བཏབས་མ་ཐག་ཚོགས་ར་ནང་ཡོད་མཁན་ཀུན་ཧ་ལས་པ་གྱུར། དགེ་བཤེས་ལྷ་རམས་རྩེ་ཕུད་ཀྱིས་ཕྱག་འཁྱེར་ཐུབ།
དེ་ནས་གྲྭ་གཞོན་རྣམས་ལ་ཆོས་འཆད་ཁྲིད་ངལ་བ་ལྷོད་མེད་མཛད་ཅིང་། བློ་གསར་གྲ་གཞོན་རྣམས་ལ་ཕན་ཐོགས་རླབས་ཆེན་བྱུང་། ངོམས་སྡེ་གྲོང་གི་རྒན་གཞོན་ནང་ཆོས་ལ་དོན་གཉེར་ཅན་རྣམས་དགེ་བཤེས་བསྟན་འཛིན་སྐལ་ལྡན་གྱི་མདུན་དུ་བཅར་ནས་ནང་ཆོས་ཉན། གྲོང་མི་རྣམས་ལ་ཕན་ཧ་ཅང་ཆེན་པོ་ཐོགས། སྔར་དང་མི་འདྲ་བའི་ཞི་བག་ཕེབས་ཀྱི་ལུང་པ་བཟང་པོ་སྐྲུན་གནང་མཛད། དབྱར་གཞུང་ལ་ངོམས་སྡེ་གྲོང་མི་རྣམས་ལོ་ལྟར་སྤྲོ་སེང་ལ་འགྲོ་གི་ཡོད་པ་ལྟར་དེ་ལོ་ཡང་གྲོང་མི་ཀུན་ལུས་ལ་གཟབ་མཆོར་དཀྲིས་ནས་སྤྲོ་སེང་ལ་ཕྱིན་ཞིང་། བསྟན་འཛིན་སྐལ་ལྡན་གྱིས་ཀྱང་ནང་ལ་ཕེབས་ཡོད་པ་དང་སྟབས་འཁེལ་བས་གྲོང་མི་མཉམ་དུ་སྤྲོ་སེང་ལ་ཕེབས། ཡུལ་ལྷ་བསྟོད་ཅིང་ཉིན་གང་གྲོང་མི་མཉམ་དུ་བཞུགས་ཤིང་། དགོངས་དག་ཆ་པ་དང་ཕྱིར་ནང་ལ་ཕེབས་ནས་དེ་ནུབ་ནང་བསྡད། ཕྱི་ཉིན་ཞོགས་པ་སྔར་པོ་བཞེངས་ནས་ཞོགས་ཇ་བཞེས་ནས་ཕེབས།
དེ་ནས་ཕྱིར་དགོན་པ་ཕེབས་ནས་རྩ་བའི་བླ་མའི་མདུན་དུ་བཅར་ནས་ཕྱག་འཚལ་ནས་སྤུས་མོ་སར་བཙུགས་ནས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་ཞུ་དོན། བླ་མ་རིན་པོ་ཆེ་བདག་ནི་གནས་དབེན་པར་སྒོམ་སྒྲུབ་ལ་བསྐྱོད་རྒྱུ་ཡིན་པས་ཅི་ནས་དགོངས་འཁྲོལ་གནང་སྐྱོང་ཡོང་བ་མཁྱེན་ཞེས་ཞུས་རྗེས། བླ་མས་“སྒོམ་སྒྲུབ་ཉམས་ལེན་གྱིས་སྐྱེ་འགྲོ་ཀུན་ལ་ཕན་ཐོགས་པ་ཞིག་བྱས་ཤོག་ཨང་”ཞེས་གསུང་ནས་གནང་བ་བརྩལ། དགེ་བཤེས་བསྟན་འཛིན་སྐལ་ལྡན་གནས་དབེན་པར་སྒོམ་སྒྲུབ་ལ་ཕེབས་ཀྱི་ཡོད་པ་གོ་རྗེས་ཡུལ་མི་དང་དགོན་པའི་སློབ་གཉེར་བ་ཀུན་གྱིས་“དགེ་བཤེས་བསྟན་འཛིན་སྐལ་ལྡན་མ་ཕེབས་རོགས་གནང་”ཞེས་ཡང་ཡང་ཞུ་བ་འཐེན་ཡང་དགེ་བཤེས་བསྟན་འཛིན་སྐལ་ལྡན་གྱིས་“གནས་དབེན་པར་འགྲོ་རྒྱུའི་དམ་བཅས་ཟིན་ལུགས་གསུངས་”ནས་ཁས་ལེན་མ་གནང་། ཡུལ་མི་དང་དགོན་པའི་སློབ་མ་སུ་ཞིག་གིས་མ་འཚོ་བ་གནང་ནས་མི་མེད་ལུང་སྟོང་ཞིག་ལ་ཕེབས། ལུང་པའི་ཕུ་ལ་ཉིན་གཉིས་ཙམ་ཕེབས་པའི་རྗེས་མི་མེད་ལུང་སྟོང་པདྨ་ཁ་ཕྱེ་བ་འདྲ་བའི་སྟེང་གི་གཡོན་རི་ངོས་ལ་བྲག་ཕུག་ཡོད་པར་གཟིགས་ནས་དེར་ཕེབས་ནས་ཁུར་ཚ་བྲག་ཕུག་གི་སྒོ་ཁའི་ཤུག་གདོང་འོག་ལ་བཞག་ནས་བྲག་ཕུག་ནང་དུ་ཕེབས།
བྲག་ཕུག་ཧ་ཅང་རྒྱ་ཆེ་ཞིང་ཉམས་དགའ་བ། ཁ་ཤར་གྱི་ཕྱོགས་སུ་གཏད་ཡོད་པས་དབྱར་དགུན་དབྱེ་མེད་ཉི་མ་མ་བྱོན་བར་དུ་ཤར། དགེ་བཤེས་བསྟན་འཛིན་སྐལ་ལྡན་གྱིས་ཤིང་ལོ་བཅད་ནས་བྲག་ཕུག་ནང་དུ་ཕེབས་ནས་རྡུལ་རྣམས་ཕྱག །ཤིང་ལོའི་བཅད་ནས་སར་བཏིངས་ནས་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཏད་ནས་བརྩོན་པས། དང་ཐོག་གོམས་འདྲིས་མེད་པས་དཀའ་ཚེགས་ཆེ་ཙམ་བྱུང་ནའང་རྩ་བའི་བླ་མར་གསོལ་བ་གཡོ་བ་མེད་པར་འདེབས་བཞིན་ཨུ་ཚུགས་ཀྱིས་སྒོམ་སྒྲུབ་མཛད་བཞིན་བཞུགས་པས། རིམ་གྱིས་གོམས་འབྱུང་གིས་ཉམས་རྟོགས་ཉིན་རེ་བཞིན་གོང་འཕེལ་གྱིས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཏེ་དཀའ་ངལ་མེད་པར་གྱུར། ཉིན་རེ་རྩམ་པ་ཐུ་མ་གང་རེ་ལ་བརྟེན་ནས་སྒོམ་སྒྲུབ་མཛད་ནས་བཞུགས་ཐུབ་པའི་ཉམས་རྟོགས་འཕེལ། ཉིན་གཅིག་ལུང་པ་དེར་རྫི་བོ་འགའ་ཤས་སླེབས་ནས་བྲག་ཕུག་ནས་དུ་བ་སྔོན་འཕྱུར་རེ་མཐོང་ནས་བྲག་ཕུག་ནང་དུ་མི་ཞིག་ཡོད་པ་ཤེས་ནས་རྫི་བོ་མི་རྒན་དར་རྒྱས་བྲག་ཕུག་ནང་དུ་འཛུལ་བས་བླ་མ་ཞིག་བཞུགས་ཡོད་པ་མཐོང་། རྫི་བོ་དར་རྒྱས་བླ་མ་ཞལ་རས་མཇལ་མ་ཐག་སེམས་ནང་བདེ་སྣང་དཔག་མེད་སྐྱེས་ནས་རང་དབང་མེད་པར་མིག་ཆུ་ཤོར། རྫི་བོ་དར་རྒྱས་ཀྱིས་དེ་མ་ཐག་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་ཕྱག་གསུམ་འཚལ། སྤུས་མོ་སར་བཙུགས་ནས་“སྒོམ་ཆེན་ཁྱེད་གང་ནས་ཕེབས་པ་ཡིན་ནམ་”ཞེས་དྲིས། སྒོམ་ཆེན་གྱིས་“ང་ནི་ལུང་པ་ངོམས་སྡེ་གྲོང་ནས་ཡིན་ཞིང་། འདི་ཕྱོགས་ལ་སྒོམ་སྒྲུབ་བྱས་ཏེ་མི་ལོ་ངོ་ལྔ་ཙམ་འགྲོ་སོང་”ཞེས་གསུང་། རྫི་བོ་དར་རྒྱས་ཀྱིས་“བླ་མ་ཁྱེད་ཀྱི་བདག་ལ་དམ་པའི་ཆོས་ཤིག་གསུང་རོགས་གནང་”ཞེས་རེ་སྐུལ་ཞུ་དོན་ལྟར་སྒོམ་ཆེན་བསྟན་འཛིན་སྐལ་ལྡན་གྱིས་སྐྱབས་འགྲོ་སེམས་བསྐྱེད་སོགས་གནང་བས། དེའི་དར་རྒྱས་ལ་ཕན་ཐོགས་བླ་མེད་དུ་བྱུང་ཞིང་།
དེ་ནས་དར་རྒྱས་སྡོད་གནས་ནས་ལངས་ཏེ་རྫི་རོགས་ཚོ་དང་མཉམ་དུ་ནོར་ལུག་དེད་ནས་ནང་ལ་ལོག་ཕྱིན། ལུང་པའི་ཕུ་ལ་རྣམ་འབྱོར་པ་ཞིག་བཞུགས་ཡོད་པ་གཅིག་གིས་གཅིག་ལ་བརྒྱུད་དེ་ལུང་པ་དེར་ཁྱབ། དད་ལྡན་འགའ་ཤས་ངལ་བ་ཁྱད་བསད་ཀྱིས་སྒོམ་ཆེན་མཇལ་བ་གནས་དེར་ཡོང་ནས་འབུལ་བ་རྩམ་པ་དང་། མར། ཇ་སོགས་འབུལ་བ་ཕུལ་བས་སྒོམ་ཆེན་གྱིས་འབུལ་བ་རྩམ་པ་དང་། མར་སོགས་ཚོགས་དང་གཏོར་མ་བཞེངས་ནས་མཆོད་པ་འབུལ་གྱི་ཡོད།
ཉིན་གཅིག་ལུང་པ་དེར་རྔོན་པ་ཞིག་སླེབས་ནས་སྤྲེའུར་མེ་མདའ་བརྒྱབ་ནས་སྤྲེའུ་འགའ་ཤས་བསད་པ་དང་། འགའ་ཤས་རྨས་པ་སོགས་བྱས་པས། སྤྲེའུ་གཅིག་ཁོག་སྨད་ལ་མེ་མདའ་ཐེབས་ནས་ཁོག་སྨད་དྲུད་ནས་འཇིགས་སྐྲག་གིས་བྲོས་ནས་མཚམས་ཁང་ནང་དུ་འཛུལ་ཡོང་། སྡིག་རྒན་རྔོན་པ་དེའང་མེ་མདའ་བཟུང་ནས་སྒྲུབ་ཁང་དུ་འཛུལ་ཞིང་། སྤྲེའུ་དེ་ནི་སྒོམ་ཆེན་གྱི་མདུན་དུ་སླེབས་པ་དང་དྲན་མེད་དུ་སར་འགྱེལ། རྔོན་པ་དེས་མེ་མདའ་བརྒྱབ་གྲབས་སྐབས་སྒོམ་ཆེན་བཞུགས་གདན་ནས་བཞེངས་ཏེ་“ཨ་ཕོ་སྐུ་ཚེ་རིང་། ཉམས་ཐག་སྤྲེའུ་འདི་མ་བསད་”ཅེས་ལག་གཉིས་ཐལ་མོ་སྦྱར་ནས་རྔོན་པ་དེར་ཞུ་ནན་གྱིས་ཞུས་པ་དང་། མཐར་རྔོན་པ་དེས་ཅི་མ་ལབ་ནས་ཁ་སྐོར་ནས་ལོག །སྒོམ་ཆེན་སྐལ་ལྡན་གྱིས་སྤྲེའུ་རྨ་དཀྲིས་དམ་པོ་དཀྲིས་ནས་རྩམ་ཆུ་སོགས་སྤྲད་ནས་གསོ་སྐྱོང་གནང་ཞིང་། རིམ་གྱིས་སྔར་རྒྱུན་ལྟར་གྱུར་ནས་སྒྲུབ་ཁང་གི་གཡས་གཡོན་གྱི་ཤིང་ནགས་གསེང་ནས་ཟས་བཅུད་འཚོལ་ནས་བསྡད།
ཡང་ཉིན་གཅིག་བྱིའུ་འཇོལ་མོ་ཞིག་ཁྲས་འདེད། འཇོལ་མོ་གང་བྲོས་མེད་པའི་སྒྲུབ་ཕུག་ནང་དུ་འཛུལ་བ་དང་། ཁྲ་རྒོད་དེ་ཡང་འཇིགས་སྣང་མེད་པར་བྲག་ཕུག་ནང་དུ་རྗེས་དེད་བཏང་། བྱིའུ་འཇོལ་མོ་སྒོམ་ཆེན་གྱིས་ཕྲག་སྟེང་ལ་འབབ་ཅིང་། བྱིའུ་འཇོལ་མོ་ཞེད་སྣང་གིས་གཟུགས་པོ་ལྕང་ལོ་ལྟར་གཡུག་བཞིན་མཆིས་པས། སྒོམ་ཆེན་སྐལ་ལྡན་སྙིང་རྗེ་ཚད་མེད་སྐྱེས། ཁྲས་ད་དུང་བྱིའུ་འཇོམ་མོ་ཟིན་གྲབས་སྐབས་སྒོམ་ཆེན་གྱིས་མཁར་རྒྱུག་དེ་འཕྱར་ཙམ་ཞིག་མཛད་པས། ཁྲ་རྒན་དེ་ཞེད་སྣང་གི་ཕྱི་རོལ་ལ་འཕུར་ནས་བྲོས། བྱིའུ་འཇོལ་མར་ཁྲས་སྡེར་མོ་བརྒྱབ་ཟིན་པའི་དབང་གིས་འཕུར་མི་ཐུབ་པ་བཟོས་ཡོད།
དེ་ནས་བཟུང་སྟེ་སྒོམ་ཆེན་སྐལ་ལྡན་གྱིས་སྤགས་བརྫིས་ནས་བྱིའུ་འཇོལ་མར་ཉིན་ལྟར་སྦྱིན། རིམ་གྱིས་བྱིའུ་འཇོལ་མོ་སྔར་རྒྱུན་ཇི་བཞིན་གྱུར་ཏེ་བྲག་ཕུག་གི་སྒོ་ཁའི་མདུན་ངོས་ཀྱི་སྤང་སྟེང་ལ་འཕུར་ནས་སྒུ་འབུ་འཐུ་གི་ཡོད་ལ། གྲོད་ཁོག་བརྒྱབ་པ་དང་སྒོམ་ཆེན་བཞུགས་སའི་སྒོ་ཁའི་ཤིང་སྡོང་སྟེང་ལ་འབབ་ནས་ཉལ། ཉིན་གཅིག་སྒོམ་ཆེན་བསྟན་འཛིན་སྐལ་ལྡན་ཕྱིར་ལོག་ལ་ཕེབས་པ་དང་བསྟུན་ནས་བྱ་སྤྲེལ་གཉིས་སྒྲུབ་ཁང་ལ་འཛུལ་ནས་མཆོད་རྩམ་དང་། མཆོད་མར། མཆོད་འབྲུ་རྣམས་བཟས་པ་ཙམ་དུ་མ་ཟད་སར་གཏོར་བ་སོགས་བྱས། སྒོམ་ཆེན་བསྟན་འཛིན་སྐལ་ལྡན་སྒྲུབ་ཁང་ལ་སླེབས་ནས་དེ་དག་མཐོང་དུས་སུ་ཞིག་ཡིན་ནམ་སྙམ་ནས་བསམ་གཞིག་བྱས། སྒོམ་ཆེན་གྱི་བསམ་བློ་ནང་བྱ་སྤྲེལ་གཉིས་ལས་འགྲོ་ས་མེད་དགོངས་ཏེ་མགུར་གླུ་འདི་ལྟར་ཞིག་བླངས་སོ།
བླ་མ་ཡིད་དམ་མཁའ་འགྲོ་སོགས།།
མི་བྲལ་སྤྱི་བོའི་གཙུག་ཏུ་བཞུགས།།
རི་ཁྲོད་རིམ་པའི་སྤྲང་རྒན་ལ།།
ཐུགས་རྗེ་མ་ཆུང་མགོན་སྐྱོབས་མཛོད།།
སྤྲང་རྒན་ཕྱི་རོལ་འཁྱུག་ཙམ་ཕྱིན།།
བྱ་སྤྲེལ་སྒྲུབ་ཁང་ནང་དུ་འཛུལ།།
མཆོད་འབྲུ་མཆོད་རྩམ་རྐུས་ཏེ་བཟས།།
བཟས་པ་མ་ཚད་ས་ལ་གཏོར།།
མ་གཡེང་བདག་ལ་ཚུར་གསོན་དང་།།
སྤྲེའུ་ལྟ་བུ་མཚོན་པ་ན།།
འཇིགས་རུང་རྔོས་པའི་བརྒྱབ་ནས་དེད།།
གཟུགས་ལུས་འདར་བཞིན་དྲན་མེད་བརྒྱལ།།
སྙིང་བྲལ་འཇིགས་རུང་ཤན་པ་དེས།།
མེ་མདའ་བཟུང་ནས་བརྒྱབ་གྲབས་སྐབས།།
མ་བཟོད་ཐལ་མོ་སྙིང་སྦྱར་ནས།།
མ་བསད་ཞུ་བ་རིམ་ཕུལ་བས།།
ཚེ་སྲོག་གནས་ལས་ཐར་ཙམ་བྱུང་།།
མདེལ་འཁེལ་ཁོག་སྨད་བཙུགས་རྒྱུ་མེད།།
རས་ཀྱིས་དཀྲིས་ཏེ་རྩམ་ཆུ་སྤྲད།།
གསོ་སྐྱོང་རིམ་བྱས་གྲགས་པ་གྱུར།།
གཟུགས་པོ་སྔར་རྒྱུན་ཇི་བཞིན་ཆགས།།
དེ་བཞིན་བྱིའུ་འཇོལ་མོ་ཡང།།
ཁྲས་ཀྱིས་དེད་ཅིང་རྨས་པ་གྱུར།།
འཆི་ཉེ་དུས་ལ་སླེབས་པའི་སྐབས།།
གང་བྲོས་མ་རྙེད་སྒྲུབ་ཁང་འཛུལ།།
བྱིའུ་འཇོལ་མོ་བསད་གྲབས་སྐབས།།
མཁར་རྒྱུགས་འཕྱར་ནས་ཁྲ་རྒན་དེད།།
ཁྲ་ཡང་ཞེད་ནས་ཕྱི་རོལ་བྲོས།།
བྱིའུ་འཇོལ་མོའི་གཤོག་སྒྲོ་ཆགས།།
སྨན་བཅོས་བྱས་ཏེ་གསོ་སྐྱོང་བྱས།།
འཆི་བའི་གནས་ལས་སྐྱབས་ན་ཡང་།།
བདག་མེད་སྐབས་སུ་སྒྲུབ་ཁང་འཛུལ།།
མཆོད་རྫས་མཆོད་གཏོར་རྐུས་ཤིང་བཟས།།
བཟས་པ་མ་ཚད་ས་ལ་གཏོར།།
དྲིན་ལས་ལོག་མཇལ་བྱེད་མི་གཉིས།།
ཇ་ལེན་ཆུ་ཡི་མཇལ་དང་མཚུངས།།
སྤྲང་རྒན་སེམས་པ་སྐྱོ་ནས་བྱུང་།།
ཞེས་ལབ་པ་དང་། སྤྲེའུ་ཕུན་ཚོགས་དང་འཇོལ་མོ་ཡེ་ཤེས་གཉིས་ཀྱིས་སྒོམ་ཆེན་གྱིས་མདུན་དུ་མ་འདོད་པའི་རྣམ་འགྱུར་གྱིས་ཀྲོང་ངེར་ལངས་ཏེ། སྤྲེའུ་ཕུན་ཚོགས་ཀྱིས་མགོ་བོ་དཀྲུག་ཙམ་ཞིག་བྱས་ནས་སེམས་ལ་མ་འབབ་པའི་རྣམ་འགྱུར་དང་བཅས། སྤྲེའུས་“སྒོམ་ཆེན་ཁྱོད་ཀྱི་གང་ཞིག་གསུང་གི་ཡོད་དམ་གནས་འདིར་ངེད་བྱ་སྤྲེལ་གཉིས་ལས་མེད་པ་རེད་དམ་”ཟེར། སྒོམ་ཆེན་གྱིས་“གནས་འདིར་སྒོམ་སྒྲུབ་བྱས་ནས་མི་ལོ་དེ་ཙམ་ཞིག་སོང་ནའང་ཁྱོད་གཉིས་མ་གཏོགས་དུད་འགྲོ་སུ་ཞིག་སྒྲུབ་ཁང་ལ་ཡོང་གི་མེད་པས། ཁྱེད་གཉིས་མིན་ན་སུ་ཞིག་རེད། ངས་ཁྱོད་གཉིས་ཚེ་སྲོག་ལས་སྐྱབས་ནས་གསོ་སྐྱོང་བྱས་ནའང་མཐའ་མཇུག་བྱེད་སྟངས་དེ་རེད་དམ། དྲིན་ལ་དྲིན་ལན་མ་འཇལ་ན། བསམ་ཤེས་མེད་པའི་ཁྱི་དང་འདྲ། ཞེས་”སོགས་བཤད། གཏམ་དེ་དག་སྤྲེའུའི་ཐོས་པས་ཐང་ཤིང་སྟེང་ནས་སྐད་སྣ་ཚོགས་བརྒྱབ་ནས་ཁྲོ་གཉེར་གྱིས་སྤྲེལ་སྤུ་ཐམས་ཅད་གནམ་ལ་ཟིང་ངེ་བྱེད་བཞིན་སོ་སྟོན་པ་སོགས་བྱས་ཏེ་ཁྲོ་ཚིགས་འདི་ལྟར་ཞིག་ཟེར་རོ།།
ནུས་མེད་དུད་འགྲོ་ཉམས་ཐག་ལ།།
ཐུགས་རྗེ་མ་ཆུང་འགྲོ་བའི་མགོན།།
སྒོམ་ཆེན་བླ་མ་རིན་པོ་ཆེ།།
ཐུགས་ཁྲོ་མ་མཛད་གསོན་པར་མཛོད།།
བརྟག་དཔྱད་ཞིབ་འཇུག་མེད་པ་དང་།།
ཁུངས་ལུང་མེད་པའི་ཧམ་བཤད་སོགས།།
གང་བྱུང་མ་གསུང་རི་ཁྲོད་པ།།
ལུས་གཟུགས་དུད་འགྲོ་ཡིན་ན་ཡང་།།
ལེགས་ཉེས་རྣམ་པ་ཤེས་པ་ཡིན།།
ཁྱེད་ཀྱི་བཀའ་དྲིན་བསྐྱངས་པ་ནི།།
མ་བརྗེད་སེམས་སུ་གནས་ནས་ཡོད།།
འོན་ཀྱང་ཉེས་མེད་དུད་འགྲོ་ལ།།
རྐུས་ཁག་བཙུགས་པའི་བློ་ཕམ་བྱུང་།།
ལྟོག་ཀྱང་རྐུས་མ་མི་རྐུ་བས།།
དམ་བཅའ་སེམས་སུ་བཟུང་ནས་ཡོད།།
ཡངས་པའི་ས་གཞི་ཆེན་མོ་ལ།།
སྲོག་ཆགས་གྲངས་ལས་འདས་པ་གནས།།
ངེད་གཉིས་རྐུས་པའི་དཔང་རྟགས་སོགས།།
སྟོན་དགོས་མ་གཏོགས་འདི་ག་ཙམ།།
བཞག་ཐབས་གཏན་ནས་མེད་པ་ཡིན།།
རྐུས་པའི་དཔང་རྟགས་ཡོད་པ་ན།།
སྲོག་དམར་བཅད་ཀྱང་བློ་འགྱོད་མེད།།
སྒོམ་ཆེན་ཉིད་ཀྱི་མཆོད་རྫས་ལ།།
ཟ་རྒྱུ་མ་དགོས་དྲི་ཙམ་ཡང་།།
སྣོམ་བསམ་ཡིད་ལ་འཁོར་མྱོང་མེད།།
ནམ་མཁའ་གཡའ་དག་ས་གཞི་ཉིད།
རྡུལ་དག་མ་གྱུར་བར་དུ་ལ།།
ཁྲིམས་ལུགས་གང་དུ་གཏུགས་དགོས་ན།།
གསལ་པོ་མ་བཟོས་བཞག་ཐབས་མེད།།
ཅེས་བཤད་པ་དང་། འཇོལ་མོ་ཡེ་ཤེས་ཀྱང་ཁྲོ་བའི་རྣམ་པར་ཐོག་ནས་གཤོག་སྒྲོ་དཀྲུག་ཙམ་ཐེངས་འགའ་ཤས་ཤིག་བྱས་ནས་“སྒོམ་ཆེན་ཁྱོད་ཀྱི་དེང་གཉིས་སྲོག་ལས་སྐྱོབ་པ་བཀའ་དྲིན་ཆེན་པོ་ཡིན་ནའང་རྐུན་ཁག་བཙུགས་པ་དེ་ངེད་གཉིས་ཁ་རྩུབ་ནས་བསྡད་ཐབས་གཏན་ནས་མེད་ཅིང་། ངེད་གཉིས་ཀྱི་ཚོགས་རྩམ་དང་ཚོགས་མར་རྐུས་པའི་དཔང་རྟགས་གང་ཞིག་སྟོན་རྒྱུ་ཡོད་དམ། དཔང་རྟགས་གང་ཡང་སྟོན་རྒྱུ་མེད་པས་རྐུས་པ་རེད་ཟེར་ན་ཁྱོད་ཀྱི་ངེད་གཉིས་དུད་འགྲོ་རེད་གང་ཡང་བྱེད་ཐུབ་ཀྱི་མ་རེད་སྙམ་པ་རེད། དེ་འདྲ་ཞིག་བསམ་བློ་བཏང་བ་ཡིན་ན་དེ་ནི་ནོར་བ་རེད། སྐད་ཆ་བཤད་ཤེས་མིན་ཙམ་ལས་ཁྱད་པར་གཏན་ནས་མེད། ངེད་གཉིས་དུད་འགྲོའི་ལུས་གཟུགས་ཡིན་ན་ཡང་སེམས་དང་བསམ་བློ་མི་དང་གཅིག་པ་ཡིན་ཚུལ་”སོགས་རྒྱུན་རིང་བཤད་ནས་འདི་ལྟར་ཟེར།།
མགོན་མེད་སྐྱབས་མེད་ཉམ་ཐག་ལ།།
ཡེ་ཤེས་སྤྱན་གྱིས་གཟིགས་པར་མཛོད།།
གང་སྐྱིད་གང་དགའ་ཕུར་བཞིན་གནས།།
མ་ཕྱིན་བསམ་པའི་ཡུལ་གཅིག་མེད།།
འོན་ཀྱང་སྡིག་ཅན་ཁྲ་རྒན་གྱིས།།
དེད་ཅིང་ཟིན་གྲབས་མཚམས་སླེབས་སྐབས།།
དྲིན་ཆེན་བླ་མས་སྐྱབས་གནང་མཛད།།
བཀའ་དྲིན་དེ་ཉིད་བརྗེད་མི་སྲིད།།
མཆོད་རྫས་མཆོད་གཏོར་རྐུས་སོང་གསུངས།།
ངན་ཁག་བྱ་སྤྲེལ་གཉིས་ལ་འགེལ།།
ལྟོག་ནས་འཆི་ཉེ་འགྱུར་ན་ཡང་།།
མ་རབས་རྐུ་རྫུན་བྱེད་མི་སྲིད།།
དེ་བཞིན་བླ་མའི་མཆོད་རྫས་ནི།།
ཟ་སེམས་སེམས་ལ་འཁོར་སྲིད་དམ།།
སྒོམ་ཆེན་བླ་མས་སྐྱོན་འཛུགས་དེ།།
བྱ་སྤྲེལ་གཉིས་ཙམ་མ་ཚད་པས།།
བྱ་སྤྲེལ་ཡོངས་ལ་མཐོང་ཆུང་ཡིན།།
དེ་གར་བཞག་ཐབས་གཏན་ནས་མེད།།
ཨེ་རེད་བློ་ལྡན་བྱ་རིགས་ཚོགས།།
གཟུ་བོར་གནས་པའི་དཔྱད་པ་མཛོད།།
ཅེས་ལབ་ནས་ཤིང་སྡོང་གི་རྩེ་མོར་འབབ། རིམ་གྱིས་བྱ་སྤྲེལ་དུ་མ་ཞིག་སྤུངས་ནས་ལབ་གླེང་དུ་མ་ཞིག་བྱེད་བཞིན་པའི་སྐབས་དེར་ཁུ་བྱུག་སླེབས་ནས་ཐང་ཤིང་སྟེང་ལ་འབབ་ནས་“ཁྱོད་ཚོ་ཅི་ཞིག་དོན་དུ་རྩོད་ཀྱི་ཡོད་དམ་”ཟེར། སྒོམ་ཆེན་གྱིས་བྱུང་རབས་ཆ་ཚང་བཤད་པས། ཁུ་བྱུག་གིས་གཤོག་སྒྲོ་དེ་བརྒྱངས་ཙམ་ཞིག་བྱས་པ་དང་། ཕ་བོང་ཆེན་པོ་ཞིག་གི་སྟེང་ལ་འབབ་ནས་གནམ་ཆུ་དེ་འཐུང་ཙམ་ཞིག་བྱས། དེ་དག་ཚར་རྗེས་མཆུ་གཏོ་ཤིང་ལོ་ཕྱེ་ཙམ་བྱས་ནས་བསམ་གཞིག་བྱེད་དགོས་པའི་བསམ་ཚུལ་འདི་ལྟར་ཞིག་དྲངས་སོ།
གཉིས་སྐྱེས་ཚོགས་ཀྱི་ལྷ་རྣམས་ལ།།
ཐུགས་དགོངས་མ་ཆུང་གཟིགས་པ་མཛོད།།
མི་ལ་ལམ་སྟོན་བྱེད་པ་ལ།།
ཤེས་རབ་གང་ཡང་མེད་ན་ཡང་།།
ཉམས་མྱོང་ཚིག་གསུམ་ལབ་ན་བསམ།།
མཆོད་རྫས་བྱ་སྤྲེལ་རྐུས་པ་དེ།།
མིག་གི་མཐོང་ངམ་གཞན་ཟེར་དྲངས།།
ཡང་ན་སོ་སོའི་བསམ་ཚུལ་ཡིན།།
རྐུས་པ་དངོས་སུ་མ་མཐོང་ན།།
འོལ་ཚོད་རྐུས་ཁག་བཙུགས་མི་ཉེས།།
དང་ཐོག་རྐུ་ཁག་མ་བཙུགས་གོང་།།
བརྟག་དཔྱད་ཚུལ་མཐུན་བྱེད་དགོས་སོ།།
དཔང་རྟགས་བརྟན་པོ་རྙེད་གྱུར་ན།།
གཞི་ནས་རྐུས་སོང་ལབ་ན་འགྲིགས།།
འོལ་ཚོད་ལབ་ན་ཕན་ཐོགས་མེད།།
རང་ཉིད་ཁྲིམས་ཆད་འཕོག་ཉེས་ཡོད།།
གཞན་ཟེར་གཡང་མཆོང་བྱེད་མི་ཉེས།།
བརྟག་དཔྱད་ལེགས་པོ་བྱས་ན་བསམ།།
ཆུང་ཆུང་ཆེན་པོ་བཟོ་མི་ཉེས།།
དེ་ནི་ང་ཡི་བསམ་ཚུལ་ཡིན།།
གང་དགོས་རིམ་གྱིས་སྒོམ་ཆེན་མཛོད།།
ཅེས་“ངའི་བསམ་ཚུལ་དེ་ཙམ་ཡིན་ཞིང་གང་དགོས་ཁྱོད་ཚོས་དཔྱད་པར་མཛོད་”ཟེར་ནས་མཁའ་དབྱིངས་ལ་འཕུར་ནས་སོང་ངོ་། ཡང་ནེ་ཙོ་སླེབས་ནས་“ཁྱོད་ཚོ་ཅི་ཕྱིར་ཁ་རྩོད་རྒྱབ་ཀྱི་ཡོད་ས་དམ་”ཟེར་བས། སྒོམ་ཆེན་སྔར་རྒྱུན་ཇི་བཞིན་བཤད་པས། ནེ་ཙོས་མགོ་བོ་དཀྲུག་ཙམ་ཐེངས་འགའ་བྱས། “སྒོམ་ཆེན་ཁྱེད་ཀྱིས་ཁོ་གཉིས་ཀྱི་རྐུས་པ་མཐོང་བྱུང་ངམ། མཐོང་མ་བྱུང་ན་ཁོ་གཉིས་ཡིན་པ་གང་འདྲ་ཤེས་ཀྱི་ཡོད་དམ། རྐུན་ཁག་མ་བཙུགས་གོང་ལ་དང་ཐོག་རྟགས་དཔྱད་ཡག་པོ་ཞིག་གནང་ནས་དེ་ནས་ཁུངས་རྟགས་ཡོད་པའི་ཐོག་ནས་ཁོ་གཉིས་ཀྱི་རྐུས་པ་རེད་ཅེས་བཤད་ན་ཡག་པོ་ཡོད་རེད་”ཅེས་ལབ་པ་དང་། སྒོམ་ཆེན་གྱིས་“ང་མི་ལོ་དེ་ཙམ་ཞིག་སྒོམ་ཁང་འདི་ནང་མཚམས་སྒྲུབ་བྱས་ནས་བསྡད་པ་ཡིན་པས། ངའི་སྒྲུབ་ཁང་ལ་བྱ་སྤྲེལ་ཁོང་གཉིས་ལས་གཞན་བྱ་རིགས་སུ་ཞིག་དེ་སྔོན་འཛུལ་མྱོང་མེད་”ཅེས་ལབ་པ་དང་། ནེ་ཙོས་“ང་ཡི་བསམ་ཚུལ་ཐུང་ཙམ་ཞིག་བརྗོད་འདོད་བྱུང་”ཞེས་བསམ་ཚུལ་འདི་ལྟར་ཟེར།།
འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་རྣམས།།
བདེ་བའི་གནས་སུ་འགོད་པར་ཤོག།།
དོན་ཆུང་དོན་ཆེན་བཟོ་མི་ཉེས།།
མི་ངན་ལུང་པའི་སྟོད་སྨད་དཀྲུག།།
ཟས་ངན་ཁོག་པ་སྟོད་སྨད་དཀྲུགས།།
ནམ་ཡང་ལས་དོན་བྱེད་མི་ཉེས།།
བསམ་བློ་གཞི་རྒྱ་ཆེ་ས་གཏང་།།
ལས་དོན་གང་ཞིག་གནང་ན་ཡང་།།
ཕུག་ལ་ཕན་པ་བྱེད་དགོས་སོ།།
གཉིས་མོས་གྲོས་གཅིག་བྱས་ན་བསམ།།
ཟ་རྒྱུ་འཐུང་རྒྱུ་ཡོད་ན་དགའ།།
ལབ་རྒྱུ་གླེང་རྒྱུ་མེད་ན་དགའ།།
བློ་སེམས་གཅིག་ཏུ་མཐུན་པ་ན།།
མི་ཐུབ་བྱ་བ་གང་ཡང་མེད།།
རྟགས་དཔྱད་ལེགས་པོ་རིམ་བྱེད་ནས།།
ཐག་གཅོད་བྱས་ན་ལེགས་པར་སེམས།།
ཚ་གེ་ཚིག་གེ་བྱེད་མི་ཉེས།།
ཕན་ཐོགས་ཅི་ཡང་མེད་པ་ཡིན།།
དཀའ་རྙོག་སེལ་ཐབས་བྱེད་དགོས་སོ།།
ཐག་ཆོད་མེད་པའི་འདི་མུ་ཐོག །
བཞག་ན་རང་གཞན་མི་བདེ་བ།།
རྒྱུ་ལས་ཕན་ཐོགས་གཅིག་ཀྱང་མེད།།
དམ་ཚིག་གཙང་མ་མེད་པ་ན།།
ལུང་པ་སྐྱིད་པོ་ཡོང་རབས་མེད།།
དེ་བརྟེན་ཐག་ཆོད་བྱེད་དགོས་སོ།།
ཞེས་ལབ་ནས་ལྕང་མའི་སེང་ལ་འཕུར་ནས་ཕྱིན། དེ་ནས་སྒོམ་ཆེན་བསྟན་འཛིན་སྐལ་ལྡན་གྱིས་ཁུ་བྱུག་དང་ནེ་ཙོ་གཉིས་ཀྱི་ལབ་རྒྱུ་དེར་བདེན་པ་འདུག་པས་དང་ཐོག་ཁོ་གཉིས་ཡིན་མིན་རྟགས་དཔྱད་བྱེད་དགོས་དགོངས་ནས། བྱ་སྤྲེལ་གཉིས་ཀྱི་མ་མཐོང་སར་ལྕགས་སྐུད་ཕྲ་མོའི་རྙི་ཞིག་བཙུགས་ནས་བཞག །སྒོམ་ཆེན་ཆུ་ལེན་ལ་ཕེབས་ཁུལ་བྱས་ནས་རི་གདོང་གི་ཕ་བོང་ཆེན་པོ་འོག་ལ་ཡིབ་ནས་བསྡད། ཡུན་ཙམ་སོང་རྗེས་སྤྲེའུས་“མགྱོགས་པ་ཤོག་དང་སྒོམ་ཆེན་ཆུ་ལེན་ལ་ཕྱིན་སོང་བས། མགྱོགས་པ་སླེབས་ཐུབ་ཀྱི་མ་རེད་”ཅེས་འཇོལ་མོ་ལབ། བྱ་སྤྲེལ་གཉིས་སྒྲུབ་ཁང་ནང་འཛུལ་ནས་མཆོད་རྩམ་ཟ་གྲབས་ཀྱི་རས་ཁུག་ནང་མགོ་མར་བཅུགས་སྐབས་གཉིས་ཀ་རྙིས་ཟིན་ནས་སྐད་ངན་ཤོར། བྱ་སྤྲེལ་ཚོགས་ཀྱི་གོ་ནས་འདུལ་རྒྱུགས་ཀྱི་འཕུར་ནས་སྒྲུབ་ཕུག་གི་གཡས་གཡན་ཤིང་སྡོང་གི་ཡ་གའི་སྟེང་ལ་འབབ་ནས་སྐོར། བྱ་སྤྲེལ་གཉིས་མཆོད་རྩམ་ནང་མགོ་བརྒྱུས་པའི་དབང་གིས་མགོ་དཀར་པོ་ཆགས་ཤིང་། རྙིས་ཟིན་ནས་བྲོས་དགོས་དྲན་ནའང་བྲོས་ས་མ་རྙེད། སྐད་ངན་ཤོར་བཞིན་བློ་འགྱོད་དང་བཅས་ཏེ་ངོ་ཚ་ཁ་སྐྱེངས་ལ་ལྷག །སྒོམ་ཆེན་བསྟན་འཛིན་སྐལ་ལྡན་སྐད་ངན་གོ་བ་དང་སྒྲུབ་ཁང་གི་ཕྱོགས་སུ་རྒྱུགས་ནས་ཡོང་རྗེས་བྱ་ཚོགས་རྣམས་རུབ་ནས་བསྡད་པ་མཐོང་། བྱ་སྤྲེལ་གཉིས་རྙི་ལ་ཟིན་པ་མཐོང་རྗེས་དཀར་ནག་དབྱེ་འབྱེད་བྱུང་སོང་སྙམ་ནས་ཐུགས་བདེ་བར་འཁོད་དེ་སྒོམ་ཆེན་བསྟན་འཛིན་སྐལ་ལྡན་གྱིས་སྨྲ་ར་དེ་བྱུག་ཙམ་ཞིག་བྱས། དབྱུག་པ་དེ་འཕྱར་ཙམ་ཞིག་བྱས་ནས་བདེན་པའི་རང་སྒྲ་འདི་འདྲ་ཞིག་གསུངས་སོ།
བླ་མ་ཚོགས་དང་དགེ་འདུན་དང་།།
མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས།།
རྐྱེན་ངན་བར་ཆད་ཞི་བ་དང་།།
ཆོས་ཐུན་དགེ་སྦྱོར་འཕེལ་བར་ཤོག།།
རི་ཁྲོད་འགྲིམས་པར་བྱིན་གྱིས་རློབས།།
རྒྱུས་མེད་བྲག་དམར་མཁའ་རྫོང་ལ།།
སྒོམ་སྒྲུབ་གནས་ལ་བརྩོན་པའི་དུས།།
རྒྱུས་མེད་དུད་འགྲོ་སྲོག་ལས་སྐྱབས།།
འོན་ཀྱང་བཀའ་དྲིན་དྲན་གསོ་མེད།།
གཏོར་རྩམ་བཟས་ཤིང་ས་ལ་སྟོར།།
མ་རྐུས་མ་བྱས་ཁྲམ་གཏམ་བཤད།།
བྱ་སྤྲེལ་མཐོང་ཆུང་བྱས་སོང་ཟེར།།
བདེན་པ་དག་སེལ་བྱེད་དགོས་ཟེར།།
བྱ་སྤྲེལ་མཚན་སྨད་བྱས་སོང་ཟེར།།
བདེན་མེད་སྐད་ཅོར་ལུང་པར་སྒྲོགས།།
རྐུ་མ་ཧམ་ཆེན་མི་བསད་ཅེས།།
གཏམ་དཔེ་དོན་དང་མཐུན་པ་ལ།།
རྐུས་མིན་གསལ་པོ་ཤེས་པ་གྱུར།།
ངོ་ཚ་མེད་པའི་བྱ་སྤྲེལ་གཉིས།།
ཇ་ལེན་ཆུ་འཇལ་བྱེད་མི་གཉིས།།
སྤྲང་པོ་གཏོར་རྩམ་རྐུན་པ་དེ།།
སྤྲང་པོ་ཕན་གནོད་མེད་ན་ཡང་།།
འདི་མུས་བཞག་ནས་མི་འགྲིགས་དྲན།།
མ་འོངས་ཕན་ཐོགས་ཡོང་ཆེད་དུ།།
ཐེར་འདོན་དེ་དག་བྱས་པ་ཡིན།།
འདི་ཚོགས་ཐུགས་ལ་དེ་ལྟར་ཞོགས།
ཞེས་གསུངས། བྱ་སྤྲེལ་གཉིས་ཀྱིས་རྐུན་པ་ཡིན་པ་ཤེས་རྗེས་བྱ་སྤྲེལ་ཚོགས་རྣམས་ཧོན་ཐོར། བྱ་སྤྲེལ་འགའ་ཤས་ཀྱིས་སྒོམ་ཆེན་གྱི་བྱ་སྤྲེལ་ལ་མ་ཉེས་ཁ་གཡོག་བྱས་པ་རེད་དྲན་སོང་ཡང་དེ་རེད་མི་འདུག་ཅིང་། སྒོམ་ཆེན་ལགས་དགོངས་དག་ཞུ་རྒྱུ་ཡིན། དངོས་ནས་ཁོ་གཉིས་ཀྱི་རྐུས་ནས་ད་དུང་ངོས་ལེན་མེད་པར་ཧམ་པ་རི་ཙམ་བཤད་པ་དེ་མ་འོས་པ་རེད། ཕྱེས་འབྱུང་མ་རབས་འདི་རིགས་མི་འབྱུང་བའི་སྔོན་འགོག་ཆེད་དུ་ཉེས་པ་འགེལ་དགོས་རེད་ཟེར། ཡང་འགའ་ཤས་ཀྱིས་བྱ་སྤྲེལ་གཉིས་ཞེད་ནས་འུ་ཐུག་གིས་རྫུན་གཏམ་བཤད་དགོས་བྱུང་བ་ཡིན་གྱི་རེད་ཟེར། བཤད་ཚུལ་སྣ་ཚོགས་ཤིག་མཆིས་ཀྱང་སྒོམ་ཆེན་གྱིས་དགོངས་པར་སྤྲེའུ་དང་འཇོལ་མོ་གཉིས་ལ་ཉེས་པ་ཞིག་མ་གཏོང་ན་ཆུ་ངན་ལང་ཤོར་ཞེས་པའི་དཔེ་ལྟར་གྱུར་ངེས། ལྷག་དོན་ཕྱི་རབས་པ་རྣམས་ལ་མིག་ལྟོས་ངན་པ་གྱུར་ངེས་ན་ཉེས་པ་ཞིག་འགེལ་དགོས་བསམ་ནས་སྒོམ་ཆེན་བསྟན་འཛིན་སྐལ་ལྡན་སྒྲུབ་ཁང་ལ་ཕེབས་ནས་ཇེམ་ཙེ་ཞིག་བསྣམས་ནས་བྱ་སྤྲེལ་གཉིས་ཀྱི་མཇུག་མ་རྩེ་ནས་གཏུབས་པ་བྱ་སྤྲེལ་ཚོགས་ཀྱི་མཐོང་སྟེ་ཧོན་ཐོར།
དེ་ནས་བཟུང་སྟེ་སྒོམ་ཆེན་ཉེས་པ་བཏང་བ་རྐྱེན་གྱིས་འཇོལ་མོའི་མཇུག་སྒྲོ་མདའ་སྟོང་ཁ་ནང་བཞིན་གྱུར། སྤྲེའུ་ཡང་སྤུ་བཅད་པར་བརྟེན་གཟུགས་པོ་སྤུ་ཐུང་ངུ་ལས་མི་སྐྱེས་པ་གྱུར། བྱ་སྤྲེལ་འགའ་ཤས་ཀྱིས་སྒོམ་ཆེན་གྱི་ཐད་གྲགས་སོང་ཟེར། ཡང་འགའ་ཤས་ཀྱིས་དྲིན་ལན་ལོག་འཇལ་བྱེད་མཁན་ལ་ཡོང་རྒྱུ་དེ་ལས་མེད་པས་འགྲིགས་པ་རེད། མ་འོངས་པ་འདི་འདྲ་བྱེད་མཁན་ཉུང་དུ་འགྲོ་གིན་རེད་ཟེར། དེ་ནས་བྱ་ཚོགས་རྣམས་ཀྱང་ཤིང་སྡོང་སྟེང་ལ་འབབ་ནས་སྒོམ་ཆེན་ལ་བཟོད་གསོལ་འདི་ལྟར་ཞིག་ཞུས་སོ།།
ཡིད་འོང་བཀོད་ལེགས་ལྡན་པའི་གནས།།
གཡས་རི་སྟག་མོའི་རི་ལུང་གང་།།
གཅན་གཟན་ཚོགས་རྣམས་བདེ་ཞིང་འཁོད།།
གཡོན་རི་ཤུག་པའི་རི་ལུང་གང་།།
སྤྲ་དང་སྤྲེའུ་རྩེད་མཆོང་བྱེད།།
མདའ་ལ་མཚོ་དང་མཚེའུ་འཁྱིལ།།
གསེར་ཉ་ཆུ་ནང་རྒྱུག་མཆོང་བྱེད།
རྩ་དང་རྩི་ཤིང་ལོ་འདབ་རྒྱས།།
རྩ་གཟན་དུད་འགྲོ་ཤ་ཤད་རྒྱས།།
ལྷ་ཡུལ་ལྟ་བུ་གྲོང་ཁྱེར་འདི།།
མཐོང་བ་ཙམ་གྱིས་བདེ་བ་སྦྱིན།།
མདུན་རི་བྲག་དཀར་ཕུག་པའི་གནས།།
རྣལ་འབྱོར་ཆོས་དབྱངས་ལྷང་ལྷང་སྒྲོགས།།
ཀུན་རྣམས་ཞི་བདེའི་འཁོད་པ་མཛད།།
དེ་འདྲ་ཕུན་སུམ་ཚོགས་པའི་གནས།།
རྣལ་འབྱོར་སྒོམ་སྒྲུབ་མཛད་ཅིང་བཞུགས།།
ཉམ་ཐག་བྱ་སྤྲེལ་ཚེ་སྲོག་སྐྱོབ།།
འོན་ཀྱང་ལས་ཉོན་སྒྲིབ་པས་དབང་།།
རྣལ་འབྱོར་མཆོད་རྫས་རྐུས་ཤིང་སྟོར།།
ད་དུང་མ་བྱས་ཧམ་པ་བཤད།།
བྱ་སྤྲེལ་ཚོགས་རྣམས་ཐེ་ཚོམ་བཟོས།།
བདེན་ལུང་གཉིས་ལ་ཕུ་ཐག་ཡོད།།
རྫུན་ཁྲམ་གཉིས་ལ་ཕུ་ཐག་མེད།།
བཤད་སྲོལ་བདེན་པ་དོན་དང་མཐུན།།
དེ་རིང་བདེན་རྫུན་དབྱེ་བ་ཕྱེས།།
བྱ་སྤྲེལ་ཚོགས་རྣམས་བློ་དོགས་ཆོད།།
ཐུགས་རྗེ་མ་ཆུང་བཟོད་པ་གསོལ།།
མ་རིག་རྨོངས་པའི་སྒྲིབ་པ་ལ།།
དགོངས་པ་མ་ཚོམས་ཐུགས་རྗེ་གཟིགས།།
ད་ནས་བཟུང་སྟེ་རྣལ་འབྱོར་པས།།
གང་གསུང་རྡོ་ལ་རི་མོ་ལྟར།།
སེམས་སུ་བཟུང་ཞིང་ཉམས་ལེན་བྱེད།།
འཁོར་བ་མ་སྟོང་བར་དུ་ལ།།
ཐུགས་རྗེ་མ་ཆུང་རྗེས་བཟུང་མཛོད།།
མ་ཤེས་རྨོངས་པའི་དབང་དུ་ཤོར།།
ཐོ་ལོ་བཤགས་སོ་རྣལ་འབྱོར་པ།།
ཞེས་བྱ་སྤྲེལ་ཚོགས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་སྒྲོགས། སྒོམ་ཆེན་སྐལ་ལྡན་གྱིས་སེམས་ལ་ཕྲན་བུ་བདེ་བའི་སྣང་བ་ཞིག་སྐྱེས་ནས་མཚམས་ཁང་གི་སྒོ་འགྲམ་གྱི་རྡོ་ལེབ་སྟེང་དུ་བསྡད་ནས་བྱ་སྤྲེལ་ཚོགས་ལ་ལས་འབྲས་སྐོར་གྱི་ཆོས་མང་དུ་གསུང་ཞིང་། མཐར་བྱ་སྤྲེལ་ཚོགས་ལ་གསུང་མགུར་འདི་འདྲ་ཞིག་གསུངས་སོ།
མ་རིག་རྨོངས་གཉིད་སེལ་མི་ལ།།
འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
བྱམས་དང་སྙིང་རྗེ་ཐུགས་རྗེ་ཅན།།
སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
མ་གོ་མེད་པའི་ཚུར་གསོན་དང་།།
བྱ་སྤྲེལ་སྤུན་གྲོགས་འགའ་ཤས་ཀྱིས།།
བརྟག་དཔྱད་ཞིབ་འཇུག་མེད་པ་ཡིས།།
སྒོམ་ཆེན་བྱེད་སྟངས་ནོར་འདུག་ཟེར།།
དང་ཐོག་བརྒྱུད་རིམ་ཤེས་པའི་ཐོག།།
དེ་ནས་སྒོམ་ཆེན་ནོར་བརྗོད་ན།།
དེ་ལུགས་མཐུན་པའི་གནས་སྟངས་རེད།།
དེ་འདྲ་མེད་པའི་འོལ་ཚོད་ཀྱིས།།
སྒོམ་ཆེན་ནོར་འདུག་ཟེར་བ་ན།།
དྲང་པོའི་གཏམ་ཞིག་ག་ལ་ཡིན།།
སྐྱེས་ནས་ད་ལྟ་བར་དུ་ལ།།
གཞན་ཕན་བསམ་པ་མ་གཏོགས་པས།།
གནོད་པ་བྱེད་བསམ་སེམས་ལ་མེད།།
དང་ཐོག་གནས་ཚུལ་ཡོང་སྟངས་ནི།།
བདག་མེད་སྐབས་སུ་བྱ་སྤྲེལ་གཉིས།།
ནང་ལ་འཛུལ་ནས་མཆོད་རྩམ་ཟས།།
ཟ་བ་མ་ཚད་ས་ལ་གཏོར།།
བྱ་སྤྲེལ་རེད་ཅེས་བརྗོད་པས་སྐབས།།
མིན་ཞེས་ཧམ་བཤད་ལུང་པ་བརྒྱངས།།
མཐའ་མ་ཁུ་བྱུག་ལམ་སྟོན་ལྟར།།
སྒྲུབ་ཁང་ནང་ལ་རྙི་བཙུགས་བཞག །
བྱ་སྤྲེལ་གཉིས་ཀ་རྙི་ལ་འཐེབ།།
བྱ་སྤྲེལ་ཚོགས་ཀྱི་བློ་དོགས་གྲོལ།།
ཁོ་གཉིས་ཡིན་པ་ར་སྤྲོད་རྙེད།།
སྤྲེའུ་ལྟ་བུ་མཚོན་པ་ན།།
རྔོན་པས་དེད་ཅིང་ཤི་ལ་ཁད།།
སྐྱབས་རོགས་ཟེར་ཞིང་ཞུ་བ་འཐེན།།
ཨ་ཁ་བསམ་བཞིན་རྔོས་པའི་མདུན།།
ཐལ་མོ་སྦྱར་བཞིན་ཞུ་བ་འཐེན།།
མ་བསད་གནས་ལ་སྐྱོབས་ཐུབ་བྱུང་།།
འཇོལ་མོ་ཡིན་ཡང་དེ་བཞིན་དུ།།
སྡིག་ཅན་བྱ་ཁྲས་དེད་ཅིང་འོང་།།
ག་བྲོས་བྱ་ཁྲས་རྗེས་དེད་བཏང་།།
ག་བྲོས་མ་ཤེས་བྲག་ཕུག་འཛུལ།།
འཇིགས་སྐྲག་དབུགས་རྒྱུན་ཆད་ཉེ་སྐབས།།
སྙིང་རྗེ་བསམ་བཞིན་ཁྲ་ལ་སྡིག།
ཁྲ་རྒན་ཞེད་ཅིང་བྲོས་ནས་སོང་།།
བྱ་སྒྲོ་བྲག་ལ་བརྡབ་པའི་དབང་།།
རྐང་པ་ཆགས་ཞིང་བཙུགས་མི་ཐུབ།།
སྙིང་རྗེ་བསམ་བཞིན་བརྩེ་བས་བསྐྱངས།།
དྲིན་བཟོ་མེད་པའི་ལོག་པ་འཇལ།།
གཏོར་རྩམ་གཏོར་མར་རྐུས་ཤིང་སྟོར།།
སྤྲང་རྒན་སྒོམ་ཆེན་བརྙས་བཅོས་བྱས།།
བཟོད་པ་རིམ་གྱིས་བསྒོམས་བྱས་ཀྱང་།།
རྒྱུན་ཆད་མེད་པ་གནོད་འཚེ་བྱེད།།
མ་བྱེད་ལན་མང་ནན་བརྗོད་ཀྱང་།།
བྱ་སྤྲེལ་ཁ་མཐུན་ཧམ་པ་བཤད།།
མཐའ་མ་བྱ་ཐབས་ཡོངས་ཟད་ནས།།
རྙི་བཙུགས་འདི་ཉིད་བཞག་དགོས་བྱུང་།།
མ་རབས་ལས་ལ་འཇུག་མཁན་རྣམས།།
སྐབས་གཅིག་བདེན་ཁ་ཐུབ་ན་ཡང་།།
ཕུགས་མི་བརྟན་པ་ཀུན་གྱིས་གླེང་།།
མ་རབས་ལས་ལ་འཇུག་མཁན་ལ།།
བཟོ་ལྟ་ཕྲན་བུ་མ་བཟོས་ན།།
མ་རབས་རྒྱུན་འབྱམས་གནས་ངེས་པས།།
ད་རེས་འདི་ཉིད་བྱེད་དགོས་བྱུང་།།
བསམ་ནས་ཉེས་པ་འདི་ཉིད་བཏང་།།
གཟུར་གནས་བྱ་སྤྲེལ་ཚོགས་རྣམས་ལ།།
དེ་ལུགས་ཐུགས་ལ་འཇོག་གནང་མཛོད།
ཅེས་ལབ་པ་དང་བྱ་སྤྲེལ་ཚོགས་ཀྱི་གོ་བའི་བརྡ་སྟོན་བཞིན་མཆིས་ལ། འདི་ཚོགས་བྱ་སྤྲེལ་ཚོགས་ཀྱིས་སྒོམ་ཆེན་ལ་ཐུགས་ཁག་མི་འདུག་སྙམ་ནས་སྐབས་གཅིག་གི་རིང་ལ་འཇམ་ཐེང་ངེར་གྱུར། དེ་ནས་བཟུང་སྟེ་བྱ་ཚོགས་རྣམས་ལས་དོན་གང་ཞིག་གནང་ནའང་ཡ་རབས་བཟང་སྤྱོད་མཐུན་པ་བྱེད་པ་ལས་མ་རབས་ཀྱི་ལས་ལ་འཇུག་མཁན་མེད་པ་གྱུར། དེ་ནས་སྤྲེའུ་བློ་འགྱོད་ཀྱིས་ངོ་ཚ་དང་བཅས་ཀྱི་འདི་ལྟར་གསུངས་སོ།
འདི་ཚོགས་འདུས་པའི་བྱ་སྤྲེལ་ཚོགས།།
མ་གཡེང་སྤྲེའུས་གཏམ་ལ་ཉོན།།
དྲིན་ཅན་མི་ལ་དྲིན་ལོག་བྱས།།
འགྱོད་ཅིང་བློ་ཕམ་ཚད་མེད་བྱུང་།།
སྐྱེས་ནས་ད་ལྟ་བར་དུ་ལ།།
རང་དོན་མ་གཏོགས་བསམ་མྱོང་མེད།།
རང་དོན་སྒྲུབ་ན་གཞན་དག།
དཀའ་སྡུག་ཅིང་ཕྲད་བསམ་མྱོང་མེད།།
ཚེ་སྒང་གཞན་གྱི་དངོས་པོ་རྐུས།།
རང་ཉིད་ཁེ་ཕན་ཁོ་ན་བརྩོན།།
ལས་ངན་མ་བྱས་གཅིག་ཀྱང་མེད།།
སྡིག་ཅན་རྔོས་པས་མེ་མདས་བསྣུས།།
ཁྲག་དམར་ཟགས་བཞིན་རིམ་གྱིས་བྲོས།།
མཐའ་མ་སྒོམ་ཆེན་སྒྲུབ་ཁང་སླེབས།།
རྔོས་པའི་མེ་མདའ་བསྣུས་གྲབས་སྐབས།།
སྒོམ་ཆེན་ཐལ་མོ་སྙིང་ཁར་སྦྱར།།
ལོ་གསུམ་བྱིས་པ་ལྟ་བུ་ཤུམས།།
རྔོས་པས་མ་བསད་བཞག་ནས་ཕྱིན།།
བཀའ་དྲིན་ཅན་གྱིས་སྒོམ་ཆེན་གྱིས།།
གདན་ཐོག་བཞག་ཅིང་རྨ་དཀྲིས་བརྒྱབ།།
བཀའ་དྲིན་ཆེ་བའི་བྱམས་སྐྱོང་གནང་།།
གསོན་པོ་ཁམས་འདི་གནས་ཐུབ་བྱུང་།།
འོན་ཀྱང་ལས་ཉོན་ཡོངས་སྒྲིབ་ནས།།
བཀའ་དྲིན་མ་ཚོར་དྲིན་ལོག་བྱས།།
མཆོད་གཏོར་མཆོད་རྩམ་རྐུ་མ་རྐུས།།
རྐུ་བ་མ་ཚད་ས་ལ་སྟོར།།
སྒོམ་ཆེན་དེ་འདྲ་མ་བྱེད་བཀའ་གནང་ཡང་།།
མ་ཉན་ཧམ་བཤད་ཁོ་ན་བྱས།།
མ་རབས་ལས་ངན་རིམ་གྱིས་བརྩམས།།
ད་ནི་འགྱོད་པ་སྙིང་ནས་སྐྱེས།།
ཨ་རེ་ལས་ངན་དུད་འགྲོ་ང་།།
བཀའ་དྲིན་ཅན་ལ་ལོག་མཇལ་བྱས།།
དེ་རིང་དངོས་སུ་ཤེས་པའི་དུས།།
བློ་འགྱོད་ངོ་ཚ་ཚད་མེད་སྐྱེས།།
དགོངས་པ་མ་ཚོམས་དྲིན་ཅན་རྗེ།།
ཐུགས་རྗེ་མ་ཆུང་བརྩེ་བས་གཟིགས།།
ད་ནས་བཟུང་སྟེ་འདི་དག་རིགས།།
མི་བྱེད་བྱ་སྤྲེལ་འདུས་པའི་སར།།
འགྱུར་མེད་དམ་བཅའ་བཞག་རྒྱུ་ཡིན།།
ཞེས་སྤྲེའུས་མིག་ཆུ་ཁྲོམ་ཁྲོམ་ཟགས་བཞིན་ཐེ་བོང་ཀེར་བཞིན་ཞུ་བ་འཐེན། སྔ་འགྱོད་ཕྱི་སྡོམ་བྱེད་རྒྱུ་དམ་བཅའ་དང་། དེ་ནས་བཟུང་སྟེ་སྐྱེ་འགྲོ་གནོད་པའི་ལས་ནམ་ཡང་མི་བྱེད་ཅིང་། བཀའ་དྲིན་ཅན་གྱི་བླ་མ་ཁྱེད་ཀྱི་གང་གསུང་ཉམས་ལེན་བྱ་རྒྱུ་ཡིན་ཚུལ་སོགས་འགྱོད་བཤགས་ཕུལ། དེ་བཞིན་འཇོལ་མོས་ཀྱང་ངོ་ཚ་དང་འབྲེལ་འགྱོད་བཤགས་ཤིག་མ་ཕུལ་ཁ་རོགས་བསྡད་ན་ག་ལ་འགྲིགས་སྙམ་སྟེ་བྱ་ཚོགས་ཀྱི་མདུན་དུ་ཐོན་ནས་གཤོག་སྒྲོ་དེ་བརྒྱངས་ཙམ་ཐེངས་འགའ་བྱས་ཤིང་། སྒོམ་ཆེན་གྱི་མདུན་དུ་མགོ་བོ་སྒུར་ཙམ་ཐེངས་གསུམ་བྱས་ནས་འགྱོད་བཤགས་ཀྱིས་གླུ་ངག་གདུང་ཚངས་པའི་ངག་རྟ་ལ་དྲངས་ཏེ་འདི་ལྟར་ཞིག་བླངས་སོ།།
བྱ་སྤྲེལ་ཚོགས་པའི་མདུན་ས་ལ།།
དགོངས་དག་ཚིག་གསུམ་ཞུ་དགོས་བསམ།།
བཀའ་དྲིན་ཅན་གྱི་སྒོམ་ཆེན་པ།།
དགོངས་པ་མ་ཚོམས་བཟོད་པ་གསོལ།།
མ་རིག་ལས་ཉོན་སྒྲིབ་པའི་དབང་།།
བཀའ་དྲིན་ཅན་ལ་དྲིན་ལོག་བྱས།།
ད་ལྟ་དྲན་ཚེ་འགྱོད་གདུང་སྐྱེས།།
ད་ནས་བཟུང་སྟེ་བྱ་ངན་རིགས།
མི་བྱེད་བྱ་སྤྲེལ་ཚོགས་པའི་དབུས།།
དམ་བཅའ་འགྱུར་མེད་བཞག་རྒྱུ་ཡིན།།
ལས་ངན་ཅན་གྱི་བྱ་སྤྲེལ་གཉིས།།
ཐུགས་རྗེ་མ་ཆུང་བརྩེ་བའི་གཟིགས།།
ཞེས་ཟེར་ནས་མགོ་སྒུར་ནས་བཟོད་གསོལ་ཞུས། སྒོམ་ཆེན་བསྟན་འཛིན་སྐལ་ལྡན་ཡང་ཐུགས་དགོངས་དང་ནས་ཐུགས་དགྱེས་ཚོར་ཆེན་པོས་བྱ་སྤྲེལ་གཉིས་ལ་སྔར་རྒྱུན་བཞིན་ལྟ་རྟོགས་མཛད་ཅིང་། སྒོམ་སྒྲུབ་བརྩོན་བཞིན་བཞུགས། ལུང་པ་དེ་ཡོད་དུད་འགྲོ་ཚོགས་ཞི་བདེའི་བག་ཕེབས་ཀྱིས་རྩ་ཆུར་ཚོར་བ་རོལ་བཞིན་གནས། སྒོམ་ཆེན་བསྟན་འཛིན་སྐལ་ལྡན་མཇལ་མཁན་ཉིན་རེ་ཆད་མེད་འོང་གི་ཡོད་པས། ཁོ་ཚོའི་བློ་གྲོས་དང་མཐུན་པའི་ཆོས་འཆད་ཁྲིད་ཀྱིས་སྐྱེ་འགྲོ་ཀུན་ལ་ཕན་ཐོགས་རླབས་ཆེན་འབྱུང་གི་ཡོད་པས། ཀུན་གྱིས་རྩ་བའི་བླ་མ་ཞིག་ལ་ངོས་འཛིན་ཅིང་། ཁོང་གི་ལམ་སྟོན་གནང་བ་དེ་རྡོ་ལ་རི་མོ་བྲིས་པ་ནང་བཞིན་ཉམས་ལེན་བྱེད་ཀྱི་ཡོད་པ་རེད།
ཆབ་མདོ་ངག་ཕུན་གྱིས་ཟླ་ཚེས་ཉིན་མོར་བྲིས་སོ།