རྫོགས་ཆེན། དོན་གྲུབ་རྡོ་རྗེ།
དཀོན་མཆོག་མཁྱེན།
ཁ་སང་གི་སྡོད་ཁང་གྲུ་བཞི
གཞལ་ཡས་གཡང་གི་ཁང་ཆུང་དུ་སེམས་ཀྱང་
དེ་རིང་གི་རྡོ་དང་ཐལ་བ
མི་ཚེ་འདིའི་ཆེས་མཐའ་མཇུག་གི་གཤེད་མ་ཡིན་པར་སུ་ཡིས་ཤེས
ཁ་སང་གི་རིན་ཆེན་མི་ལུས
བདེ་བའི་ཞིང་གི་རྨི་ལམ་དུ་རེ་ཡང་
དེ་རིང་གི་རོ་ཡི་ཕུང་པོ
མི་ཚེ་འདིའི་ཆེས་མཐའ་མཇུག་གི་ལྷན་འཛོམས་ཡིན་པ་སུ་ཡིས་ཤེས
འདུས་པ་ཡོད་ན་འབྲལ་བ་ཡོད་ལ
བདེ་བའི་དོན་དུ་སྡུག་བསྔལ་མྱོང་སྲིད
མི་ཡུལ་གྱི་སྐྱེ་རྒ་ན་འཆི
འདུས་བྱས་མི་རྟག
བདེན་བཞིའི་གྲུབ་ཆ
འཁོར་བའི་ཆོས་ཉིད་སོགས
ཇི་ལྟར་བཤད་ཀྱང་དེ་ལྟར་ཞེན་ཡོང་
ངེས་འབྱུང་རེ་རེའི་རྟོག་འཆར་དང་
སྨོན་ལམ་རིང་མོ་ཞིག་གི་དབྱངས་རྟ་ལས
འཚོལ་བར་དཀའ་བའི་མི་རྟག་གི་སྒོམ་པ་དང་
རྟོག་པར་དཀའ་བའི་ཚེ་སྲོག་གི་གསང་བ་སོགས
བདག་ནི་འདི་ལྟར་སྣང་བ་རྒྱ་རུ་ཡན་པའི་ཁ་སང་ནས
སང་ནངས་མོའི་འཆི་བ་ལ་མ་ཐུག་བར
དེ་ལྟར་རྨི་ལམ་གྱི་ཞིང་དུ་འགྲིམ་འགྲོའམ
སྟོན་པ་མཆོག་གི་ཐུགས་རྗེ་ནས་གནང་བའི
བྱང་སེམས་སྙིང་རྗེ་ཡི་རླབས་རྒྱུན་དྭངས་མ
འགྲོ་བའི་རིགས་ལ་མཐའ་ཐུག་གི་བདེ་བ་སྟེར་བའི
དོན་གཉིས་ལྷུན་འགྲུབ་ཀྱིས་འབྱོར་བའི
དགོས་འདོད་ཀྱི་ནོར་བུ་སྟེ
བཀའ་ཡིས་བཏགས་པའི་ཕྱག་རྒྱ་བཞི
འདུས་བྱས་ཐམས་ཅད་མི་རྟག་པ་དང༌
ཟག་བཅས་ཐམས་ཅད་སྡུག་བསྔལ་བ
ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ
མྱ་ངན་ལས་འདས་པ་ཞི་བའི་ཡང་སྙིང་ལ
རྒྱུ་རྐྱེན་གློ་བུར་བའི་འགག་དང་འཕྲད་དུས
ད་གཟོད་སྐྱོ་གདུང་གི་འབོད་པས
དད་སེམས་གྲངས་མེད་ཀྱི་སྤྱན་ཆབ་ཤོར་ཡོང་
སྐྱབས་སུ་མཆི
རྒྱལ་བའི་དབང་པོ
བདག་དང་བདག་ལྟ་བུའི
ལས་ཉོན་འཁྲུལ་སྣང་གིས་ལན་པ་ལས
ཁྱོད་ཀྱི་གསེར་ནག་གི་གླེགས་བམ་ལ
ནོར་བ་ག་ལ་སྲིད
༢༠༡༣ ༤ ༢༠ ཟི་ཁྲོན་གཡག་རྔ་ལ་ས་འགུལ་ཐེབས་པའི་དགོང་མོར།
འདི་ན་ཡང་སངས་རྒྱས་གསོན་པོ་ཞིག
འཆི་ངེས་ཡིན་པ་ཤེས་པར་ཤོག །
ནམ་འཆི་ངེས་མེད་དྲན་པར་ཤོག །
འཆི་བ་མི་རྟག་སྒོམ་ནུས་ཤོག །
འཆི་ཚེ་དད་སེམས་སྐྱེ་བར་ཤོག །
མི་རྟག་པ་ནི་ཆག་འཇུག་དང་འཆི་རྐྱེན་སོགས་མངོན་སྐབས་དྲན་དགོས་བ་དང་སྒོམ་དགོས་སོགས་ལས་གཞན་འགྲོ་བདེ་སྐྱིད་བདེ་ཡིའི་གནས་སྐབས་སུ་དྲན་མི་ཆོག་པ་དང་སྒོམ་མི་ཐུབ་ཞིག་ཡིན་མི་སྲིད་
རྗེས་ཐམས་ཅད་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ལ། འདུ་ཤེས་དམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུ་ཤེས་མཆོག་གོ་ཞེས་གསུངས་སོ།