ཨ་རིག་དགེ་མཐོང་།
སྤྱིར་བཏང་སྐྱེས་བུ་གང་ཞིག་ལ་གྲོགས་པོ་ཞེས་ཐ་སྙད་ཀྱིས་བསྙད་པའམ་བོས་ཚེ་དེ་ནི་སེམས་ཐག་ཉེ་བའི་གཏམ་དུ་ངེས། དེང་གི་བརྡ་འཕྲིན་དུས་རབས་འདིར་དྲ་གྲོགས་ཞེས་པ་ནི་ཧ་ཅང་རྒྱུགས་ཆེ་བའི་སྐབས་ཤིག་རེད། ཁོ་བོ་ནི་དྲ་བར་ཞུགས་ཏེ་བོད་ཡིག་བེད་སྤྱོད་གཏོང་མཁན་གྱི་ཐོག་མའི་གྲས་སུ་གཏོགས་པ་འདྲ་བོ་ཡིན་པས་ང་ལ་མཚོན་ན་དྲ་གྲོགས་ཞེས་འབོད་མཁན་ཧ་ཅང་མང་། ཕྱི་སྡོད་བོད་རིགས་ཚོའི་ནང་དུ་དྲ་གྲོགས་ཀྱི་གྲངས་ཧ་ཅང་མང་བའི་དབུས་ན་ནང་ བསྟན་གཞུང་ལུགས་དང་། བོད་ཀྱི་སུམ་རྟགས། སྙན་ངག་གཙོས་བརྡ་སྤྲོད་གཞུང་ལུགས་ཀུན་ཐུགས་སུ་ཆུད་པ། དེ་བཞིན་དེང་སང་འཛམ་གླིང་གི་སྤྱི་སྐད་ལྟ་བུའི་ཨིན་ཡིག་མཁྱེན་པའི་དྲ་གྲོགས་སྒོམ་སྡེ་ལྷ་རམས་པ་ལྟ་བུ་རེ་ཟུང་ཡིན། དེའི་ཕྱིར་ཕྲན་གཙོས་དྲ་གྲོགས་མང་བོ་ཞིག་གི་སེམས་ནང་དུ་སྒོམ་སྡེ་ལྷ་རམས་པའི་དོན་སྤྱི་ཞིག་མ་སྒོམ་པར་ཤར་ཡོང་ངེས། སྒོམ་སྡེ་ལྷ་རམས་པ་ཟེར་ན་སྔོན་གྱི་དུས་སུ་གདན་ས་ཁག་ཏུ་སྐད་གྲགས་ཆེ་བའི་གྲྭ་བ་དཔེ་ཆ་པ་ཞིག་དང་། ད་ལྟའི་དུས་སུ་དྲ་བའི་རིག་གནས་སུ་ཤེས་རིག་གི་བདུད་རྩི་གཏོར་མཁན་གྱི་སྐྱ་བོ་ཞིག་ཏུ་གྱུར། ལྷག་དོན་སྒོམ་སྡེ་ཚིག་མཛོད་ཅེས་ཡོངས་སུ་གྲགས་པའི་ནང་ཆོས་སྐོར་གྱི་འོད་སྡེར་ཞིག་ཀྱང་སྤྱི་ཚོགས་སུ་ཐོན་པས་ཡག་ཐོག་ཡག་བཞག་ལྟ་བུ་རེད། དེ་ལྟ་བུའི་སྐྱེས་བུ་མཚན་སྙན་ཅན་དེ་དངོས་སུ་མཐོང་མ་མྱོང་བར་མཚན་སྙན་དང་ལྗགས་རྩོམ་རེའི་བྲོ་བ་མྱོང་བསྡད་མཁན་གྱི་གྲས་སུ་ཁོ་བོ་ཡང་གཏོགས། ད་ཐེངས་ཝཱར་ཎའི་ཟ་ཁང་ཞིག་ཏུ་ཐེ་ལེན་ཌྲ་དང་ཐཱེ་ཝཱན་གྱི་བཟོ་ལྟ་ཡོད་པའི་དགུང་ལོ་ཏོག་ཙམ་རྒས་ཤིང་གཟུགས་པོ་ལ་འཕྲོད་བསྟེན་ཧ་ཅང་བཟང་བའི་མི་སྣ་ཞིག་མིག་ལམ་དུ་བརྒྱུས། ཕར་ཚུར་ལ་བལྟས་བལྟས་ཀྱིན་ངོ་ཤེས་འདྲ་བའི་ཚོར་སྣང་བྱུང་། སྐབས་དེར་ཁོང་གིས་ཉེ་འཁྲིས་སུ་ཡོད་པའི་གྲྭ་བ་ཞིག་ལ་སྔོན་མ་གུས་པ་གྲྭ་ས་ན་ཡོད་སྐབས་ཞེས་ལྐོག་ལབ་འདྲ་བོ་ཞིག་གསུངས་པ་ཐོས། དེ་ནས་ཡང་བསྐྱར་ང་སློབ་གཉེར་དགེ་ཡིན་སྐབས་ཁྱེད་རང་ཆོས་གྲྭ་ལ་ཞུགས་ཡོད་དམ་ཞེས་གྲྭ་བ་དེ་ལ་དྲིས་སོང་། དེ་ནས་ངས་ཁྱེད་རང་སྒོམ་སྡེ་ལྷ་རམས་པ་ཡིན་ནམ་ཞེས་ངག་ནས་ཤོར། ཁོང་གིས་ཁྱེད་ཀྱིས་ག་རེ་བྱས་ནས་ཤེས་སོང་ཟེར། དེ་ནས་ངས་ལོ་གཅིག་གི་སྔོན་དུ་ངའི་དྲ་གྲོགས་ཤིག་འཇིག་རྟེན་འདི་ནས་ལྔ་ལམ་དུ་ཆས་ཟིན་པ་རེད། འོན་ཀྱང་དེ་རིང་དེའི་དབྱིབས་དང་ཁ་དོག་མཐོང་བྱུང་ཞེས་ཀུ་རེ་བཤད་པ་ཡིན། ཕྲན་ཨ་རིག་དགེ་མཐོང་ཡིན་པ་ཤེས་རྗེས་ངེད་གཉིས་ཁ་ཁ་གྱེས་པའི་མ་བུ་ཟུང་ལྷན་འཛོམས་བྱུང་བ་ལྟར་ཕན་ཚུན་ལ་འཐམས་ཤིང་། ད་ལྟའི་རང་རང་གི་གནས་སྟངས་བཅས་བཤད། ད་དུང་ཁོང་གིས་ང་ལ་སྒོམ་སྡེ་ཚིག་མཛོད་ཅིག་ལེགས་སྐྱེས་སུ་གནང་བ་དང་ངེད་གཉིས་ཀྱིས་འདྲ་པར་ཞིག་ཀྱང་ལྷན་དུ་བླངས། ག་ལེར་དྲ་བའི་རིག་གནས་ཀྱི་སྐོར་གླེང་ཞིང་དྲ་ཐོག་གི་རྙོག་དྲ་དང་ཁ་མཚར་སོགས་གང་འཚམ་ཞིག་གླེང་། མཐར་ཁོང་གིས་མ་འོངས་པའི་འཆར་གཞི་ཁག་ཅིག་བདག་ལ་ངོ་སྤྲོད་གནང་བྱུང་། བླ་མ་ཉི་ཟླ་ལྟ་བུ་ཟུང་གི་བཀའ་ལྟར་སྒོམ་སྡེ་ཚིག་མཛོད་དེ་སྨོན་ལམ་ཚིག་མཛོད་ནང་བཞིན་བཟོ་ཨེ་ཐུབ་དང་། དེ་གའི་སྦྱིན་བདག་ཀྱང་བླ་མ་རིན་པོ་དེ་བ་ཚང་གིས་གནང་རྒྱུ་སོགས་ཀྱི་སྐོར་གསུངས་ལ། དེ་ལས་ཀྱང་བླ་མས་བཀའ་ཕེབས་པ་ལྟར་གཞུང་ཆེན་བཀའ་པོད་ལྔའི་ཚིག་མཛོད་དྲ་ཐོག་ནས་ཀློག་ཐུབ་པ་ཞིག་བཟོ་འཆར་ཡོད། སྐབས་དེར་ཁོང་གད་མོ་དང་ལྷན་དུ་ང་ད་དུང་མི་ལོ་ཉི་ཤུ་ལ་མ་ཤི་ན་ཚིག་མཛོད་དེ་ཏན་ཏན་བཟོ་ཐུབ་པའི་ཡིད་ཆེས་ཡོད་གསུངས། དེ་ལྟ་བུའི་ཚིག་མཛོད་དེ་ངོ་སྤྲོད་མདོར་བསྡུས་ལས། སྤྱིར་གནའ་ནས་ད་བར་སྔོན་མེད་ལེགས་བཤད་ལྟ་བུའི་ངོ་མཚར་ཅན་གྱི་ཚིག་མཛོད་མི་ཉུང་བ་ཞིག་ཐོན་དང་འཐོན་བཞིན་པ་དེ་ལྟར་ནའང་། གཞུང་ཆེན་མོ་རང་གི་ཆེད་དུ་དམིགས་ནས་བརྩམས་པའི་ཚིག་མཛོད་རྒྱས་པ་ཞིག་ཕྱི་རྒྱལ་གྲུ་རྣམས་སུ་ལྟ་ཞོག རང་རེའི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་གང་གི་ཁྲོད་དུའང་མཇལ་དུ་མེད་ཅིང་། དེར་བརྟེན་ཕྱི་ལོ་༡༩༩༨་ནས་ད་བར་མི་ལོ་བཅུ་བཞི་ལ་ཉེ་བའི་རིང་རང་དོན་ཡོངས་སུ་བློས་བོར་ཏེ་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ནས། རང་རེའི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་གཉན་འཕྲེང་ཅན་གྱི་དུས་ཚོད་འདིར། འཇིག་རྟེན་གྱི་ཁ་དཔེར། སོ་མེད་ཀྱང་རྙིལ་གྱིས་འབྲད་ཅེས་པའི་དཔེ་ལྟར་རང་ནུས་ཅི་ཡོད་ཀྱིས། རང་དོན་ལས་ཀྱང་བརྒྱ་འགྱུར་གྱི་གལ་འགངས་ཆེ་བར་བརྩིས་ཏེ། བོད་མི་རིགས་ཀྱི་ཞབས་འདེགས་སུ་ལྷག་བསམ་གྱི་ཞེན་པ་དཀར་པོས་༼སྒོམ་སྡེ་ཚིག་མཛོད་ཆེན་མོ༽ཞེས་བྱ་བ་ངོས་ལྡེབ་(༢༠༩༥)ལྷག་ཙམ་འདི་ཉིད། བདག་ཅག་གི་སྟོན་པ་སངས་རྒྱས་པའི་གནས་མཆོག་རྡོ་གདན་དུ་ཕྱི་ལོ་༢༠༡༢་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན་རྒྱལ་བས་དུས་འཁོར་དབང་ཆེན་ཐེངས་སོ་གཉིས་པའི་སྔོན་འགྲོའི་གསུང་ཆོས་བཀའ་དྲིན་ཆེ་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་རྟེན་འབྲེལ་དགའ་སྟོན་གྱི་སླད་དུ་རིན་མེད་ཆོས་སྦྱིན་དུ་མང་དུ་ཐོས་པ་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱིས་སྤེལ་ལོ།། གསལ་བཤད་ཅིག་ལ། སྔོན་ངོས་ལྡེབ་༼༢༠༩༥༽དེའི་སྟེང་དུ་ད་ལྟ་ཁ་སྣོན་ངོས་ལྡེབ་ཉིེས་སྟོང་ལྷག་བྱས་ཡོད་གསུངས་བྱུང་།
སྨྲས་པ།
དཔེ་མང་ཀློག་པའི་ངལ་བ་མི་དགོས་པར།།
གསུང་རབ་རྒྱ་མཚོའི་དགོངས་དོན་བདེ་བླག་ཏུ།།
ཚེགས་མེད་ཡུད་ཙམ་ཞིག་ལ་གསལ་མཛད་པའི།།
སྒོམ་སྡེའི་ཚིག་མཛོད་འདི་ཀོ་ཨེ་མ་ཧོ།།
གཞུང་ལུགས་རྒྱ་མཚོར་ཐོས་བསམ་མ་བྱས་ཤིང་།།
བརྡ་སྤྲོད་གཙུག་ལག་ལེགས་པར་མ་བསླབས་པར།།
མཁས་པའི་མིང་ཙམ་འཛིན་པའི་བླུན་པོ་ཡིས།།
ལེགས་བཤད་འདི་འདྲ་རྩོམ་པར་ག་ལ་ནུས།།
ཞེས་ཀྱང་སྨྲས་སོ། །
དེའི་རྗེས་དུས་ཚོད་ཀྱིས་ངེད་གཉིས་ལ་གོ་སྐབས་མ་སྤྲད་པས་ཁ་ཁར་གྱེས་ཤིང་རྗེས་ཕྱོགས་དྲ་ལམ་བརྒྱུད་ཁ་བརྡ་གློད་རྒྱུའི་གྲོས་ཁ་བྱས་ཏེ་རང་རང་ཕྱོགས་སུ་སོང་།
མཇུག་ཏུ་སྨྲས་པ།
གདན་ས་གསུམ་ནས་བཀའ་པོད་ལྔ་ལ་སློབ་གཉེར་གནང་བའི་མཁས་པ་ཞིག །
ལྷ་རམས་དགེ་བཤེས་མིང་རྟགས་བཞེས་ཏེ་སློབ་གཉེར་རྒན་གྱི་འགན་ཞིག་འཁུར།།
ལས་དང་དེང་གི་འགྲོ་ཕྱོགས་ཤིག་གིས་སྐྱ་སར་བབས་ཏེ་ཕྱི་རྒྱལ་འགྲིམས།།
ད་ལྟའི་དུས་སུ་དེང་གི་བརྡ་འཕྲིན་ཐུགས་སུ་ཆུད་པའི་སྔོན་ཐོན་པ།།
ཁཱེ་ན་ཌྲ་རུ་ཁེར་རྐྱང་ངང་དུ་བོད་ཀྱི་གཞུང་ལུགས་ཀུན་ལ་གཟིགས།།
བཀའ་པོད་ལྔ་ཡི་ཚིག་མཛོད་རྩོམ་པའི་དམ་བཅའི་རི་མོ་རྡོ་ལ་བརྐོས།།
ད་ཐེངས་བདག་ལ་མཇལ་རྒྱུ་བྱུང་བས་གཏམ་ཐུང་དེ་ཡང་འདི་འདྲ་ཞིག །
སྒོམ་སྡེ་ལྷ་རམས་པ་ངོ་སྤྲོད་གནང་བ་ཡག་བྱུང་ཞུ་རྒྱུ་ཡིན། ད་རེས་དྲ་ཐོག་གི་ཞུ་དག་པ་ཆེན་མོས་ཉེན་ཕྲེང་མ་བྲིས་པར་གཉན་འཕྲང་བྲིས་ཡོད་ནོ་དེ་ཡང་ཞོར་ལ་མཐོང་སོང་།
སྒོམ་སྡེ་ནང་ཆེན་གྱི་ཚབ་བྱས་ནས་སྒོམ་སྡེ་ལྷ་རམས་པ་ལ་སྒོམ་སྡེ་ཚིག་མཛོད་ཆེན་མོ་ལེགས་གྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་སྒྲིག་པས་པར་དང་བཅས་པ་འདིར་བཀོད་པར་ཐུགས་རྗེ་ཆེ་ཞུ། ཁོང་གི་ཚིག་མཛོད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ངས་ཀྱང་ཞུ་འདོད་བྱུང་།
སྒོམ་བདེ་ལགས་དང་། ཨ་རིག་ལགས་གཉིས་ཀར་ཐུགས་རྗེ་ཆེ་ཞུ།
གཞུང་ལུགས་བཀའ་པོད་ལྔ་ལ་སྦྱངས་ཏེ་ལྷ་རམས་དགེ་བཤེས་དམ་བཅའ་བཞག །
ཐ་སྙད་རིག་གནས་ཞོར་གྱིས་སྦྱངས་ནས་རིག་གནས་ཀུན་ལ་བྱང་བར་གྱུར། །
ཆོས་དང་འཇིག་རྟེན་གཉིས་ལ་འགྲུས་པའི་ཆོས་སྲིད་ཟུང་འབྲེལ་ལའང་མཁས། །
ངེས་དོན་མཁས་པའི་གོ་སར་བསྙེགས་པའི་སྒོམ་སྡེ་ལྷ་རམས་པ་ལ་བསྟོད། །
ཨ་རིག་གིས་མི་སྣ་གལ་ཆེན་ཞིག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
དེ་བཞིན་དུ་སྒོམ་སྡེ་ལྷ་རམས་པའི་ཚིག་མཛོད་ལེགས་འགྲུབ་དང་བྱ་བ་ལམ་འགྲོ་ཡོང་བར་ཤོག །
སོ་མེད་ཀྱང་རྙིལ་གྱིས་འབྲད་པའི་སྒོམ་སྡེའི་སྙིང་སྟོབས་འདི་བོད་མི་ཀུན་གྱིས་སློབ་སྦྱོང་བྱེད་འོས། ཨ་རིག་ལགས་ཀྱིས་འདི་ལྟ་བུའི་དངོས་སྒྲུང་ཐེངས་གཅིག་འབྲི་ཐུབ་ན་ཞལ་འདོན་ཚར་བརྒྱ་གནང་བ་ལས་ཉག་ཕྲ་བའི་མི་རིགས་འདིར་ཕན་པ་ཆེ་ངེས་རེད།
ཡོད་ཡ། སྒོམ་སྡེ་ལྷ་རམས་པ་ཟེར་བ་ཞིག་སྔོན་མ་ཞིག་ལ་ཡོད་མོད་བར་སྐབས་ཤིག་ལ་བོར་སོང་། དེ་ན་འཚམས་པོ་བདེ་མོར་བཞུགས་ཡོད་པ་ཐོས་པས་དགའ་བྱུང་།
གཞུང་ལུཊ་དག་ལ་ལེཊ་པར་སྦྱངས་ཏེ་དགེ་བཤེས་ལྷ་རམས་མཚན་སྙན་ཐོབ།
དེང་གི་འགྲོ་ཕྱོགས་ཞིག་དང་མཐུན་པ་སྐྱ་ལ་བབས་ནས་ཕྱི་ལ་འགྲིམས།
ཆོས་སྲིད་དཀར་ནག་ཟུང་འབྲེལ་ལ་མཁས་ཆོས་མིན་སྲིད་མིན་ལམ་ཁ་ཞིག
སྒོམ་སྡེ་ལྷ་རམས་པ་ཡི་རྣམ་ཐར་ངོ་སྤྲོད་གནང་བ་ཐུགས་རྗེ་ཇེ།
མཁས་དབང་ཁོང་གིས་བརྩམས་པའི་ཚིག་མཛོད་དེ་ལ་གོང་ས་མཆོག་གིས་བསྔགས་བརྗོད་ཆན་པོ་གནང་འདུག་ལ། ཨ་རིག་དགེ་མཐོང་ཚང་གིས་ངོ་སྤྲོད་བྱས་པ་ཡག་བྱུང་། བྱས་པ་ཅན་ལ་དྲིན་དུ་ལྟ་བ་ནི་མཁས་པའི་ལས་རེད། དམིགས་བསལ་ཚིག་མཛོད་དེ་ལ་ཚིག་མཛོད་གཞན་ལ་མེད་པའི་མདོ་སྔགས་ཀྱི་ཐ་སྙད་མང་པོ་འགྲེལ་བཤད་གོ་བདེ་དང་མཚན་ཉིད་གོ་དོན་བཅས་གསལ་བོར་བཀོད་འདུག་པས་སྔོན་མེད་ལེགས་བཤད་རང་རེད། ད་དུང་ཐ་སྙད་མང་པོ་ཞིག་ཡོད་པ་དཔེར་ན་གདུགས་དཀར་ཟློག་པའི་ནང་(ཡས་ཀྱི་བདུད)་ཟེར་བ་རྙིང་མའི་བརྡ་ཆད་ཅིག་ཡིན་འདུག་པས། དགེ་ལུགས་པའི་བཤད་སྟངས་ལྟར་བྱས་ན་བདུད་དངོས་གནས་མ་ཡིན་པར་རྩ་དབུ་མ་ལ་བརྟེན་པའི་རྩ་རྡུལ་བྲལ་མ་ལ་ཡས་ཀྱི་བདུད་ཟེར་གི་ཡོད་པ་རེད། དེ་གཡོས་པ་སྟེ། དེའི་ནང་དུ་རླུང་སོང་ན་འགྲོ་བ་ཕལ་བ་རྣམས་དེ་མ་ཐག་འཆི་བའི་རྒྱུ་མཚན་གྱིས་ཡིན་པར་ངེས། དེ་བཞིན་དུ་(དཔྲལ་བའི་གཤེད)་ཅེས་པ་ཡང་རྩ་དེ་ཉིད་ཀྱི་སྒོ་གཅིག་དབུ་མ་དང་ལྷན་དུ་དཔྲལ་བར་ཟུག་པས། དེ་ནས་གདོན་བགེགས་ཀྱི་འཕྲུལ་ལ་བརྟེན་ནས་རླུང་ཞུགས་ན་སྔར་བཞིན་གནོད་པའི་རྒྱུ་མཚན་གྱིས་ཚེ་སྦ་བའི་ཚེ་སྨིན་མཚམས་སུ་རྩ་སྒོ་བསྲུང་དགོས་བའི་རྒྱུ་མཚན་དེ་ཡིན། (དྲང་སྲོང་གཟའ་ཡི་ཀི་ཀང་)ཞེས་པ་ཁྱབ་འཇུག་གི་དུག་རླངས་ཤིན་ཏུ་ཆེ་བ་ནི་རང་ཉིད་ཀྱི་མགོ་བཅུ་པ་བྱ་རོག་གདོང་དེ་ཡིན་པས། གདོང་བ་དེ་ལ་ཀི་ཀང་ཟེར་ཞིང་། དེ་ལས་བྱུང་བའི་གནོད་པ་ལ་ཀི་ཀང་གི་གནོད་པ་ཟེར། (གནམ་གྱི་དལ་ཁ)་ཞེས་པ། སྙིགས་མའི་དུས་སུ་མ་མོ་འཁྲུག་པའི་ཁ་རླངས་སྲིན་འབུའི་རྣམ་པར་བར་སྣང་དུ་རྒྱུ་ཞིང་དེ་ཉིད་འགྲོ་བའི་ལས་ངན་དང་ཕྲད་པའི་ཚེ་སྣ་བུག་ནས་ཞུགས་ཏེ་དལ་ཡམས་སུ་འགྲོ་བས་གནམ་གྱི་དལ་ཁ་ཟེར། (སའི་དུག་མདའ)་ཟེར་བ་ཀླུ་རྣམས་ས་འོག་ཏུ་སྤྱོད་པ་ཡིན་ཞིང་། དེའི་མཐོང་རེག་ཁ་རླངས་ཀྱི་དུག་རྣམས་ལས་ངན་བསགས་པའི་འགྲོ་བ་ལ་མདའ་ལྟར་བསྣུན་པར་བྱེད་པས་ན་དེ་ལྟར་ཟེར། མིང་བརྡ་སྦྱོར་ཚུལ་མི་འདྲ་བ་ཞིག་ལས་འདི་དག་མཐའ་གཅིག་ཏུ་རྨོངས་དད་ཀྱི་བཤད་ཚུལ་ཞིག་མ་ཡིན་པར་རླུང་དང་འབུ་སྲིན་གྱིས་བསྐྲུན་པའི་ནད་ཡམས་དང་འབྲེལ་བ་འདུག །
ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་།།འཇིག་རྟེན་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།།
ཞེས་པའི་དོན་ཇི་ལྟར་འགྲེལ།
དགེ་སློང་གྲོང་དུ་འགྲོ་བའི་ཚེ་སོར་སྡོམ་མི་ཤོར་བའི་ཆེད་དུ་དགེ་ཚུལ་ཞིག་ཁྲིད་དགོས་པ་བཅོམ་ལྡན་གྱིས་གསུངས་ཡོད། ལྷ་རམས་པ་དང་སྒོམ་ཆེན་པ་མང་པོ་ཞིག་མགོ་སེར་བུ་མོའི་ནུ་འོག་ནས་མ་ཐར་ནས་གཅིག་རྗེས་གཉིས་མཐུད་དུ་ཤོར་སོང་བ་ལ་སྒེར་དོན་ལ་གྱོང་རེག་ཡང་སྤྱི་དོན་ལ་གྱོང་རེག་མེད། གྲྭ་བ་ལོག་ཡང་ལྷ་རམས་པ་ལོག་མེད། ལྷ་རམས་པ་ནི་ནམ་ཡང་ལྷ་རམས་པ་ཡིན།
བན་ཟུར་འདི་བཀའ་བརྒྱུད་པའི་གཞུང་ལ་ཡང་མཁས་པ་མིང་དོན་མཚུངས་པ་རེད་འདུག། སེམས་ཤོང་སོང་།
རྒན་སྒོམ་སྡེ་ལགས་ཀྱི་ཚིག་མཛོད་ད་ལྟ་གང་ནས་ཐོབ་ཐུབ་བམ?
དངོས་གནས་ཚིག་མཛོད་ཡག་པོ་གཅིག་ཡོད་བཟོ་འདུག་ཚིག་མཛོད་དེ་ཡི་ནང་དུ་རྒྱ་བོད་ཚིག་མཛོད་མིང་ཚིག་དེ་དག་བཀོད་ཡོད་དམ། བོད་ཀྱི་བརྡ་རྙིང་རིགས་བཀོད་འདུག་གམ། ད་བྱེད་དུས་ད་ཡོད་ཤོག་གྲངས་ལྔ་སྟོང་ལྷག་ཡོད་པ་ཡིན་ནམ།
སུས་མཁྱེན་གྱི་ཡོད་ན་ལན་གཅིག་གནང་རོགས།
ཕལ་ཆེར་དྲ་གྲོགས་ལེགས་བཤད་པས་མཁྱེན་བཟོ་འདུག་པས་དགོངས་འཇགས་ཞུ།
ཁ་བརྡའི་དྲ་བདག་ལགས།
ང་ཡི་རྩོམ་དེ་ཅིའི་ཕྱིར་དྲ་ཐོག་ལ་མི་འགོད་པ་ཡིན་ནམ།
སྒོམ་སྡེ་ལྷ་རམས་པ་ཁོང་རྒྱུད་སྟོད་ནས་ཆོས་ཐོག་འགྲིམས་སྐབས་སྔགས་ཀྱི་སྐོར་གྱི་ཐ་སྙད་དཔེ་བསྒྲིགས་གནང་འདུག །དང་ཐོག་ངེད་ཀྱི་གྲོགས་པོ་དགའ་བྱང་གི་དགེ་བཤེས་ལྷ་རམས་པ་འབྲུག་པ་ཞིག་གིས་ང་ལ་ཚིག་མཛོད་དེ་གཡར་བྱུང་ལ་ངེད་ཀྱིས་དབུ་ནས་མཇུག་བར་ཞིབ་ཀློག་བྱས་པ་ཡིན། ཚིག་མཛོད་དེ་སེར་བྱེས་དཔེ་མཛོད་ཁང་དུ་བླུ་ཡོན་ཞུ་རྒྱུ་འདུག་ཟེར། མདོ་སྔགས་ཀྱི་ཐ་སྙད་བོད་ཡིག་མཛོད་ཁོ་ན་ཡིན།
བཀུར་འོས་དྲ་གྲོགས་ཚོས་བརྗོད་གཞི་དང་འབྲེལ་བའི་མཆན་བཏབས་པར་སྙིང་ནས་བཀའ་དྲིན་ཆེ་ཞུ། རྒན་ཁོང་ནི་དངོས་གནས་མཁས་པ་ཞིག་རེད། ལྷག་དོན་ལེགས་བཤད་ཀྱིས་གདུགས་དཀར་མཆོག་གྲུབ་མའི་ཟློག་པའི་སྐོར་དེ་ཟབ་རྒྱས་ཤིག་བྲིས་ན་དེ་བས་ཀྱང་གལ་ཆེ་རུ་མཐོང་བས་རེ་སྐུལ་ཞུ།
ཕྲན་ཁ་བརྡ་ནང་གི་མགྲོན་པོ་གསར་པ་ཡིན་དུས་སྒོམ་སྡེས་ཁ་བརྡའི་ནང་མཆན་བུ་དང་རྩོམ་ཡིག་སྤེལ་བཞིན་པའི་སྒང་རེད། དེ་རྗེས་ཨ་རི་ཡིན་ན་ཅིག་ནས་སྒྲོལ་མ་ཟེར་བ་ཞིག་གིས་སྒོམ་སྡེ་དུས་ལས་འདས་སོ་ཞེས་འཆལ་གཏམ་ཞིག་སྤེལ་སོང་། ཀླུ་སྨྱོན་སོགས་མང་པོ་ཞིག་གིས་ཁོང་ཕྱིར་དྲན་གྱི་རྩོམ་ཡིག་སྤེལ་སོང་ལ་ངེད་ཚོ་མང་པོ་ཞིག་གིས་མ་ཎི་ཡང་བགྲངས། ཡང་ཁོང་གྲོངས་མེད་པར་སྐུ་ཁམས་གསལ་ཐང་ཡིན་པའི་སྐོར་ཁ་བརྡས་བཀོད་སོང་། དེ་རྗེས་ད་བར་སྒོམ་སྡེའི་སྐོར་གླེང་སླང་གང་ཡང་མེད་པར་འཇམ་མེར་ལུས། ཨ་རིག་འདི་བློ་མྱུར་བས་ཝར་ན་ནས་སྒོམ་སྡེ་རྙེད་ཅིང་དཔང་རྟགས་སུ་འདྲ་པར་ལེན། གང་ཅིའི་སྐོར་མང་དུ་མོལ་འདུག་སྟེ། ཁོང་ཁ་བརྡར་མི་ཕེབས་པའི་རྒྱུ་མཚན་དྲིས་མིན་འདུག ད་དུང་སྐབས་རེར་ཁ་བརྡར་ཕེབས་རྒྱུའི་རེ་བསྐུལ་ཡང་ཞུ་འོས། ཁྱོད་ཀྱིས་ཁོང་ལ་ཞུ་རྒྱུའི་གོ་སྐབས་ཐོབ་ཚེ་ཁ་བརྡ་ནས་མེ་དཀར་བས་དེ་ལྟར་མོལ་ལོ་ཞེས་ཁོང་གི་སྙན་དུ་འཁྱོལ་མཛོད། དེང་སང་རྒན་ལ་དྭགས་པ་ཡང་ཕེབས་རྒྱུ་དཀོན་པོར་སྣང་བས་ཁོང་བྲེལ་བ་ཆེ་འམ་སྐུ་ཁམས་མི་བདེ་བ་ཅི་ཡིན་ཆ་མ་འཚལ་མོད། ཁོང་ཡང་ཁ་བརྡའི་ནང་བཀུར་འོས་པ་ཞིག་ཡིན།
བདུད་འདུལ་ནས་མཆན་ཁོ་ལོ་བསྒྱུར་དགོས་དོན་གང་ཡིན་ནམ། མགོ་ག་རེ་བྱས་སོང་དྲིས་དུས་རྐུབ་ཁྱིའི་སོ་བཏབ་སོང་ཟེར་བཞིན་མ་གནང་རོགས། ད་དུང་སྒོམ་སྡེ་ལྷ་རམ་པའི་ལོ་རྒྱུབ་མང་ཙམ་གསུང་རོགས། དཔེར་ན་ཁོང་གདན་ས་གང་གིས་ཁུངས་ནས་ཡིན་པ་ལ་སོགས་པ་ལ་སོགས་པ་་་་་་་་་་་་་་་་དེ་བཞིན་འཁྲུང་ཡུལ་མདོ་སྟོད་སྨད་་་་་་་་་བྱུང་ན་འཁྲུངས་ལོ་་་འཁྲུངས་ཚེས་དང་བཅས་པ་་་་་ཡབ་མེའི་རིགས་བརྒྱུད་དང་བཅས་པ་སོགས་བྱུང་ན་དགེ་མཚན་ལྡན་་
ཡག་པོ་འདུག དབྱིན་ཡིག་ཅེས་བྲིས་ན་བཟང་། དེ་མིན་ཨིན་ཡིག་ཅེས་མི་སྒེར་བ་རེ་ཟུང་གི་བསམ་ཚུལ་ཁོ་ནར་གཙིགས་སུ་བཟུང་ན་མི་འགྲིག ཧ་ཅང་རྒྱུགས་ཆེ་ཞིང་བོད་ཕྱི་ནང་གཉིས་ཀ་ཁྱབ་བརྡལ་དུ་སོང་བའི་དབྱིན་ཡིག་ཅེས་པའི་བརྡ་ཆད་འདི་བོར་བརླག་བྱུང་མི་ཉན། ཨིན་ཡིག་ཅེས་པའི་མིང་ཚིག་འདི་ཚིག་མཛོད་ག་གེ་མོ་ཞིག་གི་ནང་དུ་རང་ཤེད་དང་ཨུ་ཚུགས། ད་དུང་འགྲན་སེམས་ཀྱི་ཀུན་ནས་སློང་བའི་བཞག་པའི་མིང་ཚིག་ཅིག་ཡིན་ཙ་ན། དོན་སྙིང་དེ་ཙམ་མེད། དེ་ལྟར་ཐུགས་ལ་ཞོག དྲ་གྲོགས་དགའ་བོ།
ལེགས་བཤད་ལགས་ཐུགས་རྗེ་ཆེ་ཞུ་་གསལ་བཤད་དང་ངོ་སྤྲོད་གནང་བར། རྡ་སར་རེག་ཐུབ་བམ?
་་་་་དཔང་རྟགས་སུ་འདྲ་པར་ལེན། གང་ཅིའི་སྐོར་མང་དུ་མོལ་འདུག་སྟེ། ཁོང་ཁ་བརྡར་མི་ཕེབས་པའི་རྒྱུ་མཚན་དྲིས་མིན་འདུག ད་དུང་སྐབས་རེར་ཁ་བརྡར་ཕེབས་རྒྱུའི་རེ་བསྐུལ་ཡང་ཞུ་འོས། ཁྱོད་ཀྱིས་ཁོང་ལ་ཞུ་རྒྱུའི་གོ་སྐབས་ཐོབ་ཚེ་ཁ་བརྡ་ནས་མེ་དཀར་བས་དེ་ལྟར་མོལ་ལོ་ཞེས་ཁོང་གི་སྙན་དུ་འཁྱོལ་མཛོད། དེང་སང་རྒན་ལ་དྭགས་པ་ཡང་ཕེབས་རྒྱུ་དཀོན་པོར་སྣང་བས་ཁོང་བྲེལ་བ་ཆེ་འམ་སྐུ་ཁམས་མི་བདེ་བ་ཅི་ཡིན་ཆ་མ་འཚལ་མོད། ཁོང་ཡང་ཁ་བརྡའི་ནང་བཀུར་འོས་པ་ཞིག་ཡིན། ཟེར།
དྲ་གྲོགས་དག་ཕེབས་ཏེ་རང་རང་གི་ལྟ་ཚུལ་བརྗོད་པ་ལེགས། སྒོམ་སྡེ་ཁོང་ཁ་བརྡ་དྲ་བ་གཅིག་པུ་མ་ཡིན་པར་དྲ་ལམ་དུ་ཕེབས་རྒྱུ་ཇེ་ཉུང་ངམ་མེད་པ་ནི་ཁོང་གི་ཕྱག་ལས་དེ་ལ་འདང་ཞིག་རྒྱོབས། གོང་དུ་ཁོ་བོས་བརྗོད་པ་ལྟར་ལོ་ཉི་ཤུ་ལ་བཞུགས་ན་ད་བཟོད་ཚིག་མཛོད་བཀའ་པོད་ལྔ་ལ་དྲ་ལམ་ནས་ལྟ་ཐུབ་པ་ཞིག་བཟོ་རྒྱུ་གསུངས་པ་དེ་རེད། དེ་ཚོ་ནི་ང་ཚོ་ལྟར་ཁོམ་མེད་པས་དྲ་ལམ་ཞུགས་རྒྱུའི་འབོད་སྐུལ་ལས་ཚིག་མཛོད་ཕྱོགས་ཀྱི་རེ་སྐུལ་ཞུས་ན་ལེགས་པའི་ཚོད་རེད།
གཞན་དྲ་གྲོགས་བཙན་མེ་སྟག་གིས་བཤད་པ་ལ་གནས་ལུགས་འདུག ཡིན་ནའང་དེ་དག་ནི་ཨིན་ཇི་དང་དབྱིན་ཇི་གང་བྲིས་ན་གཏན་འཁེལ་རང་བཞིན་ཅན་ཞིག་ཏུ་ཚོར་གི་མེད། སོ་སོའི་འདོད་མོས་དང་བསྟུན་རྒྱུ་རེད། འོན་ཀྱང་ངས་ནི་དུས་རྒྱུན་དབྱིན་ཇི་འདི་བེད་སྤྱོད་ཀྱིན་ཡོད།་དེ་རིང་ཨིན་ཇི་ཞེས་པའི་འབྲི་སྲོལ་ཅིག་ཡོད་པ་ཡང་བེད་སྤྱོད་དེ་ཚོད་ལྟ་ཞིག་བྱས་པ་ཙམ་ལས་དམིགས་ཡུལ་གཞན་མེད།
ཨོ་རེད་ཁོ་ཤི་མེད་པ་བདེན་ཟིག་མོ། དེ་འདྲ་དག་ཡག་པོ་ཡིན་ན་སོ་སོས་གྱིས་དང་རིགས་མཐུན་རེད་མོ།
ཁོས་ལོ་རྒྱུས་ཕྱོགས་སྡོམ་ན་འདི་མོས་ཞིག་རེད་དོ།
སྒོམ་སྡེ་ཟེར་བ་སྐྱ་སར་བབས་ཏེ་དབྱིན་ཇིའི་རྒན་མོར་སྐྱབས་སུ་སོང་།།
ཨོ་རྒྱན་པདྨ་དགྲ་རུ་བཟུང་ནས་བརྡ་རྙིང་ཕ་ཆེར་ལོག་པར་འགྲེལ། །
དགེ་ལུགས་ཟེར་ཀྱང་སྡིག་ལུགས་སྤེལ་བའི་ལས་མཐའ་ལོག་པའི་དོལ་འདྲེ་ཞིག །
ཁཱེ་ན་ཌྲ་རུ་དཀོར་ཁ་གཉེར་མཁས་འཇིག་རྟེན་མི་ནག་རྒྱང་འཕེན་པ། །
དབྱིན་ཇི་ལས། ཨིན་ཇི་ཞེ་དྲགས་སླ་བར་མི་འདུག་གམ།
སྒོམ་སྡེ་ཁོང་གི་ལོ་རྒྱུས་སྙིང་བསྡུས།
གཞོན་དུས་ཆོས་ལ་འཇུག་ནས་ལྷ་རམས་ཕྱག་འཁྱེར་བཞེས། །
སྐྱ་སར་བབས་ནས་དབྱིན་མོ་ས་སོགས་རིག་མ་བསྟེན། །
དགེ་ལུག་ཡིན་བཞིན་ཨོ་རྒྱན་པདྨ་གཙུག་ཏུ་བཀུར། །
དཀོར་ཟས་བཞག་ནས་ཁ་ན་ཌ་རུ་གཞིས་ཆགས་སོ། །
པདྨའི་གསུང་ངའི་བློ་ལ་མ་བབ་ནས་འདི་བྱས་སོ།
སྒོམ་སྡེ་ལྷ་རམ་པ་ལགས་དེ་རིང་མ་གཏོགས་མཐོང་མ་མྱོང་ལགས། སྔོན་མ་༢༠༠༩་ལོར་༸སྐྱབས་རྗེ་པད་ནོར་རིན་པོ་ཆེ་་ཞིང་ལ་གཤེགས་སྐབས་སུ་རྙིང་པ་ལ་རོ་ཐོག་རྟ་རྒྱུགས་རྒྱུགས་བྱེད་མཁན་ཁ་ཤས་ཤིག་ཁ་བརྡ་དྲ་ཐོག་ནས་བྱུང་སོང་། ཁོང་ཚོས་རྩོམ་ཡིག་ན་ད་རུང་མཐོང་ཡ་ཡོད་ས་ཡོད།
མི་མང་པོ་ཞིག་གིས་དེ་འབྲི་མཁན་སྒོམ་སྡེ་ལྷ་རམ་པ་རེད་་་ཅེས་བཤད་སོང་། ལ་ལས་དགེ་ལུགས་པ་རེད་ཟེར་ནས་ཁོང་ཁྲོ་ཟ་སོང་མོད།
རྗེས་མ་བལྟས་དུས་སྒོམ་སྡེ་ཡང་མ་རེད་་་དགེ་ལུགས་པ་ཡང་མ་རེད།
དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་དང་ཁོའི་ཨབ་ཕྲུག་ཨ་ཁུ་བློ་བཟང་སོགས་ཡིན་པ་ར་འཕྲོད་བྱུང་སོང་། མི་མང་པོ་ཞིག་དགེ་ལུགས་པའི་སྒོམ་སྡེ་ཟེར་བས་འདི་འདྲ་བྲིས་པ་རེད་བསམ་ཡོད་ས་རེད་མོད་་། རྗེས་མ་བལྟས་དུས་རེད་མི་འདུག་ ཨ་ཨ་།་་ངོ་མ་མྱི་ངན་ཁྱི་སྐྱག་་བྱ་རྩོབ་་་ཁོ་་རྒྱ་ཁྱི་རང་རེད་འདུག
ཁ་བརྡ་དྲ་ཐོ་ནས་སྐབས་ཤིག་དགེ་ལུགས་རྙིང་མ་ཟེར་ནས་མང་བཤད་དགོས་ཐུག་སོང་་། སྒོམ་སྡེ་ལ་ཁ་གཏོང་མཁན་མང་པོ་བྱུང་ཡོད་ས་རེད་མོད། ཡིན་པ་་རྩ་བ་་་དགའ་ཤར་སོག་པ་་ཚུལ་འོད་་་དམ་ཉམས་། དཀར་མཛེས་ཟླ་ཐལ་མའི་དགོན་རུ་མའི་་མི་འཁྱམས་ཁོ་རེད་འདུག ཁོས་དང་པོ་ཆོལ་ཁའི་རྙོག་གྲ་བསླངས་ནས་མདོ་སྟོད་སྨད་བར་དུ་དཀྲུགས་ཤིང་རྒྱབ་པ་རེད། དེ་ནས་་་ཆོས་ལུགས་རྙོག་གྲ་བསླངས་འདོད་ནས་པད་ནོར་རིན་པོ་ཆེ་ཞིང་ལ་ཕེབས་སྐབས་རྙིང་མ་པ་རོ་ཐོག་རྟ་རྒྱུགས་བྱས་པ་རེད།
བྱ་རྩོག་རེད་ཡ།
སྒོམ་སྡེ་ལྷ་རམས་ལགས་སུ་ཞུ་རྒྱུར། ཁ་བརྡ་དྲ་ཐོག་སོགས་ནས་ཁྱེད་ལ་ཁ་གཏོང་མཁན་རྣམས་ཀྱིས་་སྔ་འགྱུར་བསྟན་པའི་མངའ་བདག་༸སྐྱབས་རྗེ་པད་་ནོར་རིན་པོ་ཆེ་ཞིང་ཁམས་གཞན་ལ་ཕེབས་སྐབས་སུ་། ཁ་བརྡ་དྲ་ཐོག་ནས་རྙིང་པ་ལ་རོ་ཐོག་རྟ་རྒྱུགས་བྱེད་མཁན་ཁ་ཤས་བྱུང་བ་རེད་། རྩོམ་ཡིག་དེ་དག་ད་རུང་ཁ་བརྡ་དྲ་ཐོག་ན་བཤམ་ནས་བཤག་ཡོད་པ་རེད།
ཡི་གེ་དེ་དག་སྒོམ་སྡེས་བྲིས་པ་རེད་ལབ་ནས་མི་མང་པོ་ཞིག་ཁོང་ཁྲོ་ཟ་དགོས་ཐུག་སོང་རུང་། རྗེས་མ་བལྟས་དུས་དགའ་ཤོར་སོག་པ་ཁམས་ཚན་ན་ཡོད་་པ་ཚུལ་ཁྲིམས་འོད་ཟེར་་་ཟེར་བའི་ཡུ་མིའི་དཀྲུགས་འདྲེ་ཁོ་དང་་། ཁོའི་ཨབ་ཕྲུག་ ཨ་ཁུ་བློ་བཟང་་སོགས་ཀྱིས་དངོས་དང་བརྒྱུད་བསྐུལ་ཚུན་ཆད་བྱས་ནས་བྲིས་པ་ཡིན་པ་ར་འཕྲོད་བྱུངསོང་།
ཁོས་ཚོས་དེ་འདྲ་འདྲི་དགོས་དགོན་ནི་་༢༠༠༥་་ལོར་སྐབས་་༡༤་་པའི་སྤྱི་འཐུས་འདེམས་སྐབས། པད་ནོར་རིན་པོའི་དགོན་པའི་ཉེ་འགྲམ་ན་ཡོད་པའི་གཞིས་ཆགས་སྡེ་དགེ་བ་ཁག་གཅིག་གིས་ཁམས་པའི་སྤྱི་འཐུས་ཞིག་ལ་འོས་བླུགས་སྟངས་ལ་དོགས་པ་ཟོས་ཚུལ་བཤད་རྒྱུ་འདུག གཞན་པའི་རྒྱུ་མཚན་མཐོང་མ་སོང་ལགས་།
འདི་སྒོམ་སྡེས་མཁྱེན་དགོས་ངེས།
དེ་དུས་༧པད་ནོར་རིན་པོ་ཆེ་ལ་ངན་བཤད་བྱེད་མཁན་སྟག་སྨྱོན་རེད། སྒོམ་སྡེས་དེ་ལྟར་མ་བཤད་དོ།།
ཕྲན་གྱིས་ཐ་སྙད་གཅིག་གྱུར་ལ་དམིགས་པའི་སྐད་ཆ་ཞྀག་བཤད་པ་ཡིན། ཡོངས་གྲགས་ཀྱི་ལོངས་སུ་སྤྱོད་བཞིན་པའི་བརྡ་ཆད་དེའི་ཤི་གསོན་ལ་སེམས་འཁུར་ཙམ་བྱས་པ་ཡིན། སྐུ་ཉིད་ཀུན་དང་མི་མཐུན་པའི་རྙོག་སློང་བཟོ་མཁན་ཞིག་མ་ཡིན་པ་ཁོ་བོས་སྔ་མོ་ནས་ཤེས་ཡོད། སྤྱིར་བཏང་ཨིན་ཇི་ཞེས་སྤྱོད་དགོས་ཀྱི་འདུག་ཅེས་ཨུ་ཚུགས་བྱེད་མཁན་ཞིག་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ཁོར་ཡུག་ན་ཡོན་ཏན་ཆུང་ཆུང་ཞིག་ལས་མེད་པའི་མཐོ་རིམ་མི་སྣ་ཞིག་ཡོད་པ་རེད། གསལ་བོར་བཤད་ན་བོད་ནང་གི་《རྒྱ་བོད་ཚིག་མཛོད་ཆེན་མོ》དང་《དུང་དཀར་ཚིག་མཛོད》སོགས་ལ་རིང་ལུགས་མི་འདུག་ཅེས་དགག་པ་རྒྱག་ཁུལ་བྱེད་བཞིན་པའི་དཔོན་པོ་དེ་རེད། འདི་ཚོའི་རིགས་ལ་ངེས་པར་གཟབ་ནན་བྱ་དགོས་པ་གལ་འགངས་ཆེ།
རེད། དེ་དུས་གྲུབ་དབང་རིན་པོ་ཆེ་བསྟོད་ཁུལ་དང་གུ་རུ་པོ་ཆེ་ཟེར་བ་ཞིག་བྱུང་མེད་ལབ་པ་རེད། ཚིག་རྩ་དངོས་དེ་ཚིག་མཛོད་དེ་ལོག་འགྲེལ་ཞིག་ལས་སྔ་འགྱུར་བརྡ་རྙིང་ཚོ་དོན་ཕྱིན་ཅི་ལོག་ཏུ་བསྒྲིགས་ཡོད། དེ་འདྲ་བྱས་ཙང་། ཧོར་ཚང་དང་སྒོམ་སྡེའི་དེབ་ལ་སྐུ་སྒེར་གྱིས་འགྲོ་འགྲོན་བཏངས་པ་ནི་སྨྱོན་པའི་ལག་ཏུ་གནམ་ལྕགས་ཀྱི་རལ་གྲི་བཞག་པ་དང་གཅིག་མཚུངས་རེད། དེས་ན་དམ་སྲི་འདི་རིགས་ལ་ཞེན་པ་གཏིང་ནས་ལོག་ཡོད།
སྟོག་སྨྱོན་སུ་ཡིན་་ངས་ཤེས་ཡོད་
པདྨ་ཟེར་བས་མི་འདི་ནི་སྐྲུགས་ཤིང་བཟོ་ཉིན་རེད་འདུག་མེ་འདི་མཚོ་གྲས་གཅིག་ཡོད་ན་ཡང་མང་དྲགས་འདུག་། ད་དུང་མིང་བསྙན་པོ་པདྨ་བཏགས་ག་བྱེད་ངོ་ཚ་ཡ་མེད་ཅོག་། ཞབས་འདྲེན་།
སྐུ་མཁྱེན་དྲ་གྲོགས་ཚོ། སྒོམ་སྡེ་ཁོང་རྙིང་མ་ལ་དད་པ་ཡོད་མེད་དང་དགག་པ་བརྒྱབས་ཡོད་མེད་ངས་མི་ཤེས། འོན་ཀྱང་པད་ནོར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པའི་སྐབས་སུ་དེ་འདྲ་འབྲི་མཁན་ནི་ཁོང་གཏན་ནས་མ་རེད། ལྷག་པར་དོལ་རྒྱལ་དང་འབྲེལ་བ་སོགས་ནི་ཁུངས་མེད་མ་དགའ་བའི་རྣམ་འགྱུར་རང་རེད། དེ་འདྲ་བཤད་ན་ཅི་ཕན། གཞན་གསེར་རྟ་ཚུལ་ཁྲིམས་སྐོར་འདིར་ཁྲིད་ནས་འོང་བ་ཡང་དཀྲུགས་ཤིང་ཞིག་ཏུ་ཚོར་བས་དེ་འདྲ་མི་གནང་རྒྱུའི་འབོད་སྐུལ་སྙིང་ནས་ཞུ།
བཙན་མེ་སྟག་གི་བསམ་འཆར་གུས་པས་དང་ལེན་བྱེད།
དྲ་གྲོགས་ཚོས་བརྗོད་གཞི་དང་འབྲེལ་ནས་བསམ་འཆར་སྤྱི་ཚོགས་ལ་བག་ཆགས་ངན་པ་མི་འཇོག་པའི་རིགས་བཤད་རོགས།
འོ་ད་ཚར་བ་དེ་ཚོ་ཚར་བ་བྱེད་ན་ཡག་པོ་རེད། ངས་དེ་ཡི་སྐོར་ལ་ཤེས་རྟོགས་གང་ཡང་མེད།
མ་གཞི་ནས་ཆོས་ལུགས་དང་ཆོལ་ཁའི་དབར་ལ་ཅིག་ཅིག་མིག་ཟེར་ནས་གོ་དོན་མ་རྟོགས་པར་འདྲ་མིན་བཤད་ན་ཡག་པོ་རྩ་བ་ཉིད་ན་ཡག་པོ་མ་རེད། མི་སུ་ཞིག་ཡིནའང་སོ་སོའི་ཕྱོགས་ལ་ཆགས་ཞེན་མེད་མཁན་དེ་དཀོན་པོ་རེད། ལྷག་པར་དུ་ཆོས་ལུགས་ལ་དམའ་འབེབས་བྱེད་པ་དེ་ཚོ་ནི་འཇིག་རྟེན་སྤྱི་ཚོགས་འདི་ཡི་གཤེད་མ་ངོ་མ་རེད། དེར་རྟེན་ནུབ་ཕྱོགས་པ་མང་པོ་ཞིག་གི་བསམ་ཚུལ་ལ་ཆོས་ལུགས་ནི་དམག་འཁྲུགས་སློང་མཁན་ལྟེ་བ་དེ་ཡིན་པར་སེམས་ཏེ་རང་གི་ཕ་མྱེས་ཀྱི་ཆོས་ལུགས་དང་དེ་མིན་ཆོས་ལུགས་གཞན་ལའང་ཞེན་པ་གཏིང་ནས་ལོག་སྟེ་ཆོས་ལུགས་ཁས་མི་ལེན་པའི་ལྟ་བ་ཞིག་ཏུ་གྱུར་ཡོད། ཁོང་ཚོའི་བསམ་པའི་ཐག་ཆོད་དེ་ལའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། དཔེར་ན་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཞིག་ལྟས་ནའང་གསལ་གསལ་ཐིང་ཐིང་རེད། མ་ཟད་ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་འདི་ལའང་ཁ་བརྡའི་དྲ་རྒྱ་ཆུང་ཆུང་འདི་ཡི་ནང་དུའང་ཆོས་ལུགས་ཀྱི་དམག་འཁྲུགས་རྒྱབ་སྟེ་ཤེས་ཡོན་ཅན་མཆན་བུ་བ་མང་པོ་ཞིག་རིམ་གྱིས་འཇའ་ལྟར་ཡལ་དང་ཡལ་བཞིན་པ་རེད།
,དྲ་གྲོགས་རྣམ་པ་ཆོས་ལུགས་དང་ཆོལ་ཁའི་རྙོག་དྲ་མི་གླེང་བར་ཞུ། ཆོས་ལུགས་དང་ཆོལ་ཁ། གསར་རྙིང་སོགས་ཀྱི་འཐེན་འཁྱེར་ཕྱོགས་ཞེན་སྤངས་ཏེ་ཛ་དྲག་གི་དུས་སྐབས་འདིར་བོད་མི་ནང་ཁུལ་མཐུན་འབྲེལ་དང་། བོད་རིགས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་མཐུན་འབྲེལ་བྱེད་དགོས་པ་ནི་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་ཚིག་གི་ཆ་ཤས་ཤིག་ཡིན་པ་མ་བརྗེད་པར་ཡིད་ལ་ཟུངས། །