(ལེའུ་ཚན་དང་པོ།)
ཨ་རིག་དགེ་མཐོང་།
དེང་སང་སྒོར་མོ་དང་དགོན་པ་གཉིས་རྟེན་འབྱུང་ལྟོས་གྲུབ་ལྟ་བུར་བྱས་ནས་འགྲོ་གིན་ཡོད་ལ་འགྲོ་བ་ཙམ་མ་ཟད་ཐལ་ཆེ་དྲགས་ཡོད །དགོན་སྡེ་ཚོ་སྒོར་མོ་ལ་དགའ་བའི་དབང་གིས་དགོན་པའི་བཟོ་ལྟ་ཤོར་མྱོང་ལ་སྒོར་མོའི་སླད་དུ་དགོན་པ་ན་གཏམ་རྒྱུད་དགོད་སྤྲོ་བ་མང་བོ་བཤད་རྒྱུ་ཡོད། སྤྱིར་བཏང་གདན་ས་ཁག་གཙོས་རིས་མེད་ཀྱི་ཆོས་སྡེ་ཚོས་ཉིན་རེའི་སློབ་གཉེར་དང་སྒྲིག་ཁྲིམས་སོགས་ལ་བཟང་ཆ་མང་ལ་སྐྱོན་ཆ་ཡང་རེ་ཟུང་ཡོད། ད་དུང་དགེ་འདུན་པ་བརྒྱ་ཆའི་དགུ་ཅུའི་སློབ་གཉེར་གནང་སྟངས་ནི་དངོས་གནས་རང་གིས་མངོན་སུམ་དུ་མཐོང་བ་མིན་ན་སྒྲོ་བཏགས་ནས་བཤད་ཀྱིན་ཡོད་པ་དྲན་སྲིད་མོད། འདིར་ཉིན་ཁ་ཤས་རིང་བསྡད་མཁན་གྱི་མི་སྐྱ་གང་མང་ཞིག་ཧ་ལས་ཤིང་ཧང་སངས་ཏེ། ཕྱིར་མང་ཚོགས་ཁྲོད་དུ་སླེབས་དུས་ཀྱང་དགེ་འདུན་པའི་སློབ་གཉེར་གནང་སྟངས་ཅི་བཞིན་འགྲེལ་བཤད་གནང་ཡང་། ཡོང་མ་མྱོང་མཁན་དང་རྒྱུས་མེད་ནི་ཚོས་སྐད་ཆ་དེའི་རིགས་ལ་ཡིད་ཁྱོན་ནས་མི་གཏད་དོ།།
འོན་ཀྱང་། རྒྱ་མཚོ་ཆེན་མོའི་ནང་དུ་སྲོག་ཆགས་འདྲ་མིན་ཡོད་པ་ལྟར། གྲྭ་སའི་ནང་དུ་ཡང་སྤྱོད་ངན་ཅན་རེ་ཟུང་ཡོད་པས་དགེ་འདུན་པ་མང་མའི་མཐོང་བརླག་གིན་ཡོད་རེད། དེ་ནི་སྐབས་དོན་དང་མ་འབྲེལ་བས་གླེང་མཚམས་འཇོག
ངས་གླེང་འདོད་པ་ནི་དགོན་པ་དང་སྒོར་མོའི་གནད་དོན་ཡིན་ལ། དེའི་ཐད་དུ་ཁོ་བོས་སྒྲོ་བཏགས་མིན་པར་ཅི་བཞིན་མདོར་བསྡུས་ཤིག་མ་བརྗོད་རང་བརྗོད་ཆགས་སོང་། དེས་ན། ང་ཚོས་མི་ལོ་ལྔ་བཅུ་ལྷག་གི་རིང་ཕྱི་རྒོལ་ཡུལ་གྲུ་ཀུན་ཏུ་ནང་ཆོས་བཙོང་ནས་རང་ཁ་གསོས་པ་འདྲ་བོ་ཆགས་སྟབས། ད་ལྟ་མགོ་སེར་ཚོས་ཀྱང་ནང་ཆོས་ཟེར་ན་སྔོན་མ་ནང་བཞིན་ནུར་ནས་ཡོང་གི་མེད་པར་བརྟགས་ཀྱང་དཔྱད་ནས་བལྟ་གི་ཡོད། ད་དུང་གྲྭ་ས་དང་དགེ་འདུན་པ་ཟེར་ན་སྒོར་མོ་བཙལ་མཁན་ཞིག་ཏུ་ཕལ་ཆེར་གྱིས་ངོས་འཛིན་པའི་བལྟ་སྟངས་ཡོད་ལ། དེ་ནི་དགེ་འདུན་པ་མང་མའི་སྐྱོན་མིན་པར་རེ་ཤས་ཤིག་གིས་མ་རབས་ཐ་ཤུལ་བྱས་པ་ལས་བྱུང་བ་ཤ་སྟག་གོ ། གདན་ས་གཙོས་རིས་མེད་ཀྱིས་དགོན་སྡེ་ཚོས་ཕྱི་རྒོལ་ཡུལ་གྲུ་ཀུན་ཏུ་ནང་ཆོས་ཀྱི་བྱམས་དང་སྙིང་རྗེའི་སྐོར་མི་གླེང་བར་མདའ་མདོ་དང་གླུད་སོགས་ཀྱི་མཚོན་པའི་བརྒྱ་བཞི་ཆ་གསུམ་བཅས་ཀྱིས་མགོ་སེར་ཚོས་མགོ་གཡོགས་པས་ཡིན། ད་ལྟ་མགོ་སེར་ཚོས་ཀྱང་རྒྱལ་བའི་བཀའ་གསུང་དག་ལ་ཉན་པ་དང་བཀླགས་་པ་སོགས་ཀྱི་གྲོང་ཆོག་དང་གླུད་གཏོར་སོགས་ཀྱི་ཆོ་འཕྲུལ་རྫུན་མ་དེ་ཤེས་པས་ཡིད་ག་འགག་བཞིན་ཡོད།
དེའི་རྗེས་སུ་དགོན་སྡེ་ཚོས་ཐབས་ལམ་གཞན་ཞིག་རྙེད་པ་བོད་ཀྱི་ལྷ་མོ་སོགས་ཀྱི་མཚོན་པའི་འཁྲབ་སྟོན་རེ་བྱས་ཏེ་སྒོར་མོ་འགུགས་ཐབས་དེ་རེད། ད་ལྟ་དེའི་ཕྱོགས་ནས་ཀྱང་རེ་བ་བྲལ་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་དང་འགྱུར་བཞིན་དུ་ཡོད་པ་ཀུན་གྱི་མིག་ལམ་དུ་བཤམས་ནས་སོ། །དགོན་པའི་དགེ་བཤེས་འགའ་རེ་ཕྱི་རྒོལ་དུ་ཕྱིན་ནས་ཕྱིར་འོང་མེད་པ་ཆགས་ཀྱིན་ཡོད་ལ། ཁག་ཅིག་གིས་ཆོས་ཚོགས་ཟེར་བའི་ཐ་སྙད་སྙན་མོ་རེ་སྦྱར་ནས་འཁྲབ་སྟོན་སྣ་ཚོགས་བྱེད་ཀྱིན་ཡོད། འཁྲབ་སྟོན་དེའི་རིགས་ཀྱི་ཁག་ཅིག་དགོན་པ་གཞུང་དང་གཙོ་ཆེ་བ་སྒེར་དང་འབྲེལ་བ་ཡིན་ཡང་།དེ་ལ་གདན་ས་དང་དགོན་སྡེ་ཚོས་རྒྱབ་སྐྱོར་ཅི་དགོས་བྱེད་པ་ལས་རྒྱབ་ལོགས་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་མི་བྱེད། རྒྱུ་མཚན་སྒོར་མོ་ལ་ཐུག་ཡོད་པས་ཡིན། ཡང་སློབ་གཉེར་སོགས་ཐད་ནས་རེ་བ་ཅི་ཡང་མེད་པ་འགའ་རེས་ཕྱི་རྒོལ་ནས་སྒོར་མོ་གསོག་ཆོས་ཚོགས་འདྲ་བོ་བཙུགས། སྐབས་དེར་གདན་སའི་ལས་སྣེ་དང་སྒོར་དགའ་མང་བོ་ཞིག་གིས་དགེ་བའི་བཤེས་གཉེན་ཁོང་གི་སྐུ་ཚེ་བརྟན་དགོས་རབས་ཟེར་ནས་ཚོགས་འཚོགས་ཞབས་རིམ་བསྒྲུབས། དགེ་འདུན་པ་ཚོ་བཙན་གྱིས་ཚོགས་ལ་དེད། སྒོར་མོ་འབུམ་འགའ་རེ་སྤྲད་པ་ན་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་འགྲུབ་དགོས་རབས་སོགས་ཀྱིས་ཞགས་མགོ་དེ་ཡང་ངེས་དོན་མཁས་དབང་ལྟ་བུར་བསྒྲུབ་ངེས། དེ་ཡང་མཐར་དེད་ན་སྒོར་མོའི་བསླུ་བྲིད་རེད།
གདན་གསུམ་གཙོས་དེང་གི་དགོན་སྡེ་ཚོས་སྒོར་མོ་ཨང་དང་པོ་དང་སློབ་གཉེར་ཨང་གཉིས་པར་བརྩི་གྱིན་ཡོད་པ་རྒྱུས་ཡོད་ཅིག་ཡིན་ན་གསལ་གསལ་ཐང་ཐང་ཡིན། གདན་ས་ཁག་ཅིག་གིས་སྒོར་མོ་ཚད་ལས་བརྒལ་བ་གསོག་ནས་དགེ་འདུན་པ་ཚོའི་ཕྱག་ཏུ་མི་འབུལ་བར་རང་སྒེར་གྱི་ངོ་ཤེས་དང་ཇ་ཁ་ཟ་ཁང་ནས་འདུག་རོགས་ཁག་ཅིག་ལ་དངུལ་སྐྱེད་དུ་བཏང་། རྗེས་སུ་མ་རྩ་བརྡིབས་རབས་ཀྱིས་སྐད་ཆ་གཅིག་གིས་འབད་འབད་དུང་དུང་གིས་གསོག་པའི་སྤྱི་རྫས་ཁྲིམས་འགལ་མ་དེ་ས་གནམ་གང་དུ་སོང་མི་ཤེས་པར་གྱུར་འགྲོ། དེ་ལ་གླེང་སློང་མཁན་མེད་ལ་ད་དུང་རྒྱབ་སྐྱོར་ལྟ་བུ་བྱེད་མཁན་མང་བས་དགོན་པའི་སྒོར་མོ་འདི་གཙང་མ་ཞིག་ཁྱོན་ནས་ཆགས་ཐུབ་མེད་ལ། མ་འོངས་པ་ན་ཚེ་མཆོག་གླིང་ལྟར་རྙོག་དྲ་རེ་མི་ཡོང་བའི་ངེས་པ་གཏན་ནས་མེད།
གཤམ་ནས་ངས་འགན་འཁུར་ཐུབ་པ་བདེན་རྟགས་ཡོད་པའི་སྐད་ཆ་འགའ་ཞུ། ལོ་འགའི་སྔོན་དུ་གདན་སའི་གྲྭ་ཚང་ཞིག་གིས་རང་གི་སྦྱིན་བདག་བླ་མ་རྒྱུ་ཆེན་ཞིག་ལ་ངོ་སོ་འཚོལ་ཕྱིར་ཏུ་སྐྱུག་བྲོ་བའི་ལས་ཀ་འདི་ལྟར་བྱས་ཡོད་དེ། སང་ཉིན་ཚོགས་ལ་སྐུ་འགྱེད་ཆེན་པོ་ཡོད་པས་དགེ་འདུན་པ་ཚོ་ཕེབས་རོགས་ཞེས་བརྡ་བཏང་། ཞོགས་ཀ་དགེ་འདུན་པ་རྣམས་ཚོགས་ལ་ཕེབས་དུས་སྐུ་འགྱེད་ཧིན་སྒོར་ལྔ་བཅུ་རེ་འདུག སྐུ་འགྱེད་ཀྱི་ཆ་ནས་དངོས་གནས་སྐབས་དེར་ཆེན་པོ་རེད་ལ། གྲྭ་རྐྱང་ཚོའི་ངོས་ཐད་ནས་དན་དན་འཚོ་བའི་ཁ་སྣོན་ལ་ཕན་ངེས་རེད། ཚོགས་གྲོལ་མ་ཐག་དགེ་འདུན་པ་ཚོ་སྒོ་ཆེན་དང་སྒོ་ཆུང་ཁ་ནས་བསྒགས་འདུག དེ་དུས་སྔོན་གྱི་རྒྱ་ནག་གི་རིག་གནས་གསར་བརྗེ་ཞེས་པའི་སྐབས་ཀྱི་ཚོར་བ་མེས་པོ་ཚོས་བཤད་པ་དབང་མེད་དུ་ཡིད་ལ་དྲན། དགེ་འདུན་པ་ཁག་ཅིག་གིས་རྒྱུ་མཚན་ཅི་ཡིན་ཧ་མ་གོ་བར་ལྷག་འདུག་མོད། དགེ་བསྐོས་དང་ཆ་རིལ་འབོད་པ་སོགས་ཀྱིས་འདུ་ཁང་གི་སྒོ་འགྲམ་དང་ནང་དུ་ཕེབས་རོགས། ང་ཚོ་བཀའ་དྲིན་ཅན་གྱི་བླ་མ་དེ་བ་ཚང་ལ་ཆོས་ཞུས་ཡོད་རེད། ཚང་མས་ཉན་དགོས་པ་རེད། སྦྱིན་བདག་མང་བོ་ཡོད་པས་སྤྱོད་ལམ་གང་བཟང་བཟང་བྱེད་དགོས་ཞེས་སྐད་ཆ་མཚར་རོ་རྐྱང་རྐྱང་བཤད། དགེ་འདུན་པ་ཚོ་རང་དབང་མེད་པར་བླ་མར་འབོད་པའི་བླ་རྒན་དེའི་ཆོས་བཤད་དམ་ཡང་ན་གཏམ་བཤད་ལ་བཙན་གྱིས་ཉན་དུ་བཅུགས། གལ་སྲིད་འདི་འདྲ་ཞིག་རྒྱ་ནག་ནས་སྤེལ་ཡོད་ཚེ་སང་ཉིན་ནས་བཟུང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཏང་སྟེ་ཆོས་ལུགས་དད་མོས་རང་དབང་མི་འདུག་ཅེས་ཟེར་ངེས་རེད། འོན་ཀྱང་། རང་ཐད་དུ་སླེབས་སྐབས་གསར་འགྱུར་མ་དགོས་གསང་བ་ལྟ་བུ་བྱས་ཏེ་དགེ་འདུན་པ་ཚོ་དེ་འདྲ་དགོས་རབས་དང་ཁོང་མེད་ན་ང་ཚོ་ལ་འཚོ་བའི་ཕྱོགས་ནས་དཀའ་ངལ་ཆེ་རབས་བརྗོད་དེ་དགེ་འདུན་པ་མང་བོ་ཞིག་གི་བློ་ཁ་ལམ་སེང་བསྒྱུར་ཐུབ་ཡོད། མདོར་ན། དེ་དུས་བྱང་ཆུབ་ལམ་རིམ་དང་རིས་མེད་ཀྱི་བསྟན་འཛིན་སྐྱེས་བུ་དག་གིས་བཤེས་གཉེན་བསྟེན་ཚུལ་ལ་བརྟགས་དགོས་རབས་གསུངས་པའི་དོན་མོག་མོག་ཅིག་ཏུ་བཟོས་པ་རེད། ད་དུང་བླ་མ་དེ་བ་ཚང་གིས་བོད་སྐད་ཡིག་དག་མ་ཞིག་མི་མཁྱེན་པ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པས་ངས་བསྐྱར་ཟློས་ལ་ངལ་བ་མི་བྱེད། དངོས་གནས་བྱས་ན། ཁོང་ང་ཚོའི་སྦྱིན་བདག་ཡིན་པའི་དངོས་ནས་བཀའ་དྲིན་ཞུ་སྟངས་ཡོད་མོད། ཡིན་གཅིག་མིན་གཉིས་ཀྱིས་ཆོས་འབྲེལ་འཇོག་དགོས་པ་འདི་བསྟན་པ་དང་སྟོན་པ་ལ་ཁྱད་གསོད་བྱས་པ་མ་ཡིན་ནམ། དུས་རྒྱུན་བླ་མ་ཁོང་བཀའ་དྲིན་ཆེ་རབས་དང་སྐུ་ཚེ་བསྐལ་བརྒྱར་བརྟན་དགོས་རབས་གླེང་བ་རེད། དེ་ནི་ལོས་དགོས་དྲིན་བྱས་པ་དྲིན་ལེན་ངེས་པར་གལ་ཆེ་ཡང་། ཆོས་འབྲེལ་འཇོག་འདོད་མེད་པའི་དགེ་འདུན་པ་ཚོ་ལ་བཙན་གྱིས་དེ་ལྟར་བྱས་པ་ཆོས་དང་འཇིག་རྟེན་གང་གི་ཐད་ནས་བལྟས་ན་མི་འོས་ཤིང་མི་འཚམ་པ་ཞིག་དང་། དེ་ནི་གྲྭ་ཚང་ཞིག་གིས་སྒོར་མོས་གནོད་ཤུགས་ལ་མགོ་བསྒུར་སྟངས་དངོས་ཤིག་ཡིན།
ཡང་ན།བླ་མ་འབོད་པའི་རིག་མ་ཅན་ཞིག་ཐོག་མར་རྒྱ་གར་དུ་འཚོ་བའི་དཀའ་ངལ་ཡོད་དུས་སུ་དགོན་པ་འདི་དང་ཁང་ཚན་གན་གི་ཡིན་ཞེས་བདག་རྒྱག་མཁན་ཞིག་མ་བྱུང་ཡང་།རྗེས་སུ་ཕྱི་རྒོལ་དུ་སོང་ནས་སྒྲོ་ལོར་གྲངས་མེད་ཅིག་ཁྱེར་སྟེ་ཡོང་སྐབས་སུ་གྲྭ་ཚང་དང་ཁང་ཚན་ཁ་ཅིག་གིས་དར་ཨ་ཤེ་བཟུང་སྟེ་ཁྱེད་ཚང་འདིར་ཕེབས་དང་གན་དུ་བཞུགས་རོགས་སོགས་ཀྱིས་འཚང་ཁ་ཆེ་བ་ཡོངས་སུ ་གྲགས་པས་སོ། ། ལྷག་པར་ཉིན་དེར་ས་དེའི་ནམ་རྒྱུན་གྱི་དགོན་པའི་འཇེབ་འཁོར་གང་ཡག་དང་ཉེ་འཁོར་གྱི་རླངས་འཁོར་ཅི་མཛེས་སོགས་བླ་མ་དེ་བ་ཚང་གི་སྔུན་དུ་ཁྲིད་སོང་བས། སྐབས་དེར་ལས་དོན་ཞིག་གི་དབང་གིས་བཙན་ཡང་རྙེད་རྒྱུ་མི་འདུག་ཟེར། དེ་ལ་གཞིགས་ན་སྒོར་མོས་བཙན་འཛིན་ནམ་གནོད་ཤུགས་མཐོང་ཐུབ་སྟེ།།དེའི་སྔུན་ནས་དགོན་པའི་ཕྱག་མཛོད་དང་ཁང་ཚན་ཁག་ཅིག་གི་ལྕེ་གནར་གནར་དང་མགོ་སྒུར་སྒུར་བྱས་ཏེ་ཁྱེད་ཚང་གི་ཐོབ་ཁུངས་འདི་ཡིན་རབས་དང་སྔོན་ནས་འབྲེལ་བ་བྱེད་བསམ་ཡང་དུས་ཚོད་ཀྱིས་མ་གཅོག་རབས་དང་ལེ་ལོ་དང་རྣམ་གཡེང་ཆེ་བས་ལྷག་སོང་རབས་བཤད་པ་ནི་ངོ་ཚ་བའི་གནས་ཡིན་མོད། སྒོར་མོས་བཙན་འཛིན་གྱིས་དེ་ལྟར་བྱས་པ་རེད། དགེ་འདུན་པ་སྤྱི་པའི་སླད་དུ་དེ་འདྲ་བྱས་ན་མི་ཆོག་རྒྱུ་མེད་མོད། རྗེས་སུ་སྒོར་མོ་ཕོན་ཆེན་རེ་རག་ན་དགེ་འདུན་པའི་ཕྱག་ཏུ་མི་འབུལ་བར་ཕྱིར་ཡོང་མེད་པའི་རྒྱ་གར་བ་དང་བོད་པ་ཟ་འདྲེ་འགའ་རེའི་ལག་ཏུ་བཞག་པ། ཡང་ན་སྒོ་གཏད་ནས་འབྱེད་རྒྱུ་དཀའ་བའི་སྒམ་ཞིག་གི་ནང་དུ་བླུགས་ཏེ་རུལ་དུ་འཇོག་པ་སོགས་ནི་ཞེ་སྟེང་ནས་ཁྲོ་བའི་རིགས་སོ། ། ད་དུང་ཁྱེད་ཚང་གི་རིག་མ་ངེད་ཚང་གི་ཐོབ་ཁུངས་ཡིན་རབས་གླེང་བ་སོགས་ཤིན་ཏུ་མི་འོས་ཤིང་མི་འཚམ་པའི་བྱ་སྤྱོད་གྲངས་ལས་འདས་ཀྱང་རེ་རེ་བཞིན་གླེང་ན་རྫོགས་མཐའ་མེད་པས་གནས་སྐབས་བཏང་སྙོམས་སུ་འཇོག དེ་ཡང་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས། ནམ་རྒྱུན་ང་རང་གི་སེམས་ཀྱི་དྲན་ཚུལ་སྔོན་མ་ནས་བཤད་པ་སྟེ་དགེ་མཚན་ལ་ བསྟོད་ར་མི་གཞན་གཏོང་དུ་བཅུག ང་རང་ཚོ་སྐྱོན་གང་ལྷག་གི་འདུག་དེའི་ཐོག་བསམ་བློ་བཏང༌། དོ་སྣང་བྱས། གོ་བསྡུར་བཅས་བྱེད་དགོས་ཞེས་བརྗོད་ཡོད། བཀའ་གསུང་འདི་གཞི་ལ་བཅོལ་ནས་སྐྱོན་གྱི་ཕྱོགས་གླེང་བ་མ་གཏོགས་དགོན་སྡེ་ལ་ལེགས་ཆ་མང་བ་བརྗོད་མ་དགོས་སོ།།
འདི་ནི་གཞན་གྱི་འདྲེ་ལག་ཕུང་གསུམ་པ་ཞིག་གིས་སྔུན་ནས་བསྲིངས་ཏེ་བྲིས་པ་མིན་ལ་རྒྱབ་ནས་ཕ་རོལ་གང་ཟག་ཞིག་གིས་ཁ་བཀོད་ལ་ཉན་པ་དེ་བས་ཀྱང་མིན།དུས་རྒྱུན་དགོན་པའི་སྒྲིག་ཁྲིམས་དང་བཅས་ལ་བསམ་གཞིགས་བྱས་ཏེ་རྙེད་པའི་ཚོར་བ་ལྕི་མོ་འགའ་རེ་རང་གིས་ཡི་གེ་གཏགས་པ་དང་ཡིད་ལ་དྲན་པ་བརྩམས་པ་སོགས་ཀྱིས་མཇུག་བསྡུས་པའོ། །
ཨ་རིག་དགེ་མཐོང་ལགས་ཀྱིས་གསུང་པ་བརྒྱ་ཆ་དགུ་ཅུ་དངོས་ཡོད་དྲང་བདེན་མིག་མཐོང་ལག་ཟིན་གྱིས་གནས་ཚུལ་རེད། དེང་གི་དགོན་པ་ཆེ་ཆུང་ཚང་མས་སྒོར་མོའི་ཆེད་དུ་འདུལ་ཁྲིམས་དང་མཐུན་མི་མཐུན་ལ་མི་བལྟ་བར་གང་ཞིག་བྱེད་དགོས་ནའང་རྒྱུགས་ཀྱང་དང་མཆོངས་ཀྱང་བྱེད་པ་ལ་བལྟས་ན་ཆོས་ཀྱི་ཆེད་དུ་སྒོར་མོ་ཚུར་ཡོང་བ་མིན་པར་སྒོར་མོའི་ཆེད་དུ་ཆོས་ཕར་བཙོང་དགོས་པའི་གནས་སྟངས་ཐབས་སྐྱོ་བོ་འདི་ཆགས་ཡོད་སྙམ།
དགེ་མཐོང་ལ་འདི་རྒྱུར། ཁྱེད་ཀྱི་རྩོམ་དེའི་མགོ་རྔ་ཀུན་ན་ཕྱི་རྒོལ་ཕྱི་རྒོལ་ཕྱི་རྒོལ་ཞེས་བྲིས་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་བཞིན་བོད་ཀྱི་སྐད་ཡིག་མི་ཟེར་བར་བོད་སྐད་ཡིག་ཟེར་དོན་ཅི་ཡིན་ནམ། དོན་དག་ཆུང་ཆུང་རེད་དེ་ལན་ཞིག་གནང་རོགས།
དངོས་གནས་ཡིན་རྒྱུ་རེད་དེ་འདྲ་བོ་རེད་ཡིན་ན་ཡང་ད་ལྟའི་དུས་རབས་གསར་པའི་ཁུགས་སོ་
སྤྱི་ཚོགས་ཛར་རེ་ཛོར་རེ་འདིར་དགོན་སྡེ་ཁག་ནས་ཀྱང་རོགས་དངུལ་ཛར་རེ་ཛོར་རེ་ཞིག་མ་
རགས་ན་ང་ཚོའི་དུས་རྒྱུན་བསྟན་པ་དང་བསྟན་པ་ཡར་རྒྱས་དང་ཡར་རྒྱས་བཤད་བསྡད་རྒྱུ་དེ་
དོན་ཐོག་བསྐྱལ་དཀའ་མོ་ཡིན་རྒྱུ་རེད།འཇིག་རྟེན་འདིའི་མཛེས་རྒྱན་གཙོ་བོར་ག་རི་ཡིན་མིན་
ནི་རྩོམ་པ་པོའི་བརྗོད་བྱ་གོངབཞིན་རེད་ཡ།
དངོས་གནས་དངོས་ཡོད་གནས་ཚུལ་ནི་རེད།
མཚན་ཉིད་རིག་པ་དང། ལྡན་ས། བོད་མི་རིགས་ཀྱི་རིག་གནས་དང། དགོན་པ།
མིའེ་ཚེ་སྲོག་དང་ སྒོར་མོ་ ལོ་ལོ་ལཕ།
གྲྭ་ལོག་གྲྭ་བའི་ལྟ་ངན་ཡིན།
གུས་རང་མཐོང་ཐོས་ཉུང་བ་དང་ཤེས་བྱ་དམན་པའི་སྐྱེ་བོ་ཞིག་ཡིན། འོན་ཀྱང་ཨ་རིག་ལགས་ཀྱི་སྐབས་རེ་ཚིག་དང་ཐ་སྙད་སོགས་བཀོལ་སྤྱོད་ཀྱིས་ཀློག་པ་པོ་ཕྲན་ལྟ་བུར་ལ་དཀའ་ངལ་འཕྲད་བཞིན་འདུག་པས། ཉིད་ནས་ལམ་སྟོན་གནང་རོགས།
དངོས་གནས་དེ་འདྲ་བའི་གནས་སྟངས་ཡོད་བ་མཐོང་སོང
དངོས་ཡོད་གནས་ཚུལ་རེད་ངས་ཉིན་ཤས་སྔོན་དུ་དེ་འདྲའི་གནས་ཚུལ་ཞིག་མཐོང་སོང་། ངོ་མ་ངུ་ཤོར་དགོས་པ་ལྟ་བུའི་ལས་ཀ་དེ་འདྲ་བྱས་སོང་ཚང་མ་ང་ཚོ་བོད་པའི་བླ་མ་དང་གྲྭ་པ་དག་གིས་བྱས་སོང་། ཁེ་སོང་ཟ་ཉན་ནི་ཁ་ཤས་ཤིག་རེད་འདུག་ལ་བྱ་བ་དེའི་ནང་བོད་པའི་བླ་གྲྭ་སུམ་བཅུ་ཙམ་མཉམ་ཞུག་བྱས་སོང་། ང་རང་ཡང་དེའི་གྲལ་དུ་རྩི་དགོས་ངེས་ཡིན་དེའི་ཉིན་དེ་གྲལ་མཐའ་དེ་ཉན་སྣ་རེ་བྱས་ཏེ་སྡད་ཡིན། ངོ་མ་ཁོང་ཚོ་ནི་བྱང་ཆ་ཆེ་ལ་གོ་རིམས་ཡོད་པའི་ཕྱག་ལས་དེ་འདྲ་གནང་ཡ་འདུག ཨ་རིག་བ་སྔར་དང་མ་འདྲ་བའི་ད་རེས་སྐད་ཆ་སྐྱོང་པོ་ཞིག་བཤད་འདུག།
ཚིག་སྦྱོར་འགོ་རྔ་མེད་པ་ཁ་ཤས་རེ་གོང་བསྒྲིགས་ཏེ་དགེ་འདུན་པའི་སྡེ་ལ་སུན་འབྱིན་པ་ནི་ལས་ངན་ཁྱོད་བསོད་ནམས་ཟད་པའི་རྒྱུ་ཁ་ནའོ།
སྙིགས་མ་ལྔ་པོ་ཆེས་ཆེར་བདོ་དུས་འདིར།།
ལོག་འཚོ་ལྔ་ཡིས་གོས་ལ་རབ་ཉེ་བས།།
གླིང་ཆེན་ལ་ྔཡི་ལུང་རྟོགས་བསྟན་འཛིན་སྡེ།།
འགྲོ་བ་ལྔ་པོའི་སྐྱབས་སུ་ཇི་ལྟར་འཚོ།།
བྱམས་པའི་སྨོན་ལམ་ལས།
ལོག་པའི་འཚོ་བ་རྣམས་སྤངས་ཤིང་།།
ཆོས་ཀྱི་འཚོ་བས་འཚོ་བར་ཤོག།
ཅེས་སོགས་དང་།
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མིད་ལ་རས་པའི་ཞལ་སྔ་ནས།
ཕུ་ལ་བསྒྲུབས་པ་མཛད་པའི་གང་ཟག་དང་།།
མདའ་ལ་ཆོས་ཡོན་བསྒྱིས་པའི་སྦྱིན་བདག་གཉིས།།
རྫོགས་སངས་མཉམ་དུ་རྒྱས་པའི་རྟེན་འབྲེལ་ཡིན།།
ཞེས་གསུངས་པས་རིས་མེད་ཆོས་སྡེ་ཁག་གིས་དཔལ་འབྱོར་འདུ་འགོད་སོགས།སྟོན་པ་ཐུབ་པའི་དབང་པོའི་བསླབ་བྱ་དང་ཡོངས་སུ་འགལ་བའི་རྒྱུ་ནོར་གསོག་བསྲུངས་འགྲན་རྩོད་ཀྱི་དོན་གཉེར་གཙོ་བོར་མ་མཛད་པར་ཐོས་བསམ་སྒོམ་གསུམ་གྱི་བཤད་སྒྲུབ་
འཁོར་ལོ་གསུམ་པོའི་་བྱ་བར་རྩེ་གཅིག་ཏུ་གཞོལ་ན་ནམ་ཡང་ཕུང་མི་སྲིད་ཅིང་སྟོན་པ་ཐབས་མཁས་ཐུགས་རྗེ་ཅན་དང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་དགོངས་པ་དང་རབ་ཏུ་མཐུན་
པར་སེམས་སོ།།
ད་ཡང་གདན་སའི་སྐོར་གླེང་མོལ་ཡོང་གི་འདུག ཨ་རིག་དགེ་མཐོང་ཡིན་ནམ་སྡིག་མཐོང་ཡིན་ཆ་མ་འཚལ། གཞན་སྐྱོན་གླེང་མཁན་ཞིག་གི་ངོས་ནས་བཤད་ན་ཐོག་མར་རང་ཉིད་སྐྱོན་ཀུན་ཟད་ཡིན་ན་རབ་དང་། མ་མཐར་ཡང་ལྷག་བསམ་ཡོད་མཁན་ཞིག་ཡིན་ན་ཁོའི་སྐད་ཆ་ལ་ཚད་འཛིན་བྱེད་ཆོག དེ་མིན་ངན་པས་ངན་པ་ལ་མཚང་འདྲི་བ་དང་གཅིག་མཚུངས་རེད། མི་ཁ་ཤས་དང་པོ་འགྲོ་ས་འདུག་ས་མེད་དུས་གདན་ས་ཁག་ལ་འཛུལ་ཡོང་ནས་དགེ་འདུན་མང་དང་མཉམ་དུ་བཀོར་ཟས་ལ་ལོངས་སྤྱད། དེའི་རིགས་དག་ནི་དང་པོ་ཉིད་ནས་སློབ་གཉེར་བྱེད་དུ་ཡོང་ནི་མ་རེད། ལྟོ་ཕྱིར་ཡོང་བ་རེད། དེ་ནས་དཔེ་ཆ་ལྟ་རྒྱུ་ཕར་ཞོག གྲོང་གསེབ་ཁག་དང་ག་སར་འཁྱམས་ཉུལ་བྱས་ནས་དུས་ཚོལ་བསྐྱལ་མཁན་ཆགས་ཡོད་ལ། ཁོའི་མིག་མདུན་ན་ཡོད་པ་གང་གི་འཁྲབ་ཏོ་དང་དོབ་དོབ་རིགས་ཁོ་ན་སྟེ། གྲོགས་ངན་དང་འགྲོགས་ནས་དེའི་ལག་རྗེས་ལ་ཡོད་ཚད་ཟོག་པོར་མཐོང་། འཇིག་རྟེན་ཁ་དཔེར། སླ་ང་འགྲོགས་ན་དྲེག་པ། མཆོད་རྟེན་ཐུག་ན་དཀར་རྩི།། ཟེར་བ་ལྟར་རེད། ༼གདན་གསུམ་གཙོས་དེང་གི་དགོན་སྡེ་ཚོས་སྒོར་མོ་ཨང་དང་པོ་དང་སློབ་གཉེར་ཨང་གཉིས་པར་བརྩི་གྱིན་ཡོད་པ་རྒྱུས་ཡོད་ཅིག་ཡིན་ན་གསལ་གསལ་ཐང་ཐང་ཡིན།༽སྐད་ཆ་འདི་ནི་མི་ངན་རེ་གཉིས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གདན་ས་སྤྱི་ཡོངས་ལ་བཤད་ན་ཐལ་ཆེ་བའི་སྐད་ཆ་རེད། དེ་འདྲ་ཡིན་ན་གདན་ས་ལ་ཡོང་མཁན་ཚང་མ་སྒོར་མོ་དོན་དུ་གཉེར་ནས་ཡོང་མཁན་ཆགས་སོང་། སྔོན་མ་ངས་ཀྱང་དེ་ལྟར་བསམ་མྱོང་། དངོས་གནས་གྲྭ་བ་གྲྭ་རྐྱང་དཔེ་ཆ་ཡག་པོ། སྤྱོད་ལམ་བཟང་པོ། འདོད་ཆུང་ཆོག་ཤེས་ལ་གནས་མཁན་རྒན་གཞོན་བར་གསུམ་གང་ནས་བལྟས་ཀྱང་རྒྱ་ཆ་ལ་དཔགས་ན་མང་ཤོས་རེད། འདི་ནི་ང་རང་གིས་ལོ་བཅོ་ལྔ་ཉི་ཤུའི་རིང་དངོས་སུ་མཐོང་བའི་གནས་ཚུལ་ཡིན། ང་ཚོས་རེ་བ་རྒྱག་ས་དེ་ཚོ་རེད། ཁོང་ཚོའི་གྲས་ན་བོད་ཀྱི་རིག་གནས་སྐད་ཡིག་དང་ནཱ་ལཎ་ཊའི་བཤད་རྒྱུན་འཛིན་པ་གཞུང་ལུགས་མང་པོ་ལ་འཆད་ཉན་གྱི་རྐང་འཛིན་པ་ཤ་སྟག་ཡིན་པས་འདི་དག་ལ་ཞྭ་མོ་ནག་པོ་མ་གཡོགས་རོགས་ཅེས་འབོད་སྐུལ་ཞུས་པ་ཡིན། གལ་སྲིད་མི་ངན་རེ་གཉིས་ཐེ་འདོན་བྱེད་འདོད་ན་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་ལེགས་པར་ཕྱེ་ནས་ཤོད་རོགས།
མི་བཟང་པོ་ཞིག་ཡིན་ན། གཞན་གྱི་ཡོན་ཏན་བརྗོད། རང་གི་སྐྱོན་བརྗོད་མཁན་ཞིག་དགོས། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་རྒྱུན་རེད། འདུལ་བའི་གཞུང་ནས་ཁྱིམ་པ་སུན་འབྱིན་ཟེར་བ་གང་ཟག་རེ་གཉིས་ཀྱི་ཐ་ཤལ་སྤྱོད་ངན་ལ་བརྟེན་ནས་བཞག་གི་ཡོད་པ་དང་། དགེ་སློང་ལའང་ཁས་འཆེ་བའི་དགེ་སློང་དང་དོན་དམ་པའི་དགེ་སློང་སོགས་དབྱེ་ཁག་ལྔ་བྱས་པ་གང་ཟག་ཚང་མ་གཅིག་པ་མིན་པ་དང་བསམ་ཁྱེར་དང་ལྟ་བ་སོགས་གང་ཅིའི་ཐད་ནས་ཁྱད་པར་ཡོད་པ་དང་ཐ་དད་ཡིན་པ་བསྟན་གྱི་ཡོད་པ་རེད། དང་པོ་ཉིད་ནས་སྐྱོན་ཀུན་ནས་ཟད་པ་དང་ཡོན་ཏན་ཀུན་ནས་རྫོགས་པ་ཞིག་ཡོད་པ་མ་རེད། སྐྱོན་དང་འདྲེས་ནས་བསྡད་ཡོད་ཙང་འདུལ་བའི་བཅས་ཁྲིམས་བཟོ་དགོས་བྱུང་བ་རེད། ཆབ་སྲིད་ཚོགས་པས་ཕན་ཚུལ་ལ་སྐྱོན་བརྗོད་བྱེད་པ་ལ་ལྟོས་ས་ལྟོས་འཇོག་གི་དགེ་མཚན་ཡོད་པ་དང་མེད་པ་གཉིས་ཀ་རེད། ཆོས་འདུལ་བ་ནས་ཕན་ཚུན་སྐྱོ་སྔོགས་བྱེད་པ་ལ་མཐའ་གཅིག་ཏུ་ཉེས་དམིགས་སུ་གསུངས་ཡོད་པ་རེད། དེ་གཉིས་ཀྱིས་སྐྱོན་བརྗོད་བྱེད་པའི་དམིགས་ཡུལ་ཡང་ཐ་དད་རེད། དཔེར་ན། ཨ་རིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱེད་པ་བཞིན་ནོ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ངུ་འདིར་གང་ཟག་སྒེར་བས་ཚོགས་པ་ལ་སྐྱོན་བརྗོད་བྱེད་པ་ལ་དགེ་མཚན་ཉུང་བ་དང་དུས་ལ་བབས་མེད་ལ། ད་དུང་དཔལ་འབྱོར་དང་ཤེས་རིག་གང་ཅིའི་ཐད་ནས་གཞན་ལ་མ་རེ་བར་ཐབས་མེད་པའི་གནས་སྟངས་ཤིག་གི་འོག་ན་བསྡད་ཡོད་པ་རེད། འདི་ཤེས་དགོས་པའི་གནད་གཅིག་རེད།
དགེ་མཐོང་གི་སྐད་ཆ་ལ་ཕྲན་བུ་གོ་རྒྱུ་འདུག། འོཀྱང་སྤྱིའི་འགྲོམ་གཞི་དེ་ཇི་མ་ཇི་བཞིན་རྟོགས་པ་བྱེད་རྒྱུ་དེ་གལ་གནད་ཆེ་ཤོས་ཡིན་པས་དེར་ཡིད་ཟབ་གནང་དགོས་པ་འདུག་གོ།
ཡང་མིག་བརྒྱད་པ་འབོད་པས། བཟང་ངན་དབྱེ་འབྱེད་བྱེད་སྟང་དང་ཆོས་སྲིད་གཉིས་ཀྱི་འགྲེལ་སྟང་སྤྱི་སྒེར་སོ་སོས་བཤོད་བབ་མི་འདྲ་བ་ཡོད་ཚུལ་བཤད་སྟང་ལ་ལྟ་དུས་ཁྱེད་རང་ཡང་རང་གི་གདོང་པར་གཡག་རྒྱུག་པ་མ་མཐོང་པར་གཞན་གྱི་གདོང་པར་ཤིག་འགྲོ་བ་མཐོང་པའི་ངང་ཚུལ་ལས་མ་འདས་པས་སོ།
འོའོ་ཡ་ད་གྲྭ་ལོག་གིས་དགོན་སྡེ་དང་དགེ་འདུན་གྱི་སྡེའི་དངོས་ཡོད་གནས་ཚུལ་མཐོང་ཐོས་ལམ་ནས་སྐྱོན་འདོན་བྱས། གྲྭ་པས་གྲྭ་ལོག་གི་སྣང་ཚུལ་དེ་བདེན་མིན་གྱི་ལམ་ནས་སྐྱོན་བརྗོད་བྱས། གང་ལྟར་ཆོས་རྩོད་མི་བྱེད་པར་སྐྱོན་ཚང་འདོན་རེས་བྱེད་པ་འདི་དེ་འདྲའི་དགོད་སྤྲོ་བ་ལ། སྐྱ་བོ་མི་ནག་ཚོ།
དགོན་པ་སྒོར་མོ་ལ་དགའ་བ་ནི་དངོས་ཡོད་གནས་ཚུལ་རེད། དེ་ནི་རྒྱུ་མཚན་གཞན་གང་ཡང་མི་དགོས་པར་སྦྱིན་བདག་ཚོའི་ངོ་བསྲུང་བྱེད་སྟངས་ལ་བལྟས་ན་ཤེས་ཐུབ། དགོན་པའི་ལས་སྣེ་ཚོས་ཞེད་སྣང་ཆེ་ཤོས་བྱེད་ས་ནི་སྦྱིན་བདག་ཚོ་རེད།
འཇིག་རྟེན་འདི་ན་སྒོར་མོ་ལ་མི་དགའ་མཁན་སུ་ཡང་ཡོད་པ་མ་རེད། ཚང་མ་སྒོར་མོ་ལ་དགའ་ནི་རེད། སྒོར་མོ་བེད་སྤྱོད་གཏོང་དགོས་ནི་རེད།
རེ་གཉིས་ཀྱི་བྱེད་ལས་གླེང་ནས་སྤྱི་མང་གི་འཚོ་གནས་ལ་དགག་བྱ་བྱེད་དོན་ནི་ལྷག་བསམ་རྨ་མེད་དེ་ཡིན་ནམ། ཀུན་དགའ་དོན་འགྲུབ་ནི་ད་ལྟའི་གནས་བབས་དང་བསྟུན་ན་གདན་ས་ཁག་ལ་འབྲེལ་མེད་དུ་ཡོད་ཆོག་པའི་བྱ་བྱེད་ལྟ་བུ་རང་ལ་བརྩི་རུང་ངམ། དབུགས་ཀྱི་རྒྱུ་བ་ཧལ་ཧལ་དུ་གཏོང་ཀྱིན་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ནི་འཇིག་རྟེན་འདིར་འཚོ་བའི་ཆེད་དུ། ཆེས་སྤྱིར་བཏང་དུ་འདོད་པའི་ལྟོ་གོས་ནི་ཁོ་བོའི་སེམས་ན་ཁ་ལབ་ཆེན་པོ་བརྒྱབ་ནས་སྣང་མེད་དུ་ཡེ་ནས་འཇོག་ཐབས་བྲལ་བའི་ཆེས་གལ་ཆེན་དང་དོན་ཆེ་འཛིན་ཀྱི་ཡོད་ན། དེ་ལུགས་བཞིན་ཐེམས་སྐེས་རིམ་བརྒྱུད་མི་བྱེད་པར་མཆོང་ནས་འགྲོ་བ་ནི་རིག་པ་ཟབ་མོ་ཞིག་གི་བྱེད་ལས་མ་རེད།
ཁ་བརྡ་ཚང་གིས་ཁོ་བོ་བསམ་འཆར་དྲ་ཐོག་ཏུ་བཀོད་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ། དེ་ནས་བསམ་འཆར་འདོན་མཁན་དག་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། རང་གི་ལྟ་ཚུལ་བཤད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། ཡིན་ནའང་རྩོམ་ཡིག་ཧྲིལ་བོ་བཀླགས་རྗེས་སུ་བཤད་རྒྱུ་དེ་ཡང་གནད་ཀ་ཞིག་རེད།
ནགས་ཀྱི་སེངྒེ་འབོད་པའི་དྲ་གྲོགས་ལགས་ཀྱིས་ཞིབ་གཟིགས་གནང་སྟེ་བསམ་འཆར་བཤད་པར་ཧ་ཅང་དགའ་ཡོད། ཕྱི་རྒོལ་ཅེས་པ་ཕྱི་རྒྱལ་ཅེས་བཅོས་རོགས། ཁོ་བོས་གཏགས་ནོར་རང་ཡིན་པས་དགོངས་སེལ་དང་ལྷན་དུ་ཐུགས་རྗེ་ཆེ་ཞུ། དེ་ནས་བོད་ཀྱི་སྐད་ཡིག་ཅེས་པ་བོད་སྐད་ཡིག་ཅེས་པ་གཉིས་ལ་རྩ་བ་རྒྱས་བསྡུས་མ་གཏོགས་འབབ་ས་གཅིག་རེད། ཡིན་ནའང་སྐུ་ཉིད་ཀྱིས་གསུངས་པ་ལྟར་བོད་ཀྱི་སྐད་ཡིག་ལབ་ན་བདེ་བོ་འདུག རྗེས་སུ་དེ་ལྟར་བྱེད་ངེས། གཞན་དྲ་གྲོགས་མང་བོ་ཞིག་གིས་ངའི་བསམ་འཆར་འདིའི་མྱང་དགོས་དང་དམིགས་ཡུལ་དེ་ངོས་ཟིན་མེད་པ་སྐྱོ་བའི་གནས་ཤིག་ཏུ་ངོས་འཛིན་རྒྱུ་ལས་ཐབས་ཤེས་བྲལ།
ཁོ་བོ་བསམ་འཆར་ཞེས་ཡང་གཏགས་ནོར་ཁག་ཅིག་འདུག་པར་དགོངས་སེལ་ཞུ།
དགེ་མཐོང་། ངས་ཁྱོད་ཀྱི་བསམ་འཆར་རམ་རྩོམ་དེའི་ཉིང་དགོས་ཧ་མ་གོ་བ་མིན། ཧ་གོ་ཡོད། ཡིན་ན་ཡང་ཁྱོད་ཀྱིས་ཟེར་སའི་བླ་མ་གཉིས་ཀྱི་ནང་གི་གཅིག་ངའི་སྤུན་མཆེད་ངོ་མ་རེད། དེར་བརྟེན་ཁྱོད་ལ་བསྟོད་དགོས་ན་བསྟོད་ས་མ་སོང་། སྨད་དགོས་ན་སྨད་ས་མ་སོང་བས་ཅི་ཡང་ལབ་ཤེས་མ་སོང་། བདག་དང་བདག་གིར་འཛིན་པ་ཟེར་བ་དེ་འདྲ་ཞིག་རེད་ཨང་། ང་ལ་ནི་རང་གི་སྤུན་མཆེད་ལས་དགའ་ཞིག་མེད་པས་ཁྱེད་ལ་བསྟོད་ཤེས་མ་སོང་། འོན་ཀྱང་སྨད་ཡང་ཤེས་མ་སོང་། ད་དེ་འདྲ་ཞིག་རེད་ཡ། བླ་རྒན་ལོ་ལོ། གང་ལྟར་ང་འགྲོ་རན་སོང་། ད་བདེ་མོ།
ནགས་ཀྱི་སེངྒེ་ལགས་ཡོང་བར་དགའ་བསུ་ཞུ། དངོས་གནས་ཡིན་ན་ད་ལྟའི་བར་དུ་འདི་འདྲའི་སྐད་ཆ་དྲང་མོ་གསུངས་མཁན་རེ་ཟུང་ལས་མཇལ་མ་སོང་། བདེན་པ་རང་རེད། ཁག་མེད་ཁུ། ང་ལ་བསྟོད་མི་དགོས་ལ་དམན་ཡང་མི་དགོས། གཙོ་བོ་བདེན་པ་གཞི་བཅོལ་རྒྱུ་གལ་ཆེན་རེད་བསམ།
ལེའུ་གཉིས་པ་དེ། ཁ་བརྡར་མ་བཏང་བར་གྲ་ཚང་སོ་སོའི་ཡིག་ཚང་ལ་བཏང་ན་ཕན་པའང་སྲིད།
དགོན་པའི་ཕྱག་ལས་གནང་སྟངས་ལ་ཆ་རྒྱུས་གང་ཡང་མེད་མོད། གོ་ལོ་དང་ཐོས་ལོ་ཙམ་ནི་སྔོན་མ་ནས་ཡོད། སྤྱིའི་ཆ་ནས་བཤད་ན་དགོན་པ་ལ་སྒོར་མོ་དགོས་པ་ལོས་བདེན། འོན་ཀྱང་སྒོར་མོ་གསོག་སྟངས་ཐ་ཤལ་བ་དེ་འདྲ་ནི་ནམ་ཡང་བྱེད་མི་འོས། དེས་སང་དགོན་པ་མང་པོ་ཞིག་རྒྱས་སྤྲོས་ཀྱི་དབང་དུ་གྱུར་དེ་སློབ་སྦྱོང་ཉམས་ཆགས་སུ་འགྲོ་བཞིན་པ་དང་ཚོགས་ཁང་དང་ཁམས་ཚན་སོགས་སུ་རྫིག་འགྲན་བཞིན་པ་ཕྱི་ནས་བལྟས་ཀྱང་མཐོང་ཐུབ།
སྔོན་ཆད་ཨ་རིག་ཡུལ་ན་རྩ་མེད་པས།། ཨ་རིག་མཛོ་མས་རྩ་ཡང་མི་ཟ་ཟེར།། ཨ་རིག་གླན་པའི་ཁས་ལེན་ཤོར་པའི་གཏམ།། མ་བཤད་ཀུན་གྱི་སེམས་ན་གསལ་བོར་ཡོད།། ཨ་རིག་མཁས་པས་མཐོང་ཚད་གཞན་ལ་བཤད།། ཨ རིག་མཁས་པས་ཐོས་ཚད་བདེན་པར་འཛིན།།ཨ་རིག་མཁས་པ་ཉམས་ལེན་ལ་གཞོལ་བས།། ཨ་རིག་དགོན་པས་དཀོར་ཟས་མི་ཟ་འདྲ།།
དགེ་མཐོང་ལ་དྲི་གཞི་ཞིག་ཡོད་པ་ནི། དགོན་པའི་བཀའ་དྲིན་ཟེར་ནའང་འདྲ་ལ་ཡུལ་གྱར་བའི་དགོན་པའི་སྒྲིག་འཛུགས་ཟེར་ནའང་འདྲ། གང་ལྟར་གྲྭ་སར་ཆེ་ཁག་གཙོར་བྱས་པའི་དགོན་སྡེ་མ་ལག་ཚང་མའི་གྲྭ་བ་སྤྱི་བྱིངས་ཀྱི་ཟས་མལ་འགྲོ་གྲོན་སོགས་གནམ་ནས་འབབ་ཀི་མེད་པར་དགོན་པའི་སྤྱི་གཞུང་ནས་འགྲོ་གྲོན་གཏོང་གི་ཡོད་པ་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས་ལ་དགོན་པའི་ངོས་ནས་ཀྱང་ཐབས་འཚོལ་གང་ལེགས་བྱས་ཏེ་དེང་དུས་དང་མཐུན་པའི་འཚོ་ལམ་གསར་བ་ཞིག་བསྐྲུན་པའང་རྨད་པའི་གནས་མ་རེད་དམ།
ཨ་རིག་སྡིག་མཐོང་། ཉོན་ཅིག ༼གཞན་དྲ་གྲོགས་མང་བོ་ཞིག་གིས་ངའི་བསམ་འཆར་འདིའི་མྱང་དགོས་དང་དམིགས་ཡུལ་དེ་ངོས་ཟིན་མེད་པ་སྐྱོ་བའི་གནས་ཤིག་ཏུ་ངོས་འཛིན་རྒྱུ་ལས་ཐབས་ཤེས་བྲལ།༽ཁྱོད་ཀྱི་སྐད་ཆ་ལ་ངོས་མི་ཟིན་པ་གང་ཡང་མི་འདུག སྔོན་མ་ངས་ཀྱང་དེ་འདྲར་བསམ་མྱོང་། འདི་ན་ཁྱེད་རང་ལ་ཆ་རྒྱུས་ཡོད་མཁན་མང་པོ་ཞིག་གིས་དེའི་སྐོར་གླེང་གིན་འདུག གདན་ས་ཁག་གིས་བཀའ་པོད་ལྔའི་གཞུང་ཆེན་ལ་སློབ་གཉེར་ལས་ཀྱང་སྒོར་མོ་ཨང་དང་པོ་བརྩི་གི་ཡོད་ཟེར་བ། སྤྱི་ཡོངས་ཀྱི་སྒྲིག་འཛུགས་ལ་ཟེར་གི་ཡོད་ན། ཁྱེད་རང་ནོར་བ་རེད། སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་གདན་ས་ཁག་གི་མཁན་པོ་དང་མཁན་ཟུར། གཞུང་ལུགས་འབྱམས་སྨྲ་བའི་དགེ་བཤེས་རྣམ་པ་དང་། གཉོམ་ཆུང་ཚུལ་མཐུན་གྱི་དཔེ་ཆ་བ་ཁོང་ཚོ་ལ་ཞྭ་མོ་ནག་པོ་མ་གཡོག་རོགས་ཅེས་བསྐྱར་དུ་འབོད་སྐུལ་ཞུས་པ་ཡིན། ཁ་མི་ཉན་ན་ཁྱེད་རང་གི་འདོད་པ་གྱིས།
དགེ་མཐོང་འདི་དགོན་སྡེ་དང་འདུས་པ་རྒྱ་མཚོར་དཀོར་རྫས་འབལ་འབོལ་དུ་བབས་བཞིན་པར་མིག་ཚ་བ་དང་བརྣབ་སེམས་གཏོག་ཙམ་སྐྱེས་ཀྱིན་མེད་དྲོ།
སྤྱིར་སྟངས་གནའ་སྔ་མོ་ཡིན་ན་དགོན་སྡེ་དང་བླ་བྲང་ཁག་ལ་ཆོས་གཞིས་མང་པོ་ཡོད་པ་རེད། འོན་ཀྱང་དེང་སང་བཙན་བྱོལ་ནང་དགོན་པ་བཞེངས་སའི་ས་ཆ་ཡན་ཆད་གཞན་ནས་རིན་གོང་འཕོན་ཆེན་སྤྲད་ནས་ཉོ་དགོས་པ་རེད་ལ་ཆོས་བྱེད་དགེ་འདུན་ཚོར་འཚོ་བའི་བརྟེན་གཞི་ས་སྦར་མོ་གང་ཙམ་ཡང་མེད་ཙང་ཕྱི་རྒྱལ་སྦྱིན་བདག་ཚོར་གུས་གུས་ཞུམ་ཞུམ་མ་བྱེད་རང་བྱེད་རེད་ལ་སྦྱིན་བདག་དེ་ཚོ་བཀའ་དྲིན་ཆེན་པོ་རེད་ལ་བོད་པ་རང་ཉིད་དང་རྒྱ་གར་ལྟོ་ལྡིར་རྐང་རིང་དེ་ཚོས་དགོན་སྡེ་དང་འདུས་པ་རྒྱ་ཆེན་ལ་སྦྱིན་བདག་མི་འཇོན་ཁོ་ཐག་རེད་པ།
མ་གཞི་དགོན་སྡེ་དང་བླ་བྲང་དེ་བཞིན་དགེ་འདུན་པ་ཚོར་སྒོར་མོ་ག་ཚོད་ཡོད་ན་ཡང་ཡོད་ཆོག་ལ་དེ་རང་ཉིད་ཀྱིས་འཇོན་པ་ཡིན་རྒྱུ་རེད་མ་གཏོག་ནག་འཚོང་རྒྱབ་ནས་རེག་པ་ཞིག་ཅང་ཡིན་རྒྱུ་མ་རེད་པ།
ཡང་གཅིག་བཤད་ན་ནང་ཆོས་ནང་《ཕུན་ཚོགས་སྡེ་བཞི་》ཞེས་གསུངས་ཡོད་པ་མ་རེད་པས། བོད་པའི་ནང་ས་ཡ་བདག་པོ་དང་དུང་ཕྱུར་བདག་པོ་མེད་པ་ག་རེ་བྱས་པ་རེད། དགོས་ངེས་ཅན་རེད་པ། བོད་པ་ག་དུས་ཡིན་ཡང་སྐྱོ་པོའི་གནས་ལ་སྡད་གཞན་ལ་མགོ་བོ་སྒུར་ནས་སྡད་དགོས་ཨེ་རེད། ཕར་ཕྱོགས་གུང་ཁྲན་ལ་ཅིག་ལྟོས་དང་དཔལ་འབྱོར་གྱིས་འཛམ་གླིང་ནང་རྫིག་རྫིག་བཏང་བ་མ་གཏོགས་ཅི་ཞིག་ངོམས་རྒྱུ་ཡོད་པ་རེད། མི་འདི་ཚོ་འདོད་ཆུང་ཆོག་ཤེས་ཡོད་མདོག་མདོག་དང་ས་ཐོབ་ཀྱི་སེམས་དཔའ་དང་སེམས་མ་ཡིན་མདོག་མདོག་གི་རྣམ་འགྱུར་ཡ་མ་བརླ་འདི་ཚོ་ཅི་ཞིག་གི་ཆོ་འཕྲུལ་ཡིན་ནམ། རྣམ་འགྱུར་ཡ་མ་བརླ་འདིས་བོད་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགག་རྡོ་ཆེན་པོ་ཞིག་ཅིས་མིན།
སྒོར་མོ་དང་དགོན་པ་ཞེས་པའི་སྐོར་ལ་མཆན།།།།།།།ཁྱེད་རང་གི་གསུང་དོན་འགའ་ཞིག་མངོ་མ་རེད་འོན་ཀྱང་དགོན་པ་གང་འདྲ་ཞིག་ཡོད་ན་འདི་༧སྐྱབས་མགོན་ཡང་ན་༧སྐྱབས་རྗེ་ཡང་ན་དབུ་འཛིན་ལ་སོགས་ཡོད་པ་རྟེན་ཁྱེལ་རེད།་་་་་ཡོད་པ་ཡིན་ན་ཁོང་རྣམས་པ་ཚོའི་དེའི་ཐོག་གཟིགས་དང་རྒན་མ་བཞེས་གནས་ཚུལ་དེ་དང་དེ་ལྟ་བུ་མང་པོ་ཞིག་འབྱུང་དང་འབྱུང་བཞིན་པ་དང་མ་འོང་པའང་གནས་ཚུལ་དེ་འདྲ་བ་བྱུང་ངེས་རེད།
ཨ་རིའི་བླ་རྒན་ཚང་གིས་དངོས་ཡོད་ཀྱི་གནས་ཚུལ་གླེང་བའི་ཆ་མང་བོ་ཞིག་ལ་དགའ་བསུ་ཞུ།
འདོད་ཆུང་ཆོག་ཤེས་ཅན་གྱི་གྲུབ་དབང་ཨ་རིག་དགེ་མཐོང་ལགས།
ཆིག་སྒྲིལ་དང་གསར་བསྟོད་རང་ཁ་རང་གསོའི་གཞི་རིམ་གྱི་ལྟ་གྲུབ་གསུམ་མ་ནི་བཞིན་བགྲངས་བའི།
དེང་དུས་ཀྱི་ཁྲིམས་ལུགས་མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་ལགས་ཀྱིས།
བཙན་བྱོལ་བོད་པའི་གཞུང་གི་སྒྲིག་
འཛུགས་དང་མི་སྐྱ་རྣམས་ཀྱིས་དགོན་པ་གྲཱ་ཚང་གི་རང་ཁ་རང་གསོ་དང་འཛིན་བསྐྱོངས་ཚགས་ཚུད་པོ་དེ་ལ་མིག་དཔེ་
བལྟ་དགོས་ཞེས་བཀའ་ཁྲིའི་འགྲན་རྩོད་སྐབས་ཡང་ཡང་གསུངས་ཏེ་བསྔགས་བརྗོད་ཆེན་པོ་གནང་བ་རྗེད་འདུག་གམ།
ཡང་ན་མ་གསན་པ་ཡིན་ནམ།
ཁོང་གིས་ཁྲིམས་ལུགས་དང་རྒྱལ་སྤྱིའི་འགྱུར་འགྲོས་ལ་བརྟེན་ནས་གསུང་གི་ཡོད་ཙང་རྒྱུ་མཚན་ངེས་ཅན་
ཞིག་ཡོད་དེ་མིན་ཁོང་གིས་དགོན་པ་གྲཱ་ཚང་ལ་ངོ་བསྟོད་གནང་དགོས་དོན་ཅི།
མཁས་དབང་དགེ་ཆོས་ཞབས་ཀྱིས།
མེད་ན་ལྟོག་གི་དོགས་པ་ཁེ་ཚོང་གི་འདུ་འགོད།།
ཡོད་ན་ཟད་ཀྱི་དོགས་པ་གསོག་སྲུང་གི་བྱ་བ།།
ཞེས་སོགས་པ་ལ་གཟིགས་ན་གསལ་པོ་མཁྱེན་ངེས་ཡིན་པས་སངས་རྒྱས་ལ་ཀ་ཁ་སློབ་དགོས་དོན་མེད་ཅིང་
རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད་དོ།
སྔོན་མ་བོད་ནང་དུ་༸པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་ཀྱང་དགོན་པས་དགོན་པ་གསོ་བའི་སྲིད་ཇུས་ལག་བསྟར་དོན་ཁྱོལ་བྱེད་དགོས་ཞེས་དགོས་པ་དུ་མར་གཟིགས་ཏེ་དགག་བྱ་གང་ཡང་མ་གནང་བ་མ་ཟད།
གདན་ས་བཀྲིས་ལྷུན་པོ་སོགས་ཀྱིས་ཟ་ཁང་དང་ཚོང་ཁང་མགྲོན་ཁང་སོགས་དཔལ་འབྱོར་འདུ་འགོད་ཀྱི་བསྟི་གནས་མང་པོ་གསར་འཛུགས་དང་རྒྱ་བསྐྱེད་གནང་འདུག་ན་སྦྱིན་བདག་ལ་ངོ་སྲུང་དགོས་པ་ནི་ཡ་རབ་
བཟང་སྤྱོད་དང་མཐུན་པ་ཞིག་ཡིན་པས་དྲིན་ལན་ལོག་འཇལ་བྱེད་ག་ལ་རུང་།
ལར་ནས་རང་རང་ལ་འབུལ་བ་དང་སྦྱིན་བདག་མི་དགོས་ན་དེའི་ངོ་སྲུང་དགོས་དོན་གང་ཡང་མེད་ཅིང་ཀུ་ཅོ་མི་འདོན་པར་བཏང་
སྙོམས་སུ་བཞག་པས་ཆོག་གོ།
༸པཱུ࿌࿋ཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་དགོན་པས་དགོན་པ་གསོ་བའི་སྲིད་ཇུས་ལག་སྟར་དོན་ཁྱོལ་
དགོས་
ལུགས་གསུངས་ཏེ་དོན་འཁྱོལ་བྱུང་བའི་བཀྲིན་ལ་བརྟེན་གདན་སབཀྲིས་ལྷུན་པོ་སོགས་སུ་ཟ་ཁང་དང་།ཚོང་ཁང་།མགྷགྲོན་ཁང།ཞབས་རིམ་ཁང་སོགས་འཛུགས་གནང་མཛད་ཡོད་པས་སྦྱིན་བདག་གི་ངོ་སྲུང་དགོས་པ་ནི་ཡ་རབ་བཟང་སྤྱོད་ལང་ལྡན་པ་ཞིག་ཡིན་ལ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་དྲིན་ལན་ལོག་ཌྷའཇལ་བྱེད་ག་ལ་རུང།རང་ལ་སྦྱིན་བདག་མི་དགོས་ན་ངོ་སྲུང་མ་བྱས་ཀྱང་རང་དབང་ཡིན་པས་ཀུ་ཅོ་འདོན་པ་དང་ཁྲོམ་བསྒྲགས་བྱེད་མི་དགོས་ལ་ཕྲག་དོག་ཀྱང་བྱེད་ག་ལ་དགོས།
དགེ་རྒན་གྱིས་སློབ་མར་སློབ་ཚན་འཁྲིད་སྐབས་སློབ་མ་ཚང་མའི་འདོད་པ་ཡོད་ཚད་དང་བསྟུན་མི་དགོས་པར་ཁྲིད་ཆོག་པ་བཞིན་ནོ།
གང་ལྟར་བསམ་ཚུལ་ཅི་འདྲ་ཞིག་གླེང་ཡང་དེ་ལ་དགག་བྱ་གང་ཡང་མེད། འོན་ཀྱང་བསམ་ཚུལ་དེ་དོན་དངོས་དང་མཐུན་མིན་ཚད་མས་ལྟ་ཆོག བཙན་བྱོལ་དགོན་པ་ཕལ་ཆེ་བས་རང་ཁ་རང་གསོའི་ལམ་དུ་སྐྱོད་བཞིན་པ་དང་གདན་ས་གསུམ་དུ་འཛུལ་ཞུགས་བྱས་མཁན་ཕལ་ཆེ་བ་བོད་འབྱོར་རྐྱང་ཡིན་པས། དགོན་པ་ལ་སྦྱིན་བདག་དང་འཚོ་བའི་གཞི་རྟེན་བརྟན་པོ་ཞིག་མེད་ན་མ་འོངས་བར་བོད་གཞུང་གིས་རོགས་པ་བྱེད་ཐུབ་ཀྱི་མ་རེད་ལ། གཞིས་ཆགས་ཁག་གིས་དེ་བས་ཀྱང་རོགས་རམ་བྱེད་ཐུབ་ཀྱི་མ་རེད། འཚོ་བའི་གཞི་རྟེན་གཙོ་བོ་ཕྱི་རྒྱལ་སྦྱིན་བདག་ཁག་ཡིན་པས་ངོ་བསྲུང་མ་བྱེད་རང་བྱེད་རེད། གནའ་སྔ་མོའི་གནས་སྟངས་ལ་འགྱུར་བ་ཕྱིན་ཚར་བ་དང་དེང་སང་རོགས་ཚོགས་ལ་བརྟེན་དགོས་བ་ཁ་ཚ་དགོས་གཏུགས་ཆགས་ཡོད།
ཨ་རིག་དགེ་མཐོང་གིས་བཤད་པ་ལ་ངས་བལྟོས་ན་དགེ་སྐྱོན་གཉིས་མཆིས། གཅིག སྦྱིག་བདག་ཕལ་བ་ཞིག་ལ་ངོ་འཁྱེར་གྱིས་གྲ་ཚང་གིས་ཆོས་འབྲེལ་ཞུ་དགོས་ཟེར་ན་ ལས་ཀྱི་སྣེ་མོ་བ་ཆོས་བརྒྱད་པ་དག་གི་སྐྱོན་བརྗོད་པའི་དགེ་མཚན་ཡོད་ལ། གཉིས། སྐྱོན་དེའི་དབང་གིས་གྲ་ཚང་སྤྱིས་ཆོས་ལས་སྒོར་མོ་གཙོ་བོ་བྱེད་ཀི་ཟེར་ན་དེ་ནི་རང་ཉིད ་འཁྲུལ་བའི་སྐྱོན་འབའ་ཞིག་ཡིན་པ་བདག་གིས་མཐོང་།
རྩོམ་མགོ་འཇུག་མེད་པ་དང་རྙོག་དྲ་མང་དག་གཅིག་བཏུམས་བསྲེས་ཀྱིས་སྤེལ་ནས་མགོ་ཡང་འཐོམ་ཏུ་འཇུག་སོང་། གང་ལྟར་གང་ཡིན་ན་ནང་དོན་ངོ་མར་ནི་དགོན་སྡེ་ཁག་ནི་དཔལ་འབྱོར་འདུ་འགོད་ཀྱིས་སྨྱོ་བསྡད་འདུག་ཟེར་བ་དེ་ཡིན་འདུག སྐྱོན་བརྗོད་དང་སྙད་གདགས་པ་ལ་དགའ་བའི་རིགས་ཡིན་ན་དཔེ་མཚོན་ཁ་ཤས་བགྲང་རྒྱུ་གང་འདྲ་བྱེད་ན་ཡང་རག་རྒྱུ་རེད། དེ་ཙམ་གྱིས་ཧ་ལས་རྒྱུ་ཅང་མེད། བྱས་ཙང་། ངོས་རང་ནི་རྩོམ་མཁན་ཁོང་ནི་ལས་ངན་བསགས་པ་དེར་སྙིང་རྗེ་གི། ད་དུང་དམིགས་བསལ་དུ་དགོན་སྡེ་ཁག་ནི་དབྱར་གནས་འཁེལ་བསྡད་པའི་སྐབས་ཡིན་པ་ལ་ད་དུང་འཁྲུག་ལོང་གི་གཞིར་གྱུར་པ་དང་ཁྱིམ་པ་སུན་འབྱིན་གྱི་ལས་བསགས་རྒྱུའི་ཆ་རྐྱེན་ཞིག་ཏུ་འགྲོ་བའི་གཏམ་སྤེལ་བ་ནི་ཡག་པོ་ཞིག་གཏན་ནས་མིན།
བཙན་བྱོལ་བ་ལགས། ཁྱེད་ལ་བཀྲ་ཤིས་བདེ་ལེགས་ལས་བཤད་རྒྱུ་ཅང་མེད།
དགེ་མཐོང་གི་གསུངས་པ་ལ་བདེན་ཁ་ཡོད་པ་ནི་སྨྲ་མ་དགོས། འོན་ཀྱང་རྒན་པ་སེམས་ཤེས་དག་གི་དཔལ་འབྱོར་འདུ་འགོད་དང་རིག་གནས་འཛིན་སྐྱོང་བྱས་མེད་ན་དེ་རིང་གི་ཁྱེད་ཀྱི་རྩོམ་ཡིག་འདི་འབྲི་ཐུབ་མིན་ལའང་དོག་པ་ཡོད། མ་གཞི་ནས་དགོན་སྡེ་ཁག་གི་དངུལ་ལོ་བསོག་འཇོག་བྱས་པ་དེ་ནི་མི་སྒེར་པ་ཞིག་ཆེད་རེད་དམ་ཡང་ན་སྤྱི་རྫས་ཞིག་གི་ཆེད་རེད། ངས་བསམ་ན་དེང་སང་མང་པོ་ཞིག་གི་ཁ་ནང་ལ་འཁོར་ནས་བསམ་བློ་བ་ཡིན་མདོག་གི་རང་ལ་ངན་བཤད་ཅི་ཐུབ་བྱེད་ཀྱིན་འདུག སྐད་ཆ་ཅི་ཞིག་བཤད་ཀྱང་སྔ་ཕྱི་བར་གསུམ་དུ་བསམ་གཞིག་རེ་བྱེད་རྒྱུ་ནི་གལ་ཆེ།
མཁྱེན་ཡངས་ཨ་རིག་དགེ་མཐོང་མཚན་ཅན་ལགས།
གལ་སྲིད་ཁྱེད་ལ་ལྷག་རྣམ་དག་གི་ཀུན་སློང་རྣལ་མ་ཞིག་ཡོད་ན།
ཁྲོམ་བསྒྲགས་མ་བྱས་གོང་དགོན་པ་དེ་ག་རང་གི་མཁན་བླ་སོགས་ཁྱེད་ལས་ལྷག་པའི་འདུལ་ཁྲིམས་སོགས་བཤད་སྒྲུབ་འཁོར་ལོ་སྐྱོང་བ་རྣམས་ལ་སྙན་གསེང་
ཞུས་རྗེས།
ལེགས་བཅོས་མ་བྱུང་བའམ་ཕན་འབྲས་མ་ཐོན་ན།
ད་གཟོད་དཔང་རྟགས་ཁ་གསལ་ངང་མིང་།ས་གནས།དུས་ཚོད་དང་བཅས་པ་ཁྲོམ་བསྒྲགས་གནང་ཐུབ་ན་
ཆོས་སྲིད་ཀྱི་ཁྲིམས་ལུགས་དང་མཐུན་པ་ཡིན་པས།
ཉ་ཉུང་མཉམ་བསྲེས་མ་གནང་ན་དགེ་མཚན་ཤིན་ཏུ་ཆེ།
དམིགས་ཡུལ་གཞན་ཞིག་དང་ཕྲག་དོག་གི་ཀུན་ནས་བསླངས་པ་པ་ཞིག་ཡིན་ན་དགེ་མཚན་ཆེར་མ་མཐོང་
ཞིང་དགེ་འདུན་གྱི་མཐུན་ལམ་ལའང་གནོད་ངེས་ཡིན་པས་དེ་ལུགས་དགོངས་འཇགས་བཅས།
སྣྲོན་ངག་ཁྲི་ལགས། ཁྱེད་ཀྱི་ལམ་སྟོན་གནང་བ་སེམས་གཏིང་ནས་དགའ་བསུ་ཞུ། ངས་འདི་ནི་བརྒྱུད་རིམ་མང་བོ་ཞིག་བརྒྱུད་པའི་ཐ་མའི་འུ་ཐུག་ཀྱི་ལས་ཀ་ལྟ་བུ་ཞིག་ཡིན་ལགས། ད་དུང་ལེ་ཚན་གསུམ་པ་སོགས་ཡོད་ལ། དེའི་ནང་དུ་དགེ་འདུན་པ་བྱེ་བྲག་པ་འགའ་རེས་སྒོར་མོ་གསོག་སྟངས་ཟ་སྟངས་སྐོར་བྲི་གི་ཡིན་ལགས། དཀོན་མཆོག་དཔུང་བཙུགས་བྱས་ན་སྐྱུག་བྲོ་བ་མང་། རེ་རེ་མིང་བཟུང་དོན་བཟུང་བྱེད་མ་ཐུབ་པ་མིན། འོན་ཀྱང་། དེ་ལྟར་བྱས་ན་ཁྲིམས་ཐོགས་ནས་རྙོག་གླེང་ཡོང་སྲིད་པར་དོགས་པའི་ཁུལ་ཡིན། དགོན་སྡེ་ལ་དད་ཞེན་དང་བསམ་གཞིག་ཡོད་པས་གླེང་བ་མ་གཏོགས་ཁོམ་སོང་ནི་མིན། ད་དུང་འདི་ལྟར་གླེང་ན་སྒེར་ངོས་ནས་བཤད་ན་གྱོང་ཞིག་མ་གཏོགས་ཁེ་བཟང་ཁྱོན་ནས་མེད་པ་ལེའུ་ཚན་གཉིས་པའི་ནང་དུ་ཏོག་ཙམ་ཡོད་པས་དེར་གཟིགས།
༼ དེ་ལྟར་བྱས་ན་ཁྲིམས་ཐོགས་ནས་རྙོག་གླེང་ཡོང་སྲིད་པར་དོགས་པའི་ཁུལ་ཡིན། ༽ འདི་ངོ་མ་སྐྱུགས་བྲོ་བའི་སྐད་ཆ་ཐབ་སྡུག་ཞིག་རེད། ཁྱོད་ལ་བདེན་པ་ཡོད་ན་ཁྲིམས་ཐོགས་ནས་རྙོག་གླེང་ཡོང་སྲིད་ཀྱི་མ་རེད་ལ། གལ་ཏེ་ཡོང་ན་ཡང་ཁྱོད་ལ་རྒྱལ་ཁ་ཐོབ་ངེས་པ་དང་། དེ་ནས་ད་གདོད་ཁྱོད་བདེན་པར་སྨྲ་བ་ཞིག་ཡིན་པ་ལྷང་ལ་འབུད་ཀྱི་རེད། ཁྱོད་ཀྱིས་དཔའ་རྟགས་འཇོག་ཐུབ་ཀྱི་རེད། དེར་བརྟེན་ཁྱོད་ལ་བདེན་པ་ཡོད་ན་ཁྲིམས་སར་ཐུག་པ་དེ་གོ་སྐབས་བཟང་པོ་ཞིག་རེད། བདེན་པ་མེད་ན་མིང་ཤས་བཟོས་པ་ལ་ཁྲིམས་ཀྱི་ཐག་གཅོད་ལྟར་གུན་བསབ་སྤྲོད་དགོས་དུས་ཁྱེད་ཀྱིས་ཀྱང་སྦྱིན་བདག་ཕྱུག་པོ་ཞིག་མ་བཙལ་ན་དངུལ་གྱི་དཀའ་ངལ་ཡོང་གི་རེད་ལོ། དེས་ན་སྐྲག་ཞོར་ལ་ཅིག་བཤད་དགོས་དོན་མེད་ཀ དཔའ་བོ་བཅའ་རྒྱུ། སྲོག་ལ་འཛེམས་རྒྱུ་གཉིས་ཀ་མཉམ་དུ་ཡོང་ནི་མ་རེད།
ནགས་ཀྱི་སེང་གེ་ལགས། ཁྱེད་ཕེབས་ནས་བསམ་འཆར་བཤད་པ་སྤྲོ། ངས་སེམས་འཁུར་བྱེད་ས་ང་ལ་རྒྱལ་ཁ་མི་ཐོབ་ཀི་ནམ་ཡང་བསམ་གི་མེད། འོན་ཀྱང་། དེ་ནས་དགོན་སྡེ་ཚོ་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་རྒྱུ་རེད་བསམ་པས་ཡིན། ཁྲིམས་གཏུགས་བྱ་ན་སྒོར་ལྔ་བརྒྱ་རེད། དེ་ཙམ་ནི་ཁོ་བོ་ལ་ཡོད་པ་མ་ཟད་འགྲོ་ཞོར་འདུག་ཞོར་གྱི་ཟ་མ་དང་ཇ་རིན་ཙམ་རེད་ལོ། ཀུ་རེ། རང་གིས་བདམས་པའི་ལམ་ལ་གཞན་གྱིས་ལམ་སེང་བཅོས་སྒྱུར་དཀའ།