ཨ་རིག་དགེ་མཐོང་། ལེའུ་ཚན་གཉིས་པ།
གོང་དུ་སྒོར་མོ་དང་དགོན་པའི་གནད་དོན་རགས་བསྡུས་ཤིག་བཤད་ཟིན་མོད། ད་དུང་དེ་ཙམ་གྱིས་མཇུག་ག་ལ་རྫོགས། མུ་མཐུད་ནས་གནད་དོན་བྱེ་བྲག་པ་རེ་གླེང་དོན་བྱུང་། འདི་ལྟར་གླེང་ན་ཕྲན་ལ་ཐོབ་བྱ་མ་དགོས་མྱི་ཁའི་མདུང་རྩེ་ནས་ལངས་དགོས་ཀྱང་། ངས་རང་ཉིད་ཀྱི་བདེ་སྡུག་ཅིག་གི་སླད་དུ་ཁུ་སིམ་མེར་བསྡད་ན་གཞུང་སྒེར་ལ་འཐུས་ཤོར་ཆེ་བར་སྙམ་ནས་གླེང་བ་ཡིན། བོད་ཀྱི་དགོན་སྡེ་ཚོས་སྒོར་མོ་གསོག་སྟངས་དང་ཉར་སྟངས་དེ་ནི་རྩ་བ་ནས་འཐུས་ཤོར་འགྲོ་གྱིན་འདུག སྔོན་བོད་ནང་དུ་དཔེར་བླངས་ན་ཡང་། གདན་ས་དང་གཞུང་ས་གཉིས་ཀྱིས་གསོག་པའི་དངུལ་དང་སྐུ་རྟེན་ཡ་མཚན་ཚོ་དགྲ་ལག་ཏུ་ཤོར་བའི་ཉམས་མྱོང་ཡོད་མོད། དེ་ལྟ་བུའི་ཉམས་མྱོང་དམར་རྗེན་མ་དེ་ཡང་གཏིང་བརྗེད་དུ་ཕྱིན་ཏེ་བྱེས་ཀྱི་གདན་ས་གཙོས་དགོན་སྡེ་ཚོས་ཡང་སྒོར་མོ་གསོག་པ་རེད། གསོག་གསོག་པའི་ཐ་མར་ཁག་ཅིག་རྒྱ་གར་བ་དང་བོད་པ་དྲེད་པོ་འགའ་རེས་ཁ་ཟས་སུ་གྱུར་བ་རེད། མདོར་ན་སྒོར་མོ་གསོག་རྒྱུ་འདི་བོད་ཀྱི་དགོན་སྡེ་ཚོའི་སྲོལ་རྒྱུན་ནམ་དགའ་ཕྱོགས་ཤིག་ཡིན་ལ། གསོག་གསོག་ནས་ཐ་མ་དགེ་འདུན་པ་སྤྱིའི་ཕྱག་ཏུ་མི་ཕུལ་བར་རྒྱ་ནག་དང་རྒྱ་གར་བ་འགའ་རེས་འབད་མེད་ལྷུན་འགྲུབ་ངང་ཟོས་འགྲོ་བ་ཡང་ཆོས་ཉིད་ཅིག་ཏུ་གྲུབ། སྒོར་མོ་ཙི་ཙི་གྱིས་རང་གི་སྐྱག་པ་སྦས་པ་ལྟར་ཉར་དགོས་རབས་གླེང་མཁན་གྱི་བླ་རྒན་བགྲེས་སོང་ཁག་ཅིག་དང་དེའི་རིགས་སུ་གཏོགས་པ་འགའ་རེས མ་འོངས་དགོན་པའི་འཚོ་རྟེན་དང་མ་རྩ་ལ་དགོས་རབས་ཟེར་བ་ཕྱོགས་གཅིག་ནས་ལྷག་བསམ་རྣམ་དག་གི་སྐད་ཆ་རེད་མོད། ཞིབ་ཏུ་བསམ་ན་དེ་ཚོས་འཇིག་རྟེན་འདིའི་འགྲོ་ཕྱོགས་དང་སྟོན་པའི་བསྟན་པའི་སྦྱིན་བདག་ལ་ངོས་འཛིན་སྟངས་ནོར་བ་རེད། སྟོན་པའི་བསྟན་པ་ཚུལ་བཞིན་འཛིན་མཁན་གྱི་དགེ་འདུན་པའི་སྡེ་ལ་ཟ་འཐུང་ཕྱོགས་ནས་དཀའ་ངལ་མི་འཕྲད་པ་ཁོང་གིས་ལུང་དུ་བསྟན་པས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་དེ་ནི་སྙིང་རྗེ་བའི་ཡུལ་དུ་གྱུར་རོ། ད་དུང་སྐབས་དེའི་དགེ་འདུན་པའི་སྡེ་ལ་བསྔོས་པ་དང་ཕུལ་ཟིན་པ་ཞིག་མི་རབས་མི་ཐོགས་གཅིག་རྫོགས་ནས་གཞན་གྱིས་ལོངས་སྤྱོད་ན་དེ་ཡང་སྟོན་པའི་ལྟ་གྲུབ་དང་བཅས་པ་ལ་ཏག་ཏག་ཅིག་བསྡད་ཡོད་མེད་ལ་བསམ་གཞིགས་གཏོང་དགོས་སོ། ། དེ་བས་ཀྱང་ཁ་ཇེ་གསལ་དུ་བཏང་སྟེ་བརྗོད་འདོད་བྱུང་། རང་ལ་རྒྱུས་མངའ་ཆེ་བའི་སེར་བྱེས་གྲྭ་ཚང་ལ་ཆ་བཞག་ན། ལོ་སྔོན་མའི་ཕྱག་མཛོད་སྐབས་གཅིག་གི་དགོན་པའི་མ་དངུལ་ཕུལ་རྗེས་ཀྱི་ཡོང་སྒོའམ་ཁེ་བཟང་རང་ལ་ཧིན་སྒོར་འབུམ་གཅིག་སྟོང་ཟིན་འདུག་ལ། ཕྱག་མཛོད་ཟུར་བ་ཚོས་འབད་འབད་དུང་དུང་གིས་གསོག་པའི་ཤོག་དངུལ་བརྒྱ་ཆའི་བཞི་ཆ་གཅིག་དགེ་འདུན་པའི་ཕྱག་ཏུ་ཕུལ་རྒྱུའི་རེ་བ་དང་བསམ་འཆར་བཤད་མོད། སྐབས་བབས་ཀྱི་ཕྱག་མཛོད་དང་དེའི་ཁ་བཀོད་ལ་ཉན་པར་སྤྲོ་བའི་གང་ཟག་ཁག་ཅིག་གིས་དེ་ལྟར་མི་འོས་ཚུལ་དང་མི་རུང་བའི་བསམ་ཚུལ་མངོན་ལྐོག་གཉིས་ནས་བསྒྲགས་པས་ཁོང་ཚོའི་རེ་བ་འབྲས་མེད་དུ་གྱུར། རེད། ཁྱོད་ཚོས་ཀྱང་དགོན་པའི་མ་འོངས་པ་ལ་ཐུགས་བསམ་བཞེས་པ་ཡིན་རྒྱུ་རེད། འོན་ཀྱང་། དགོན་པ་ཅི་སྲིད་གནས་པ་དེ་སྲིད་དུ་ང་ཚོས་ཚེ་འདིར་འབད་པའི་སྒོར་གྱིས་འདང་དགོས་པར་སྙམ་པ་བསམ་བློ་གུ་དོག་དྲགས་འདུག དགོན་པ་ལ་སྐབས་བབ་ཀྱི་བསྟན་པའི་སྦྱིན་བདག་རེ་ཏན་ཏན་ཡོད་ངེས་པས་སེམས་ཁྲལ་ཆུང་ཆུང་དེ་འདྲ་མ་གནང་ན་ལེགས ། ངས་འདི་ལྟར་གླེང་བ་ང་རང་གི་ལྟོ་རྒྱབ་ཀྱི་སླད་དུ་མིན་པ་དང་དགེ་འདུན་པའི་སྡེའི་ཕྱིར་ཏུ་བྲིས་པ་ཡིན། ང་ལ་མཚོན་ན་དགོན་པའི་རྒྱུན་ལྡན་གྱི་བཞེས་ལག་ལ་ལན་རེ་མ་གཏོགས་རྩ་བ་ནས་འགྲོ་གི་མེད། དེ་ནི་ངས་ཕྱི་རྒྱལ་མགོ་སེར་དང་རྒྱ་རྒན་མགོ་ནག་ཀྱི་སྦྱིན་བདག་རྒྱུ་ཆེན་ཞིག་རག་པས་མིན་པར། བརྩེ་སེམས་ལྷད་མེད་པའི་དྲིན་ཆེན་ཕ་མས་བཀའ་དྲིན་ལས་འགྲོ་མ་དགོས་སོ། ། ངས་བར་ནས་རང་ཉིད་སྒེར་གླེང་དོན་ནི། ངོ་ལྐོག་གཉིས་ནས་ང་ལ་ཚིག་མདའ་དང་ཡང་ན་ངའི་དམིགས་ཡུལ་མ་འགྲུབ་རབས་གླེང་མཁན་ཚོ་ལ་བརྡ་ཞིག་དང་གནས་ཚུལ་ངོ་སྤྲོད་ཙམ་ཡིན།ཡང་ཕྱོགས་གཞན་ཞིག་ནས་གླེང་ན། འབྲས་སྤུངས་དང་དགའ་ལྡན་གྱི་གྲྭ་ཚང་ཁག་ཅིག་གིས་དེ་ལྟར་ཡོང་སྒོའི་བརྒྱ་ཆའི་མང་ཆེ་བ་མང་གཙོ་བྱས་ཏེ་འོས་འདེམས་བརྒྱུད་དགེ་འདུན་པའི་ཕྱག་ཏུ་ཕུལ་ཡོད་པ་དང་། རྒྱུད་སྟོད་སྨད་གཉིས་ཀྱིས་ཀྱང་དེ་ལྟར་བྱས་ཡོད་པས། ང་ཚོ་གཅིག་པུས་དེ་འདྲའི་བསམ་བློ་གུ་དོག་ཅིག་བྱེད་དོན་ཅི། དེ་ཚོ་འགྲིག་འགྲོ་ས་ནས་ང་ཚོ་འགྲིག་འགྲོ་ལ་ང་ཚོ་གཅིག་བུ་སྐབས་ཤིག་ནས་རྒྱུ་ཆེན་མངའ་བདག་ལྟ་བུར་བྱས་ནས་གཞན་དག་ལ་དཀའ་ངལ་ཡོད་ན་རང་གཅིག་བུ་དོན་དུ་གཉེར་རྒྱུ་ཡིན་ནམ། ཡང་ན་ད་ལྟའི་དགོན་སྡེ་ཚོས་འདུ་ཁང་འགྲན་བསྡུར་དང་སྒེར་གྱིས་གྲྭ་ཤག་འགྲན་རྩོད་བྱས་ཏེ་གཞིས་ཆགས་ཁག་ལ་བཟོ་ལྟ་སྤྲད་པ་ལྟ་བུ་བྱེད་རྒྱུ་ཡིན་ནམ། ད་དུང་༧གོང་ས་མཆོག་གིས་སེར་བྱེས་དང་བྱང་རྩེ་གྲྭ་ཚང་གཉིས་ནས་གནང་བའི་བཀའ་སློབ་ལྟར་མ་གོ་ཁུལ་བྱས་ནས་འདུག་རྒྱུ་ཡིན་ནམ། གྲྭ་ཚང་ཚོ་རྫིག་པོ་བྱས་ནས་བསྡད། གཞིས་ཆགས་ནང་སྐྱོ་བོ་མང་ན་བདེ་བོ་མི་འདུག དེའི་ཕྱིར་དགོན་སྡེ་ཚོས་གཞིས་ཆགས་ཁག་གི་ཉམ་ཐག་ལ་རོགས་རམ་གནང་རོགས་ཞེས་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་ཀྱང་། གདན་སའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་རྣ་བ་གཏད་འདོད་མེད་པ་འདྲ། འདི་ནི་དུས་རྒྱུན་ཚོགས་ཤིག་འཚོགས་ན་རྒྱལ་བའི་ཞབས་བརྟན་དུ་བསྒྲགས་པ་དང་། བྱ་བ་གང་ཞིག་སྒེར་ངོས་ནས་བྱེད་འདོད་ཚེ་རྒྱལ་བའི་དགོངས་པ་ཡིན་རབས་འབོད་པའི་ལས་སྣེ་ཚོས་མི་ཐོས་པ་ཡ་མཚན་ནོ།
ཆོས་གྲོགས་ཨ་རིག་ཚང་གི་སྐད་ཆ་ལ་རྒྱབ་སྐྱོར་ཡོད། དགོན་པ་ཁག་གིས་དངུལ་ཁང་ནང་དངུལ་མང་པོ་བཞག་པའི་རྐྱེན་གྱིས་ཆད་པ་ཡང་ཧིན་སྒོར་འབུམ་ཕྲག་མང་པོ་སྤྲད་དགོས་བྱུང་ཡོད་རེད། ད་དུང་ཕྱི་ཡི་རྣམ་པ་འམ་བཀོད་པ་ལ་དགོན་པ་དང་གྲྭ་ཚང་ཁག་ནང་ཁུལ་འགྲན་བསྡུར་གྱིས་ཇེ་ལེགས་དང་ཇེ་ཟབ་ཏུ་གཏོང་བཞིན་པ་ལས་གྲྭ་པ་ཉམ་ཆུང་ཚོ་ཡི་གཟུགས་པོར་སྨིན་པའི་ཟས་བཅུད་སོགས་ལ་བསམ་བློ་རེ་བཏང་སྟེ་བཟའ་བཏུང་ཡག་པོ་དེ་འདྲ་སྤྲད་ཀྱི་ཡོད་མ་རེད། འདི་ཚོ་མང་ཆེ་ཤོས་ཤིག་ནི། རང་ཉིད་ལ་གྲྭ་པ་དཀྱུས་མའི་འཚོ་བའི་ཉམས་མྱོང་མེད་པ་དང་། ཡོད་ཀྱང་བཅོས་བསྒྱུར་བྱེད་པའི་སྙིང་སྟོབས་མེད་པ་སོགས་ཀྱི་ལན་པ་རེད་འདུག།
མ་གཞི་འཛིན་སྐྱོང་གི་འགན་ཁུར་དང་ཉམས་མྱོང་ཕྲག་ཏུ་མ་བབ་པའི་སེམས་ཤུགས་ཀྱི་གཞུང་དང་སྒྲིག་འཛུགས་ལ་སྐྱོན་བརྗོད་རིགས་མང་པོ་ཞིག་ལ་ངས་མོས་མཐུན་ཞུ་གིན་མེད་ན་ཡང་། ཁྱེད་ཀྱི་བཀའ་མོལ་འདི་དག་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་དང་གུས་འདུད་ཞུ་གི་ཡིན།
ངོ་མ་དགོན་པའི་རྒྱུ་རྫས་ཆེན་པོ་དེ་ཚོ་དམངས་ཚོགས་ཀྱི་བདེ་དོན་ལ་ངེས་ཅན་ཞིག་བཏང་ན་ཅི་མ་རུང་ཞེས། སྤྲང་པོ་ཡང་རྒྱུན་དུ་དེ་ལྟར་བསམ། །དཔྱོད་ལྡན་ཁྱེད་ཀྱང་དེ་བཞིན་དགོངས་འདི་ལེགས།
མི་ཤེས་ཡ། ད་དགེ་མཐོང་ཡིན་ན་སྡིག་མཐོང་ཡིན་ན་འདྲེ་མཐོང་ཡིན་ན་སྡུག་མཐོང་ཡིན་ན་ཁྱོད་ལ་བཤད་རྒྱུ་མང་གི བཤད་བཤད་པའི་ཐ་མར་༼ སྒོར་མོ་ཙི་ཙི་གྱིས་རང་གི་སྐྱག་པ་སྦས་པ་ལྟར་༽ ཞེས་སྨྱོས་བཏང་བ་འདྲ་ཞིག་ལབ་ཀྱི་འདུག ད་སེར་བྱེས་གྲྭ་ཚང་གི་ཙི་ཙིས་ཀྱང་སྐྱག་པ་སྦས་ནི་ཨེ་རེད། གལ་ཏེ་སྦས་ཀྱི་ཡོད་ན་ཙི་ཙིས་མི་ཟེར་བར་ཙི་ཙི་གྱིས་ཞེས་འབྲི་བ་འདི་མི་རིགས་སུ་ཞིག་གི་བརྡ་སྤྲོད་ཀྱི་ལུགས་ཡིན་མི་ཤེས། མ་གཞི་དྲིན་ཅན་ལ་དྲིན་ལོག་ཞེ་དྲག་མ་བྱས་ན་ཡག་གི་རེད། འཛིན་སྐྱོང་གི་འགན་ཡོད་མཁན་དང་། འཛིན་སྐྱོང་གི་འགན་མེད་པར་ཁ་རྒྱག་པ་རེ་བཤད་ནས་སྡོད་ཆོག་པ་གཉིས་ཀྱི་བསམ་བློའི་ཁྱེར་སོ་དང་ཉམས་མྱོང་སོགས་གང་ཐད་ནས་འདྲ་གི་མ་རེད།
དགེ་མཐོང་གི་གསུངས་པ་ལ་བདེན་ཁ་ཡོད་པ་ནི་སྨྲ་མ་དགོས། འོན་ཀྱང་རྒན་པ་བསམ་ཤེས་དག་གི་དཔལ་འབྱོར་འདུ་འགོད་དང་རིག་གནས་འཛིན་སྐྱོང་བྱས་མེད་ན་དེ་རིང་གི་ཁྱེད་ཀྱི་རྩོམ་ཡིག་འདི་འབྲི་ཐུབ་མིན་ལའང་དོག་པ་ཡོད། མ་གཞི་ནས་དགོན་སྡེ་ཁག་གི་དངུལ་ལོ་གསོག་འཇོག་བྱས་པ་དེ་ནི་མི་སྒེར་པ་ཞིག་ཆེད་རེད་དམ་ཡང་ན་སྤྱི་རྫས་ཞིག་གི་ཆེད་རེད། ངས་གོ་ཐོས་ཡིན་ན་སེ་འབྲས་དགེ་གསུམ་གྱིས་རང་མགོ་རང་ཐོན་བྱས་ནས་རང་གཞུང་གིས་གནང་བའི་འཚོ་བའི་ཕོག་དེ་ཡང་སྔོན་ནས་མཚམས་བཞག་འདུག་སྐད། ཁྱེད་གྲྭ་ས་ནས་བཞུགས་སྐབས་གྲྭ་ཚང་གིས་གནང་བའི་འཚོ་བ་ལ་མ་བསྟེན་པར་བཞུགས་ནི་ཡིན་རྒྱུ་མ་རེད་པ། དེང་སང་མང་པོ་ཞིག་གིས་ཁ་ནང་ལ་འཁོར་ནས་བསམ་བློ་བ་ཡིན་མདོག་གི་རང་གཞུང་དང་ དགོན་པ་ཁག་ལ་ངན་བཤད་ཅི་ཐུབ་བྱེད་ཀྱིན་འདུག དེ་ཡག་པོ་མ་རེད་བསམ་གི སྐད་ཆ་ཅི་ཞིག་བཤད་ཀྱང་སྔ་ཕྱི་བར་གསུམ་དུ་བསམ་གཞིག་རེ་བྱེད་རྒྱུ་ནི་གལ་ཆེ།
དྲ་གྲོགས་དག་ཕེབས་པར་དགའ་བསུ་ཞུ། ཁོ་བོ་ནི་དངུལ་དོན་དུ་དགོན་སྡེ་ན་ཨུ་ཚུགས་ཀྱིས་འདུག་མཁན་གྱི་གྲས་མིན་པ་གསལ་བཤད་དང་། འཚོ་རྟེན་དགོན་པ་ལ་བཅོལ་བའི་གྲས་ཀྱང་མིན། འོན་ཀྱང་། དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་འཚོ་རྟེན་དགོན་པར་བཅོལ་ཡང་ཅི་སྐྱོན། གཙོ་བོ་དངུལ་ཁྱོན་ནས་མ་ཉར་ཅེས་པའི་དོན་མིན་པར་འབུམ་མང་སྟོང་ཕྲག་ཅིག་སྦེལ་ཀོབ་པདྨ་ཚེ་དབང་གཙོས་བོད་པ་ཁག་ཅིག་དང་། ཀུ་ཤུལ་ན་སྒར་གྱི་རྒྱ་གར་ཁག་ཅིག་གི་ལག་ཏུ་ཤོར་བ་ལ་འགྱོད་ནས་ཡོད། དེ་ཚོ་མི་དཔྱད་པར་ངའི་སྟེང་དུ་མཛུབ་མོ་ཀེར་རྒྱུ་ཟེར་ན་ཡང་དགའ་བསུ་ལས་དམིགས་ཡུལ་གཞན་པ་ཅང་མེད། གཙོ་བོ་ངས་གླེང་རྒྱུ་ནི་ཐག་བཅད་ཟིན་པས་མངོན་ལྐོག་ཟུང་ནས་ཅི་བཤད་ལ་མི་ཉན་རྒྱུའི་དམ་བཅའཡོད་པས། སྐད་ཆ་དེ་རིགས་ནི་སྣང་མེད་དུ་འཇོག་རྒྱུ་ལས་བྱེད་ཐབས་བྲལ། རྩོམ་ཡིག་གི་བརྗོད་དོན་ནང་དུ་ལེགས་ཆ་དང་ཞན་ཆ་ཟུང་འབྲེལ་ཡོད་པས་དེ་ནས་བསམ་འཆར་རེ་བྲི་ཐུབ་ན་རང་གཞན་གཉི་ག་ལ་ཕན་པར་ངེས་རྒྱུ་ལས། ང་ལ་གཤེ་གཤེ་ཅི་ཙམ་བཏང་ཡང་འགྱུར་བ་མེད།
རང་ལ་ལས་འགན་གང་ཡང་མེད་མཁན་རིགས་ནི་དུས་ཚོད་འཁྱོལ་དཀའ་བས་མི་དྲན་དགུ་དྲན་གྱིས་མཐོ་དམན་དྲག་གསུམ་གང་སར་སྐྱོན་འདྲ་འཚོལ་ནས་ཁ་བརྡ་སློད་པ་དང་དྲ་ཚིག་ཏུ་སྐྱོན་འདོགས་ཁོ་ན་བྱེད་ནས་འཁྲུག་སློང་གིས་དུས་ལས་འདས་པར་བྱེད། ཨ་ཁ། མྱི་འདི་ཚོ་ལ་ལས་འགན་ཆེ་ཆུང་གང་ཞིག་སྤྲོད་ན་ཡང་མི་འཇོན་སེམས་ཐག་རེད། སྤྱིར་ཁྱེད་ཀྱི་བྲིས་རྩོམ་ནང་ལ་བདེན་ཁ་ཡང་འདུག་མོད། ཡིན་ན་ཡང་མང་ཆེ་བ་ནི་ཁོ་བོར་བློ་ལ་བབ་མ་སོང་ཟེར་ནི་ཡིན།
གྲྭ་མང་གི་བདེ་སྡུག་གླེང་ན་འགྲིག་གི་རེད། གདན་ས་ཁག་གིས་སྒོར་མོ་ཨང་དང་པོ་བརྩི་གི་ཡོད་ཟེར་བ་བཤད་ནས་སོང་ན་དགོན་པའི་ཕྱག་མཛོད་དང་གྲྭ་རྒན་རེ་ཟུང་ལ་ཐུག་འདུག དངུལ་གྱི་འགྲོ་གྲོན་དང་འཛིན་སྐྱོང་ཚགས་ཚུད་ཡོང་མིན་ལས་ཀྱི་སྣེ་མོ་བ་ཚོའི་ལག་པ་ལ་ཡོད་པ་ཞིག་རེད། ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་སྤྱི་སྒེར་གྱི་སྒོར་འབུམ་མང་པོ་རྒྱ་གར་གྱི་ལག་པར་ཤོར་བའི་སྐད་ཆ་རབས་དང་རིམ་པ་དུ་མ་བྱུང་བ་དང་། དངུལ་གཞན་ལག་ཏུ་ཤོར་བ་ནི་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་དོན་དག་ཆུང་ཆུང་རེད། དངུལ་ཙག་ཙིག་གི་ཆེད་དུ་རྙོག་དྲ་བཟོས་ན་དེ་ལས་གྱོང་ཆེ་བ་དང་ཕམ་རྒྱུ་ཉག་གཅིག་རེད། ད་ལྟ་བར་དུ་བོད་པས་དངུལ་ཙག་ཙིག་གི་ཆེད་དུ་མི་གསོད་དོན་རྐྱེན་དང་ཞབས་འདྲེན་ཞུས་མྱོང་མེད་པ་ནི་བོད་པ་སྐྱབས་བཅོལ་བའི་བཟང་པོའི་གོམས་གཤིས་དང་གཟི་བརྗིད་གཅིག་ཏུ་བརྩི་ཆོག ཕྱོགས་གཅིག་ནས་སོ་སོ་ལ་རྒྱལ་ཁབ་མེད་པའི་དཀའ་ངལ་དང་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་ལ་སྐྱབས་བཅོལ་བའི་གནས་སྟངས་འོག་བསྡད་དགོས་དུས་ཁྲིམས་ཁང་ལ་སོང་ནས་སྐད་ཆ་བཤད་ས་ཁག་པོ་རེད། ང་དགུ་ལོའི་ཚུན་ཆད་ནས་བཙན་བྱོལ་བོད་པའི་གནས་སྟངས་ནི་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད་པ་འདི་ང་ཚོ་ལ་བླ་ན་མེད་པའི་དབུ་ཁྲིད་དང་སྒྲིག་འཛུགས་ཚགས་ཚུད་པོ་ཞིག་ཡོད་པ་འདིའི་བཀའ་དྲིན་ཉག་གཅིག་རེད། རྒྱ་གར་གཞུང་དང་མི་དམངས་ནི་ང་ཚོ་ལ་དྲིན་ཆེ་ལ་ཁོང་ཚོ་མཉམ་དུ་མཐུན་ལམ་དེ་ཡང་གལ་ཆེན་པོ་ཡིན་པས། དེ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་སྒྲིག་འཛུགས་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་དངུལ་ཁ་ཤས་ཤོར་སོང་ན་འགྱོད་པ་མེད། དེ་ལ་ཧ་ལས་དགོས་པ་ག་རེ་ཡོད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་ལུས་སྲོག་ལོངས་སྤྱོད་ཡོད་དགུ་བློས་བཏང་ནས་བོད་མི་རིགས་དང་རྩ་དོན་ཆེད་དུ་དཀའ་ལས་དེ་ཙམ་རྒྱག་ཐུབ་ན་བཙན་བྱོལ་ནང་གི་བོད་པ་ཚོས་རང་གི་ལྟོ་ཕོགས་ཀྱི་ཆེད་དུ་སྡུག་སྐད་བརྒྱབ་ན་ཞབས་འདྲེན་རེད།
དྲྭ་གྲོགས་ཁག་ཅིག་གིས་དགོན་པའི་དངུལ་གསོག་འཇོག་བྱ་རྒྱུ་དེ་ལ་སྐྱོན་བརྗོད་ཕྲན་བུ་དང་། ཁག་ཅིག་གིས་དེར་དགེ་མཚན་ལྡན་པའི་དགོངས་འཆར་སོགས་གསུང་འདུག་ནའང་ཐམས་ཅད་རང་ཉིད་ལས་བྱེད་ཞིག་དང་ཉམས་མྱོང་ལྡན་པའི་བཀའ་མོལ་ཞིག་གཏན་ནས་མིན། སྤྱིར་ང་ཚོ་སྐད་ཆ་བཤད་མཁན་དང་། དངོས་སུ་ལག་ལེན་བྱེད་པོ་གཉིས་ཕྱོགས་ཐམས་ཅད་ནས་ཐ་དད་ཡིན་ལ་སྐད་ཆ་བཤད་མཁན་ཚོས་ད་རིང་བྱུང་བ་དེ་ད་རིང་ཟ་སྤྱོད་བྱ་རྒྱུ་དང་། ལག་ལེན་བྱེད་པོ་ཚོས་མ་འོངས་མི་རབས་མང་པོར་འཚོ་བའི་ཡོ་བྱད་དུ་ཉར་ཚགས་བྱ་འདུན་གྱི་རྣམ་པ་གཉིས་ལ་བཟང་ངན་གྱི་བསམ་བློ་གཏོང་དགོས། ཡང་སྒྲུབ་བྱེད་གཞན་ཞིག་ལ་སྟོན་པས་དགེ་སློང་ཚོར་ནམ་ཡང་མུ་གེས་མི་ཤི་གསུངས་ཡོད་ཟེར་བ་རྒྱུ་མཚན་དུ་བཀོད་གནང་འདུག་སྟེ། དེ་ནི་འཇིག་རྟེན་ཆོས་བརྒྱད་དང་བྲལ་བའི་རྗེ་མི་ལ་ལྟ་བུ་ལ་གོ་དགོས་པ་ལས། རང་རེའི་གདན་ས་ཁག་ནང་བཞིན་འཁོར་བ་དཀར་པོ་ལ་དགོངས་མི་ཉན། རྒྱུ་མཚན་དུ་མ་ལ་གཟིགས་ནས་དྲྭ་སྟེང་དུ་བསམ་ཚུལ་འགོད་དགོས་པ་ལས་ཐོལ་བྱུང་མྱོང་བའམ་སེམས་ཚོར་གཅིག་པུ་བཀོད་ན་མི་འགྲིག
སྙིང་སྟོབས་ཀྱི་གོ་ཆ་གྱོན་པའི་ཨ་རིག་དགེ་མཐོང་ལགས།
ཁྱེད་ཀྱིས་མི་རིགས་ཤིག་གི་བདེ་སྡུག་དང་དགོན་པ་ཞིག་གི་མ་འོངས་འབྱུང་འགྱུར་གྱི་གནད་ས་འགག་ས་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་ཐེར་འདོན་བྱེད་བཞིན་པ་འདི་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུ་དང་ཞུ་བཞིན་ཡོད།
དེང་སང་དགོན་པ་གྲྭ་ཚང་འདི་ཚོ་ཧ་ཅང་ཐལ་དྲག་འདུག
རྒྱ་གར་གཞུང་དང་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་ལས་མང་པོ་ཞིག་བྱེད་བཞིན་པ་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
ཧིན་སྒོར་འབུམ་སྟོང་ཕྲག་ལྷག་ཅིག་སྦེབ་ཀོབ་ཀྱི་དགོན་གྲོང་གཉིས་ཀས་ཤོར་བ་སྒོར་ཉུང་ཉུང་ཞིག་ཟེར་སྲོལ་ལ་གཞིགས་ན་མིག་བརྒྱད་པ་མི་ཤེས་རྒྱུ་ཅང་མེད་ཁུ། བོད་ནང་ནས་བོད་དོན་དུ་ཚེ་སྲོག་འབུལ་རྒྱུ་ཡོད་ཁུ་ལབ་ནས་རང་གིས་ཚེ་གང་གསོག་པའི་དངུལ་དང་ཁྲིམས་དང་འགལ་བའི་སྒོར་མོ་གང་མང་གསོག་པའི་ཐ་མ་རྒྱ་གར་དང་བོད་པ་ཚོའི་འདྲེ་ལག་ཏུ་བཞག་པར་ལྷག་བསམ་ཆེ་མདོག་གིས་དཀོན་འདོན་བྱེད་ཁུལ་བྱས་པ་སྙིང་རྗེ། མིག་བརྒྱད་པ་སོགས་ཀྱི་བསམ་དོན་ནམ་ལྐོག་ལས་ངོ་སོ་འཚོལ་རྒྱུ། ལས་འབྲས་སྣོག་རྒྱུ་སོགས་ལ་བསམ་སྟེ་ངས་གཅིག་གཅིག་གཉིས་གཉིས་བྱས་ཏེ་དེད་ཡོང་ལོ། །
འདི་དག་ལས་ངའི་སེམས་པ་སྐྱོ་པའི་གནས་ནི་གྲྭ་བ་མང་ཆེ་བས་བསམ་བློ་ནི་དགེ་བཤེས་དང་ལྷ་རིམ་དམ་བཅའ་བཞག་ནས་རྗེས་ཕྱོགས་སྒོར་མོ་བཙལ་བར་གང་དུ་འགྲོ་དགོས་མིན་གྱི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དེ་ཡིན།
ཨ་རིག་དགེ་མཐོང་ལགས། སྐད་ཆ་འདི་ཁ་ཤགས་ཡིན་པ་ལ་ཆ་ཞོག ཁྱེད་རང་ལ་དངོས་གནས་ལྷག་བསམ་ཡོད་ན་དྲ་ཐོག་འདིར་སྡུག་སྐད་ལུང་བ་གང་བརྒྱབ་ཏེ་ཅི་ཕན། སྙིང་སྟོབས་ཡོད་ན་རང་གི་བསམ་ཚུལ་ངོ་མའི་སྙན་ཞུ་ཞིག་སེ་འབྲས་དགའ་གསུམ་གྱི་མཁན་པོ་དང་ལས་ཀྱི་སྣེ་མོ་བ་ཚོ་ལ་ཕུལ་ཐུབ་ན་ཡག་གི་རེད། སྔོན་མ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ཀྱང་སྙན་ཞུའི་ཡི་གེ་ཞིག་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་བཅས་ལ་ཕུལ་ཡོད་པ་རེད། ཁོའི་བསམ་ཚུལ་དེ་ཡག་པོ་འདུག་ཟེར་མཁན་གང་མང་བྱུང་། ཨ་རིག་གླེན་པས་གླེན་རྟགས་མ་སྟོན་ལོ། ཉོག་གཏམ་མང་ན་དཀྲུག་ཤིང་ཡིན། ང་ནི་དཔེ་ཆ་བ་དང་འབྱོར་མེད་ཅིག་ཡིན། སྦྱིན་བདག་བཙལ་མྱོང་མེད། ཆུ་བཅུ་སར་སྟ་རེ་ཁུར་མ་ཡོང་རོགས།
ད་རེས་ཨ་དགེས་གསུངས་པ་ལ་མ་རེད་ཞུ་ཡག་མེད་ཀྱང་དགོན་སྡེ་དང་དགེ་འདུན་པ་ཚོར་སྒོར་མོ་ས་ཡ་དང་དུང་ཕྱུར་མང་པོ་ཡོད་ན་ཡང་ཡོད་ཆོག། འོན་ཀྱང་གསོག་འཇོག་གཅིག་པུ་མ་ཡིན་པར་དགོས་ངེས་ཅན་གྱི་དགེ་འདུན་པ་ཚོའི་འཚོ་བའི་མཐུན་རྐྱེན་ཡར་རྒྱས་ངེས་པར་དུ་གཏོང་དགོས་ལ་འཕྲོད་སྟེན་ཐད་ལ་ཡང་ཡར་རྒྱས་གཏོང་དགོས་ངེས་རེད་ལ་སྤྱི་ཚོགས་ཞབས་ཞུའི་ཐད་གཏོག་ཙམ་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ལྡན་ཡོད།
འཛིན་སྐྱོང་ཐད་དགོན་པའི་འཛིན་སྐྱོང་བ་ཚོར་ངེས་པར་དུ་དཔལ་འབྱོར་འདུ་བཀོད་རིག་པའི་ཤེས་ཚད་ལྡན་དགོས་ལ་ཉམས་མྱོང་ཡང་ངེས་ཅན་ལྡན་དགོས། དེ་ལྟར་ལྡན་ན་ཧིན་སྒོར་འབུམ་མང་པོ་གཞན་ལ་ཤོར་མི་སྲིད།
བྱས་ཙང་འཛིན་སྐྱོང་བ་ཚོ་འཛིན་སྐྱོང་དང་དཔལ་འབྱོར་རིག་པར་ཚད་གཞི་ངེས་ཅན་ལྡན་པའི་སློབ་སྦྱོང་ངེས་པར་དུ་གནང་དགོས།
ལས་རྒྱུ་འབྲས་སྣོག་མཁན་སུ་ཡིན་མིན་ཞིབ་འཇུག་ཡག་པོ་གནོངས་དང་། གྲྭ་ཚང་འདི་ནས་ཟས་འཐུང་སྐྱིད་ཉལ་བྱས་ནས་དཔེ་ཆ་ལྟ་རྒྱུའི་ཚབ་ཏུ་འདི་ལྟར་སྦུར་གཏམ་རྐྱང་བསྒྲགས་ནས་སྡོད་ཨ། དགོན་པ་ནས་གཞིས་གྲོང་ཁག་ལ་རོགས་རམ་ག་ཚོད་ཅིག་བྱས་ཡོད། ཁྱོད་ཀྱིས་ཨེ་ཤེས། གཞིས་གྲོང་ཁག་གི་ནང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་པའི་འབུར་ཐོན་སུ་ཡོད། སྟོན་དང་། གཞིས་གྲོང་ཁག་ལ་རྒྱལ་སྤྱིའི་རོགས་སྐྱོར་ག་ཚོད་ཡོད། བོད་གཞུང་གི་རོགས་སྐྱོར་ག་ཚོད་ཐོབ་ཡོད། ད་དུང་ཞིང་ཁ་འདེབས་ལས་དང་ཚོང་རའི་དཔལ་འབྱོར་གྱི་ཁོར་ཡུག་དགོན་པ་ལས་མང་བ་ཡོད་པ་ཁྱོད་ཀྱིས་ཨེ་ཤེས། སོ་སོས་མ་འཇོན་ན་ཐབས་ཤེས་ཅི་ཡོད། གཞིས་གྲོང་ཁག་གི་སྐྱོ་བོ་དང་ཨ་རག་རྐྱང་རྐྱང་འཐུང་མཁན་ལ་དགེ་འདུན་པས་བཀོར་སྤྲད་ན་བཞུས་རུང་རྒྱུ་ཨེ་རེད། དེ་བས་སོ་སོའི་མིག་མདུན་གྱི་འགན་དེ་ཁུངས་འཁྱོལ་བ་ཞིག་བྱུང་ན་དེ་ལས་ལྷག་མེད་དོ།། ཨ་རིག་སྡིག་མཐོང་ལགས། རྩེད་མོ་ཡིན་ད། མུ་མཐུད་དུ་རྒོལ་ཅིག
དེང་སང་དགོན་པ་ཕལ་ཆེར་འདུ་འཛིའི་གྲོང་ཁྱེར།།
དེང་སང་འཚོ་བ་ཕལ་ཆེར་ལོག་པའི་འཚོ་བ།།
དེང་སང་སེར་མོ་ཕལ་ཆེར་ཆོས་པའི་གཟུགས་བརྙན།།
དེང་སང་དམ་ཆོས་ཕལ་ཆེར་ཕྱི་གླིང་ཚོང་ཟོག།
མིག་བརྒྱད་ཡོད་ཀྱང་དྲང་བདེན་ལ་ཐུག་དུས་ཞར་འགྲོ་བའི་དྲ་གྲོགས་ལགས། གོང་གི་ཁྱོའི་སྐད་ཆ་༼ གཞིས་གྲོང་ཁག་གི་ནང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་པའི་འབུར་ཐོན་སུ་ཡོད། སྟོན་དང་། གཞིས་གྲོང་ཁག་ལ་རྒྱལ་སྤྱིའི་རོགས་སྐྱོར་ག་ཚོད་ཡོད། བོད་གཞུང་གི་རོགས་སྐྱོར་ག་ཚོད་ཐོབ་ཡོད། ད་དུང་ཞིང་ཁ་འདེབས་ལས་དང་ཚོང་རའི་དཔལ་འབྱོར་གྱི་ཁོར་ཡུག་དགོན་པ་ལས་མང་བ་ཡོད་པ་ཁྱོད་ཀྱིས་ཨེ་ཤེས། སོ་སོས་མ་འཇོན་ན་ཐབས་ཤེས་ཅི་ཡོད། ༽ འདི་ནི་ཉིད་ཀྱིས་བསམ་བཞིན་དུ་༧གོང་ས་མཆོག་ལ་ལན་བཏབས་པ་ཡིན་རྒྱུ་རེད། ཁོང་གིས་སེར་བྱེས་གྲྭ་ཚང་གཅིག་པུ་མིན་པར་བྱང་རྩེ་གྲྭ་ཚང་ནས་གསུངས་སོང་ང་། ད་དུང་རྒྱུད་སྨད་གྲྭ་ཚང་དུ་མགོན་པོ་མཆོག་གིས་གསུངས་དེ་ཡང་ཁྱེད་ཚོས་མ་རིག་མ་གོ་ཁུལ་བྱས་པ་རེད། འདི་ལྟར་བལྟས་ན་ཁྱེད་རང་ལས་སྣེའམ་དེའི་ཁ་བཀོད་ཀྱི་དབང་དུ་འདུ་མཁན་ཞིག་ཡིན་པ་ཤེས་ངེས། དེ་འདྲའི་བཀའ་གསུང་ལོགས་འགྲེལ་བྱེད་མཁན་གྱི་རིགས་སུ་གཏོགས་པའི་ད་ནས་བཟུང་ངས་ཁྱེད་ལ་ཁ་ཡ་མེད།
བསམ་རྒྱུ་དངུལ། འགྲོ་རྒྱུ་དངུལ། བཤད་རྒྱུ་དངུལ། ཟ་རྒྱུ་དངུལ། ཆོས་བྱེད་རྒྱུ་དངུལ། ཆོས་སྤེལ་རྒྱུ་དངུལ། ཆོས་ཡང་དངུལ། མི་ཡང་དངུལ། འཇིག་རྟེན་ཡོངས་རྫོགས་དངུལ་དུ་འཐིམ་པས་སྙིང་པོ་མེད་དོ།
མདོར་ན་བླ་རྒན་འགའ་རེའི་རྐུབ་ལྡེག་མཁན་དང་གཞན་གྱི་ཟིན་བྲིས་མ་ཀློག་པར་འབྲེལ་མེད་ཀྱི་མཆན་བུ་འདེབས་པ་སོགས་ནི་ཁྱོད་དང་ཁྱོད་ལྟ་བུའི་ལྟོ་དོན་གཉེར་ཅན་ཚོའི་ངོ་གདོང་དངོས་རེད། མིག་བརྒྱད་པ་དང་དེའི་རིགས་སུ་གཏོགས་པའི་ལྟོ་དོན་གཉེར་ཅན་ཚོས་རང་གི་ངོ་གདོང་དངོས་སྟོན་མི་ནུས་པ་དེས་ཀྱང་གསལ་བཤད་གནང་འདུག་པས་བཀྲ་ཤིས་ལེགས་དང་ལྷན་དུ་མཇུག་བསྡུས་བྱས་པ་ཡིན།
པད་དཀར་ལགས།
འཇིག་རྟེན་ཡོངས་རྫོགས་ལ་དངུལ་མེད་ན་གང་འདྲ་ཡོང་ས་རེད། འཇིག་རྟེན་གྱི་མི་ཕལ་ཆེ་བ་དངུལ་ལ་བརྟེན་ནས་འཚོ་དགོས་པ་མ་རེད་པས། ཡང་ན་སྐུ་ཉིད་ཏིང་ངེ་འཛིན་གྱི་ཟས་ལ་མངའ་མཉེས་པ་ཞིག་ཡིན་རྒྱུ་མ་རེད་པ།
xxxxxxxxxxxxxxxxxx
སྒོར་མོ་ཞེས་གླེང་ན་དེ་ལ་ཉན་མཁན་དང་ལྟ་མཁན་མང་མོད། དེ་རྩོད་མཁན་དེ་བས་ཀྱང་མང་བོར་ཡོད་ངེས།
ཨ་རིག་གླེན་པ་ལགས། ཁྱོད་ཀྱི་ཁོག་ན་གཟུངས་འཇུག་ག་ཚོད་ཡོད་མེད་ལྷང་ལ་འབུད་ངེས་རེད། སྤྱི་སེམས་ཡོད་མདོག་གིས་ཡོད་ཚད་དཀྲུགས་ནས་རང་ཉིད་ཀྱི་ཚད་གཞི་ག་འདྲ་ཞིག་ལ་བསླེབས་འདུག རང་ཚོད་མ་རྟོགས་པར་དུས་གསུམ་རིག་པ་ནི་ཡ་མཚན་རེད་ཡ། སྤྱི་དོན་གླེང་ན་ཁོག་རྒྱ་ཆེ་ཙམ་དགོས་པ་ཁྱོད་ཀྱིས་མ་ཤེས་སམ། སྔོན་ལ་རྒྱལ་སྲས་ལག་ལེན་སོ་བདུན་ཉམས་ལེན་མཐུལ་ཕྱིན་པ་ཞིག་བྱས་རྗེས་ད་གཟོད་གཞན་སྐྱོན་གླེང་ན་ཁྱོད་ཀྱི་སྐད་ཆ་ལ་རིན་ཐང་གི་ཚད་འཇལ་ཆོག དེ་མིན་ཁྱོད་ཀྱི་བློ་མིག་ནི་ཁབ་ཀྱི་བུ་ག་ལས་ཕྲ་བ་དང་ཁྱོད་ཀྱི་བསམ་བློ་ནི་གུ་དོག་གི་ར་བ་ལས་བརྒལ་མེད་པས་བསམ་ཁྱེར་དེ་ལ་སུས་ཀྱང་རྒྱབ་སྐྱོབ་བྱེད་རེད། སྐད་ཆ་འདི་འདྲ་ལ་ཁྱོད་ཀྱིས་ཁ་ཡ་མ་བྱེད་ན་ཡང་ཆོག་གི རྩོམ་པ་པོ་ཞིག་ལ་རང་གི་སྐད་ཆ་རང་གིས་རང་གིས་འགན་ཁུར་དགོས་བ་ནི་ཁྱོད་ཀྱིས་ལོས་ཤེས། སྐབས་བབས་ཀྱི་བརྗོད་གཞི་བརླགས་ཚར་བ་རེད་དམ། དེའི་སྐོར་ནས་མུ་མཐུད་དུ་གསུངས་དང་དགའ་བསུ་ཡོད། ཨ་རིག་དགེ་མཐོང་ལགས།
ཨ་རིག་དགེ་མཐོང་ལགས། ཁྱོད་ཀྱི་བཤད་པ་དེ་འདྲ་པོ་རེད། ༸གོང་ས་མཆོག་གི་སྔ་མོ་ནས་གསུང་གི་ཡོད་པ་རེད། མ་ཟད་བླ་སྤྲུལ་དགེ་བཤེས་ཁ་ཤས་ཀྱིས་གཞི་གྲོང་དང་སློབ་གྲ་ཁག་ཏུ་རོགས་པ་ཡག་པོ་གནང་གི་ཡོད་པ་རེད། དེ་ཁྱོད་ཀྱིས་ཤེས་ཚོད་རེད། འོན་ཀྱང་དགེ་འདུན་པའི་དཀོར་རྫས་འདི་ཆོས་ཕྱོགས་ནས་བཤད་ན་ལོངས་སྤྱོད་རྒྱུ་དཀའ་མོ་ཞིག་ཡོད་པ་རེད།
ང་རང་ཚོ་བཙན་བྱོལ་ནང་དུ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ཚད་རན་པོ་འགྲིག་ཐག་ཆོད་རེད་བསམ་གྱིན་ཡོད།
བོད་ནང་འགོ་ལོག་སེར་ཐ་ཕྱོགས་སུ་ལྟོས་དང་། གྲྭ་པ་དང་བླ་མ་ཁ་ཤས་ཀྱིས་ཁ་ནས་རྫིག་ཐག་ཆོད་བཤད་དེ་མི་མང་གི་དཔལ་འབྱོར་ཐོག་ལ་ག་ཚོད་དཀའ་ངལ་འཕྲད་ཀྱིན་འདུག་གོ་སོང་ངམ། དགེ་བཅུའི་ཟེར་ནས་མིང་སྙིང་རྗེ་པོ་ཞིག་གི་ཐོག་ནས་མི་མང་ལ་བཙན་དབང་ག་ཚོད་བྱེད་ཀྱིན་འདུག། ། དེ་ཚོའི་སྐོར་ལ་ཉམས་ཞིབ་གནང་རོགས།
ཁྱེད་ཀྱིས་ཉིན་མཚན་བསམ་རྒྱུ་སྒོར་མོ་དང་།
གཞན་གྱིས་ཉིན་མཚན་སྒོམ་རྒྱུ་སྒོར་མོ་རེད།
སྒོར་མོས་འཚོ་བའི་འཛམ་གླིང་མི་རིགས་ཁག
གཅིག་ལས་གཅིག་མགྱོགས་སྒོར་མོའི་ཆེད་དུ་རྒྱུག
ཨ་རིགས་བདིའུ་བཅུད་ལེན་སྒྲུབ་འདུག་ན།
ལག་པའི་ཐལ་མོ་སྙིང་གར་སྦྱར་ནས་བསྟོད།
དེ་མིན་སྒོར་མོ་མི་འདོད་སུ་ཞིག་ཡོད།
རང་གིས་རང་ལ་དྲི་བ་དེ་ཁོད་དང་།
བློ་དཀར་བུ་ངའི་སེམ་གྱི་རེ་བ་ཡིན།
སྒོར་མོ་མི་འདོད་སྐྱེས་ཆེན་མང་བོ་ཡོད། །
སྒོར་མོ་མི་དགའ་མི་རྐྱང་གྲོང་ན་མཆིས། །
དགོན་པ་སྒོར་མོ་དགའ་བ་ཁག་མེད་ཀྱང་། །
དགའ་བ་ཚད་ལས་བརྒལ་ན་དགོད་སྤྱད་རེད། །
དེའི་ཕྱིར་དྲང་བོས་ལམ་ནས་བྲིས་པ་ཡིན། །
སྒོར་མོ་གསོག་ནས་གཞན་གྱིས་ཁ་ཟས་གྱུར། །
ཉམ་ཐག་ཚོ་ལ་རོགས་རམ་མ་བྱས་ཀྱང་། །
གཡོ་སྒྱུ་ཅན་ཚོའི་ལག་ཏུ་བཞག་ན་སྐྱོ། །
སྒོར་མོའི་གནད་དོན་རྗེས་སུ་ཡང་ཡང་གླེང་། །
དྲ་གྲོགས་ཚོ་ལ་བར་སྐབས་ཀྱི་རྩོད་གླེང་མཚམས་འཇོག་གི་ཚུལ་དུ་བྲིས་པའོ།།
སྒོར་མོ་ཞེ་དྲགས་ཀྱི་གལ་ཆེན་པོ་རེད། ཡིན་མིན་ཚང་མས་གཟིགས་དང་། གལ་ཆེན་མིན་ན་རང་རེའི་སྤྱི་ཚོགས་ཁྲོད་དུ་མངོན་ལྐོག་གཉིས་སུ་ཉིན་མཚན་མེད་པར་སྒོར་མོ་ཁོ་ན་སེམས་ཤིང་སྒོར་མོ་ཤ་སྟག་ཟ་མཁན་མང་དུ་འགྲོ་དོན་ག་རེ་རེད། སྒོར་མོ་གལ་ཆེ་བས་ཡིན་གྱི་རེད་པ། ཡང་ན་སྒོར་མོ་འདི་སྤྱི་ཚོགས་ཁྲོད་དུ་གལ་མི་ཆེ་བར་བརྟེན་ཉིན་མཚན་དང་མངོན་ལྐོག་མེད་པར་གང་མང་མང་ཟས་ནས་སྤྱི་སྒེར་གཉིས་ཀའི་སྒོར་མོ་ཡོད་ཚད་རྫོགས་འཇུག་རྒྱུའི་ལས་འགུལ་ཞིག་འགོ་བརྩམས་པ་ཨེ་རེད།