ཆུ་སྐྱེས་སྒྲོལ་མ།
དེ་སྔོན་ང་རང་ལ་བོད་དུ་གཉེན་འཕྲད་དུ་བསྐྱོད་རྒྱུའི་གོ་སྐབས་ཞིག་བྱུང༌། སྐབས་དེ་དུས། རྒྱུ་མཚན་གསུམ་གྱིས་ང་རང་མང་དུ་ངུ་བཅུག་བྱུང༌།
ཐེངས་དང་པོ་ང་རང་འགྲམ་གྱི་འགག་སྒོའི་འཁྲིས་ལ་སླེབས་དུས། རྒྱ་དམག་དང་རྒྱ་རིགས་ཚོང་པ་ཕོ་མོ་རྒན་གཞོན་མང་པོ་ཞིག་མིག་ལམ་དུ་མངོན་དུས། སེམས་ནང་ཞེད་སྣང་དང་དངངས་སྐྲག་ཅིག་ཅར་དུ་སྐྱེས་ནས་མིག་ཆུ་ཤོར་སོང༌། དེ་ནི་དབྱར་གྱི་ཆུ་རྫིང་བརྡོལ་བ་དང་གཅིག་མཚུངས་རེད།་
ཕྱི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར། དེའི་ཕྱི་ཉིན་སྔ་པོ་ནས་ཕྱིར་སྡོད་བོད་རིགས་སྤུན་ཟླའི་སྣེ་ལེན་ཁང་དུ་འབྱོར་ཐོ་བཀོད་པར་ཡོང་དགོས་ཀྱི་བརྡ་སླེབས་པ་ལྟར་དེར་བསྐྱོད་པ་ཡིན། དེ་དུས་ང་དང་གཅེན་མོ་ཟ་ཁང་ཞིག་ནང་བོད་ཐུག་འཐུང་བར་བསྐྱོད། སྐབས་དེར་ངའི་མིག་ལམ་དུ་འཆར་བ་ནི། གྱོན་གོས་རྙིང་སོང་དྲེག་པས་འཚོས་པའི་རྒན་པོ་ཞིག་གིས། ལག་པའི་མཐེ་བོང་གནམ་ལ་ཀེར་ནས་སློང་མོ་བྱེད་བཞིན་འདུག དེ་དུས་སླར་ཡང་ངའི་མཆི་མའི་བཞུར་རྒྱུན་ནིལྷ་སའི་སྐྱིད་ཆུ་སྔོན་མོ་དང་འདྲེས་ནས་བཞུར།
དུས་དེ་ནས། ང་རང་གྲོགས་པོ་གྲོགས་མོ་ཚོ་དང༌། སྤུན་མཆེད་སོགས་དང་མཉམ་དུ་གཡས་གཡོན་ལ་གནས་མཇལ་དང༌། ཁྲོམ་དང་བར་སྐོར་སོགས་ལ་འགྲོ་དུས། རྒྱུ་མཚན་མང་དག་ཞིག་གིས་ངའི་སེམས་ནང་མི་བདེ་བ་དང༌། མ་སྐྱིད་པ་རང་བཞིན་གྱིས་ཡོང་དུ་བཅུག བཅོས་མིན་གྱི་སྐྱོ་སྣང་དེས་ཡིད་སེམས་གཉིས་མ་སྐྱིད་པ་བྱུང༌། དེ་དུས་ངུས་པའི་མཆི་མའི་བཞུར་རྒྱུན་ནི་ཆར་དུས་ཀྱི་འོད་པ་རྒྱུགས་པ་དང་མཚུངས།
ཟ་ཁང་ལ་ཆ་མཚོན་ན། རྒྱ་བོད་གཉིས་ཀྱི་ཟ་ཁང་འདུག འོན་ཀྱང་ཟ་མཁན་བརྒྱ་ཆ་དགུ་བཅུ་བོད་པ་རེད་ཟེར་ན་ཕལ་ཆེར་ཧམ་པ་ཆེ་དྲགས་མིའདུག་ ངས་མཐོང་བར་གཞིགས་ན། བོད་མི་རྒན་གཞོན་མང་ཆེ་བ་ཞོགས་པ་སྔ་པོ་ནས་གླིང་སྐོར། བར་སྐོར། རྩེ་སྐོར་སོགས་སུ་སྐོར་སྦྱོང་ལ་ཕེབས་ཀྱི་འདུག དེ་ནི་ལོ་བཅུ་གྲངས་ལྷག་གི་སྔོན་དང་བསྡུར་ན་གྲངས་འབོར་གྱི་ཆ་ནས་འཕར་འདུག བོད་མི་དེ་རྣམས་ཀྱིས་རང་རང་གི་ཉིན་རེའི་སྐོར་བ་རྣམས་བསགས་གྲུབ་རྗེས། བོད་པའི་ཟ་ཁང་དཀྱུས་མ། དཔེར་ན། བོད་ཐུག་དང་ཇ་མངར་མོ་འཐུང་ས་སོགས་ནང་འཛོམས་ཏེ་ཏག་སེ་རྩེད་ནས་སྡོད་མཁན་དང༌། ཡང་ཁ་བརྡ་གློད་ནས་སྡོད་མཁན་སོགས་ཀྱི་གྲངས་འབོར་ནི་དངོས་ནས་ཉུང་ཉུང་རེད་མི་འདུག ལྷ་སར་བཤད་ཚུལ་ཞིག་ཡོད་པ་ནི། སྔོན་ཕྱི་རྒྱལ་བ་ཞིག་ལྷ་སར་སླེབས་ནས་ཟ་ཁང་དེ་ཚོའི་སྒོ་འགྲམ་གྱི་རྐང་གྷ་རིལ་རྣམས་མཐོང་བས། ཁོ་ཧང་སང་སྟེ། དེ་བཟོ་གྲྭ་ཆེན་པོ་ཞིག་རེད་པས་ཞེས་སྐད་ཆ་དྲིས་པ་རེད་ཅེས་བཤད་སྲོལ་འདུག
གྲོགས་མོ་ཚོའི་མགྲོན་འབོད་ལྟར། ཟ་ཁང་རྫིག་པོ་དེ་འདྲ་ཁ་ཤས་ནང་ཕྱིན་པ་ཡིན། དེ་ཚོའི་ནང་ལའང༌། འཚོང་མཁན་བརྒྱ་ཆ་བརྒྱད་བཅུ་རྒྱ་མི་དང་ཟ་མཁན་བརྒྱ་ཆ་བརྒྱད་བཅུ་བོད་པ་ཁོ་ན་རེད། དེ་བཞིན་ནང་མ་ཁང་ཞེས་རྒན་གཞོན་ཕོ་མོ་དབྱེར་མེད། མཚན་མོ་ཞབས་བྲོ་དང་ཆང་རག་ལ་རོལ་ས་ཞིག་འདུག དེ་ནི་བོད་པའི་མི་རྣམས་རྒྱས་སྤྲོས་བྱེད་ས་ཞིག་ལས་རྒྱ་མི་ཡོང་མཁན་བརྒྱ་ཆ་བཞི་ལྔ་ལས་མི་འདུག དེ་བཞིན་ཁྲོམ་གཟིགས་ཁང་དང་འཇར་མན་གླིང་ཁ་སོགས་ནང་གི་ཚོང་ཁང་མང་ཆེ་བའི་ནང་གི་ཅ་ལག་འཚོང་མཁན་རྒྱ་མི་དང་དེ་ཚོའི་གཡོག་རྒྱུག་མཁན་ནི་བོད་པ་རེད་འདུག ལོབཅུ་གྲངས་སྔོན་གྱི་བོད་ནང་གི་ཚོང་ཁང་དང་ཟ་ཁང་སོགས་དང༌། ད་ལྟའི་བོད་བོད་ནང་གི་ཚོང་ཁང་དང་ཟ་ཁང་གི་ཁྱད་པར་མངོན་གསལ་དོད་ཤོས་ཤིག་ནི་རྒྱ་མི་རྣམས་སྦྱིན་བདག་དང་བོད་པ་རྣམས་གཡོག་པོའི་ཚུལ་དུ་འདུག་པ་དེ་རེད།
ལྷ་སའི་སྤྲང་པོ་ནི་དེ་སྔོན་ ༡༩༥༩ གོང་གི་བོད་ཀྱི་སྤྱི་ཚོགས་དང་བསྡུར་ན། གྲངས་འབོར་གྱི་ཆ་ནས་འཕར་ཡོད་པ་ལས། མར་ཆག་ཡོད་པ་མ་རེད་ཅེས་རྒན་རབས་པ་ཚོས་གླེང་གི་འདུག
ངས་རང་མི་རིགས་ཀྱི་ལ་རྒྱ་དང་རང་གི་བུ་ཕྲུག་ལ་སེམས་ཁྲལ་མེད་པའི་སྤྲང་པོའི་ཁྱུ་ཚོགས་ལ་དབྱེ་ཞིབ་ཅིག་བྱས་པ་ཡིན། དེ་ལས་ངས་ཤེས་པ་བྱས་ན། དེ་ནི་རིམ་པ་མི་འདྲ་བ་གསུམ་ལ་དབྱེ་ཆོག་པ་འདུག་སྙམ། དང་པོ་དངོས་ཡོད་ཀྱི་འཚོ་གནས་ལ་དཀའ་ངལ་འཕྲད་ནས་སྤྲང་འཁྱམ་ཆགས་པ། གཉིས་པ། ལོ་ན་རྒས་ནས་ཡོང་འབབ་ངེས་གཏན་མེད་རིགས། གསུམ་པ་ནི། ལས་ཀ་བྱེད་མི་འདོད་པའི་རིགས་ཏེ། རང་ལ་ཡོད་པའི་ས་ཞིང་རྒྱ་མིར་བོགས་མར་བཏང་ནས་ཕ་མ་བུ་ཕྲུག་དང་བཅས་པས་སློང་མོ་བྱེད་བཞིན་པ་དེ་རེད།
དེ་ལས་འགའ་ཤས་ཀྱིས་ཉིན་མོ་གྱོན་གོས་རལ་ཧྲུལ་རྣམས་གྱོན་ནས་སློང་མོ་བྱེད་པ་དང༌། མཚན་མོ་ནང་མ་ཁང་སོགས་ལ་གཞས་དང་ཞབས་བྲོར་རོལ་བཞིན་ཡོད་པ་རེད་ཅེས་གོ་ཐོས་བྱུང༌། དེ་རིགས་ལ་མི་རིགས་ཀྱི་ལ་རྒྱ་དང་བུ་ཕྲུ་ཚོའི་མ་འོངས་མདུན་ལམ་ལ་སེམས་ཁྲལ་རྩ་བ་ནས་མེད་པ་འདྲ།
ཁོང་ཚོས་མིག་མདུན་གྱི་བདེ་སྐྱིད་ཆུང་ངུ་མྱོང་བཞིན་པ་ནི། དད་ལྡན་མང་ཚོགས་རྣམས་ནས་སྦྱིན་པ་བཏང་བའི་སྒོར་མོ་རྣམས་རེད། ཁོང་ཚོའི་ཉིན་རེའི་ཡོང་སྒོ་ནི། ཉིན་རེར་རྒྱ་སྒོར་བརྒྱ་ཡས་མས་ནི་སྤྱིར
བཏང་རེད་ཟེར། དེ་མིན་ཚེས་བཟང་དུས་བཟང་སྐབས་ཀྱི་ཡོང་སྒོ་དེ་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་སྐོར་ཡང་ཟེར་གྱི་འདུག
ལས་ཀའི་ངོས་ནས་བཤད་ན། རྒྱ་མི་མང་པོ་ཞིག་ལྷ་སར་ཡོང་གི་ཡོད་པ་དེས་བོད་མི་ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་བཞིན་པ་བདེན་པ་རེད། འོན་ཀྱང༌། ལས་མེད་ཀྱི་གྲངས་འབོར་འཕར་གྱི་ཡོད་པ་དེའི་ནང༌། བོད་པ་རང་གི་བྱེད་སྟངས་མ་འགྲིག་པ་ཁག་ཅིག་ཀྱང་འདུག དཔེར་ན། ས་ཞིང་འདེབས་ལས་ལ་བསམ་ན། དཀའ་ལས་རྒྱག་མི་དགོས་པར་དངུལ་ལེན་ཆོག་ལ་བསམ་ནས་རྒྱ་མི་ལ་བོགས་པར་བཏང་བ། ཚེམ་བུ་བ་དང༌། ཨར་ལས་པ། གོས་འཁྲུ་མཁན་བཅས་ལ་བསམ་ན། རྒྱ་མིས་གཙང་བཙོག་མེད་པར་དངུལ་བྱུང་ན་ལས་ཀ་གང་ཡང་བྱེད་ཀྱི་ཡོད་འདུག་ནའང༌། དེ་བོད་པས་མི་འཇོན་པས་རང་བཞིན་གྱིས་ལས་ཀ་ཆེ་ཆུང་མང་པོ་ཞིག་གཞན་ལ་ཤོར་འགྲོ་བ་སོགས་ཀྱང་མང་དག་ཅིག་འདུག དེ་རྣམས་མཐོང་དུས་དངོས་ནས་སེམས་པ་སྐྱིད་པོ་ཞིག་མ་བྱུང༌།
དེ་བཞིན་མདོ་སྟོད་སྨད་དང་གཙང་ཁུལ་སོགས་ཀྱི་བོད་མི་འགར་མཚོན་ན། རང་གི་ས་ཞིང་ཁང་པ་དང་བཅས་པ་མི་རིགས་གཞན་ལ་ཕར་བཙོང་སྟེ། ལྷ་སར་གཞིས་ཆགས་པར་ཡོང་མཁན་ཡང་གང་འཚམ་འདུག དེ་ནི་རང་གི་ལུང་པར་ཤ་རུས་མི་གཅིག་པའི་མི་རིགས་མང་དག་ཅིག་འོར་འདྲེན་བྱས། རང་ཉིད་ཡུལ་གཞན་ཞིག་ལ་གནས་སྤོས་པ་དེས་ཀྱང་རྒྱ་མི་བོད་སར་གནས་སྤོ་བྱ་རྒྱུར་ཆ་རྐྱེན་གསར་པ་ཞིག་སྐྲུན་བཞིན་འདུག དེ་ལྟར་རྒྱུ་རྐྱེན་མང་དག་ཞིག་གིས་མུ་མཐུད་ལྷ་སར་སྡོད་འདོད་མེད་པའི་སྣང་བ་ཞིག་འགོག་མེད་ཏུ་འཁོར་འོང་གི་འདུག
ད་རེས་གུས་མོས་ལྷ་སའི་སྐོར་ཕྱིར་དྲན་ཞིག་བྱེད་དོན་ནི། དུས་བབ་དྲ་ངོས་ནས། སྒྱིད་ལུག་གི་གྲོང་ཁྱེར་ཞེས་པའི་རྩོམ་ཡིག་ཅིག་བཀླགས་པ་དེའི་ནང༌། ཡུལ་སྐོར་བ་འགའ་ཤས་ནས་བསམ་ཤོག་འཕངས་པར་གཞིགས་ན། རེ་འགས་བོད་མིའི་གོམ་པ་རྒྱག་སྟངས་དལ་བ་སོགས་རྒྱ་མཚན་དུ་བཀོད་འདུག་་པའང་འདུག་སྟེ། གོམ་པ་དལ་བས་སྒྱིད་ལུག་ཅན་ཡིན་པ་སྒྲུབ་མི་ཐུབ་མོད། འོན་ཀྱང༌། ཁོང་རྣམ་པས་གོང་ཞུས་ཀྱི་གནས་སྟངས་འདི་འདྲ་གཟིགས་ནས་ལྷ་ས་ནི་སྒྱིད་ལུག་གི་གྲོང་ ཁྱེར་ཞིག་ཡིན་པའི་འོས་ཤོག་འཕངས་པ་ཡིན་སྲིད་པ་རེད། དོན་དངོས་ཐོག་བོད་མི་རྣམས་ནི་རྒྱས་སྤྲོས་ལོངས་སྤྱིད་ཀྱི་འཚོ་བར་རོལ་བར་སྤྲོ་བ་དང༌། ཆང་འཐུང་རྒྱན་རྩེད་ཀྱི་རྩེད་མོར་དགའ་བ། ད་དུང་ཤོད་རྒྱུན་ལ། མི་ཚེ་ཞི་མིའི་ཨ་སྟོང་ཙམ་ལས་མེད་པས། སྐྱིད་པོ་བྱས་ནས་སྡོད་དགོས་རེད་ཅེས་བརྗོད་སྲོལ་ཡོད་པ་དེ་རེད། དེས་རང་བཞིན་གྱིས་མི་རྣམས་ལ་ལྡོག་ཕྱོགས་ཀྱི་བསླབ་བྱ་ཞིག་རྒྱག་གི་འདུག། དེ་རྣམས་ནི་མ་ལེགས་པའི་ཆ་རྣམས་རེད། དེ་བཞིན་ལེགས་ཆ་རྣམས་ཞུ་དགོས་བྱུང་ན། དེ་ནི་ཞུས་མི་ཚར་བ་ཞིག་ཡོད་པ་རེད་དེ། དེ་ཚོ་ནི་སྐབས་འདིར་བརྗོད་དགོས་དོན་མེད་པར་བསམས་ནས་མ་བྲིས་པ་ལགས།
ང་ལ་ཚོར་སྣང་ཞིག་སླེབས་པ་ནི། བོད་ཤོར་བ་དེ་ཡང་འདི་འདྲ་བྱས་ནས་ཤོར་བ་རེད་ཨང་སྙམ་པ་དང༌། ད་དུང་ཡང་འདི་ལྟར་བསྡད་པ་ཡིན་ན། ང་ཚོའིགནས་སྟངས་འཇིགས་དངངས་ཇེ་ཆེར་འགྲོ་བ་ལས་མི་འདུག་སྙམ་དུ་སེམས་ལ་འཆར་བ་དེ་རེད།
བོད་མི་ཚོར་ཐུན་མོང་མ་ཡིན་པའི་འཚོ་བ་རོལ་སྟངས་ཤིག་ཡོད་པ་རེད། དེ་ལ་ངོས་འཛིན་སྟངས་འདྲ་གི་མ་རེད། འགའ་རེས་སྣང་བ་སྐྱིད་པོ་རེད་ཟེར། འགའ་རེས་སྒྱིད་ལུག་ཚ་བོ་རེད་ཟེར།འགའ་རེ་དེ་ལ་དགའ་སྲིད། འགའ་རེ་དེ་ལ་མི་དགའ་བའང་སྲིད། གང་ལྟར་དེ་ནི་བོད་མིས་འཚོ་བ་རོལ་སྟངས་རེད།
ནུབ་ཕྱོགས་པ་དང་རྒྱ་མི་འགའ་རེས་སྒྱིད་ལུག་ཟེར་བ་ཁག་མེད།
སྐད་ཆ་བཤད་སྟངས་ག་ལེ། གོམ་པ་རྒྱག་སྟངས་ག་ལེ། ལས་ཀ་བྱེད་སྟངས་ག་ལེ། འཚོ་བ་རོལ་སྟངས་ག་ལེ། ག་ལེ་ཕེབས། ག་ལེ་བཞུགས། ཅི་བྱེད་ལ་དུས་ཚོད་ཀྱི་སྟངས་འཛིན་བྲལ། དག་ཞིང་ཟེར་བ་དེ་ཕལ་ཆེར་འདི་ལས་གཞན་ཞིག་ཨེ་ཡོད།
ཨ་རོ། མགོན་ཕྱག། དེ་རིང་ཁྱོ་ཅུང་ཙམ་ར་བཟི་ཡོད་ནི་མིན་ན།
གོང་གི་རྩོམ་འདིའི་ལྷ་སའི་དངོས་ཡོད་གནས་སྟངས་ཀྱི་ཟུར་ཞིག་གླེང་གི་འདུག་མ་གཏོགས།
དག་ཞིང་དང་ཐུན་མོང་མ་ཡིན་པའི་འཚོ་བ་རོལ་སྟངས་སོགས་གླེང་གི་མི་འདུག་བསམ།
ཏན་ཏན། དེ་རིང་ཁྱོད་ཅུང་ཙམ་ར་བཟི་འདུག ཀུ་རེ་དང་བཅས།
ངས་གོང་གསལ་གྱི་རྩོམ་དེའི་ནང་དག་ཞིང་གླེང་གི་འདུག་ཅེས་གང་ཡང་བྲིས་མེད། དེ་རིང་ཕལ་ཆེར་ཁྱེད་རང་ར་བཟི་ཡོད་པ་འདྲ།
ནུབ་ཕྱོགས་པས་སྒྱིད་ལུག་གི་གྲོང་ཁྱེར་ཟེར་བར་ཁག་མེད་པ་དང་། དེ་དེ་ལྟར་ཡིན་ལུགས་བྲིས་ཡོད། དེ་ལས་འཕྲོས་ཏེ་རང་གཞན་དུས་ཚོད་ཀྱི་སྟངས་འཛིན་དང་བྲལ་བས་དག་ཞིང་ལྟ་བུ་ཡིན་པའི་རང་གི་མཐོང་ཚུལ་བྲིས་ཡོད། ཕྱིའི་མཐོང་ཚུལ་ལ་བལྟས་ན་ནུབ་ཕྱོགས་འདི་དག་ཞིང་ལྟ་བུ་ཞིག་ཏུ་མཐོང་། ནང་བསམ་བློའི་འཁྱེར་སོ་དང་བག་ཡངས་སྣང་སྐྱིད་ཀྱི་འཚོ་བ་རོལ་སྟངས་ལ་བལྟས་ན་བོད་འདི་དག་ཞིང་ལྟ་བུ་ཞིག་ཏུ་མཐོང་གི་འདུག ད་ཡིན་ན་ཡང་། དེ་ལ་ཁྱེད་ཚོར་སེམས་ཁྲལ་ཡོད་པ་མ་རེད། ནུབ་ཕྱོགས་ལྟ་བུར་ཆགས་རྒྱུ་དེ་ཚང་མའི་དམིགས་ཡུལ་དུ་འཛིན་གྱི་འདུག་པས་དེ་ལྟར་མ་ཆགས་པའི་སེམས་ཁྲལ་ཡོད་པ་མ་རེད།གང་མགྱོགས་ཆགས་གི་རེད། དེ་ནས་ཅིག་གི་ཁ་རལ་ཤག ཉིག་གི་སྣ་རལ་ཤག ཅིག་འགྲིགས་མི་འདུག ཉིག་འགྲིགས་མི་འདུག་ཟེར་བ་ལུང་བ་གང་ཡོང་གི་རེད།
ཨ་རི་ལ་མཚོན་ན་སྔོན་དང་བསྡུར་ན་ཕྱི་དངོས་པོའི་ཆ་རྐྱེན་ལྡབ་འགྱུར་གྱིས་ཡར་རྒྱས་ཕྱིན་ཡོད་ན་ཡང་ནང་སེམས་སྐྱིད་པོ་མེད་པའི་བསྡུར་ཚད་དེའང་སྔོན་མ་ལས་ལྡབ་འགྱུར་གྱིས་མང་དུ་ཕྱིན་ཡོད་ཚུལ་གང་སར་མཐོང་རྒྱུ་འདུག
ད་མ་གཞི་ནས་ཁྱད་མཚར་བོ་རེད། ནུབ་ཕྱོགས་སུ་ཤར་ཕྱོགས་སོགས་ཀྱི་རང་དབང་གུ་ཡངས་ཀྱི་མིའི་འཚོ་བ་རོལ་སྟངས་ལ་འགྲམ་ཆུ་ལང་སྡོད་མཁན་མང་པོ་རེད། ཤར་ཕྱོགས་སུ་ནུབ་ཕྱོགས་ཀྱི་ཡར་རྒྱས་ལ་འགྲམ་ཆུ་ལྡང་སྡོད་མཁན་དེ་ལས་ཀྱང་མང་། ད་དེ་འདྲ་རེད།
ད་ཕར་བལྟས་ཚོད་ལ་ཁྱེད་རྣམ་པ་གཉིས་ཀ་ར་བཟི་ཡོད་པ་འདྲ། བཟི་གཏམ་མ་བཤད། ཅུང་ཙམ་གཉིད་ཅིག་ཁུག་ན་བཟི་དྭངས་འགྲོ་རྒྱུ་རེད། ཧ་ཧ་ཧ།