ཨ་འཇམ།
ཟ་ཟིའི་མི་ཡིས་རྙོག་པའི་གྲོང་ཁྱེར་ནས།།
བག་ལེབ་ཕྱེད་ཅིག་ཟོས་པའི་རིན་འབབ་ཀྱིས།།
ཁ་པར་ནང་གི་ཨ་མའི་བུ་ཆུང་ཞིག།
ས་འོག་མེ་འཁོར་སྲུང་བའི་འགྲུལ་བ་ཡིན།།
མི་ནག་ཞབས་བྲོ་བ་ཡི་རྐང་རྩེ་ནས།།
རུས་རྐང་གློག་ལ་འདྲེས་པའི་སྒྱུ་རྩལ་འཁྲིགས།།
ཁང་ཆེན་སྒོ་བྱང་རེ་རེའི་འོག་རོལ་ན།།
རྐུབ་དང་ནུ་མ་མཛེས་པའི་འོད་ལ་ཕྱོགས།།
དབྱར་ཟླ་དྲུག་པའི་བཟོ་གྲྭའི་དུ་སྨུག་ཁྲོད།།
དེང་རབས་རོལ་ཆ་ཉན་པའི་གུང་གསེང་བ།།
ས་ཡོམ་ཆེན་པོའི་གསར་འགྱུར་ཐེངས་གཅིག་གིས།།
སྐྱེས་པ་སྔ་ཕྱིའི་རིག་གཞུང་གསང་བ་རྙེད།།
མིག་ཤེལ་འོག་གི་ས་གཞི་ནེམ་ནེམ་དུ།།
རྐང་རྗེན་ལྷ་མོར་དད་པའི་རྔོན་པ་ཚོ།།
གཞུང་གི་གྲོས་ཚོགས་ཆེན་མོའི་ཅོག་ཙེ་རུ།།
ཁྲག་གི་ཞབས་རྗེས་རབ་རིབ་ངང་དུ་ཡལ།།
རྒྱ་མཚོའི་འགྲམ་གྱི་ཁང་རྩེག་ང་རྒྱལ་ཅན།།
ཁ་ཆེ་དཔའ་བོ་ཞིག་གིས་བཏུལ་བ་ན།།
འཕྲུལ་ཆས་ཁྲོས་ཏེ་ནམ་མཁའ་རྡུང་བཞིན་དུ།།
གོ་ལའི་ཚ་དྲོད་འཕེལ་བའི་ཉམས་འདི་ཐོན།།
དམག་མི་ལམ་ལ་ཆས་པའི་གཞུང་སྲང་ནས།།
ཁ་པའི་གཏམ་རྒྱུད་ཡང་བའི་འཁྱམ་པོ་ཞིག།
མེ་ཏོག་སྟེང་དུ་བྲིས་པའི་སྙན་ངག་འདི།།
གད་སྙིགས་སྒམ་དུ་ལྷུང་བའི་ལས་འདི་བྱུང༌།།
༢༠༠༧ ༡༢ ༢༢ ཉིན་བྲིས།