དྲ་འདྲེ།
ཆེས་རང་བྱུང་གི་མཛེས་སྡུག་ལ་སེམས་པ་བརླན་ཏེ།
རྒྱང་རིང་མོ་ཡི་ཕུགས་བསམ་ལ་ཀླན་ཀ་འཚོལ་དུས།
སའི་གོ་ལ་འདི་མཚོ་མོ་བཞིན་དལ་གྱིས་སྐྱོམ་པས།
ང་འཇིག་རྟེན་གྱི་རླབས་རྩེ་ན་འཚོ་བ་རྟོགས་བྱུང་།
སེམས་དྭངས་གཙང་གི་མཁའ་དབུགས་བཞིན་ཀུན་དུ་རྒྱུ་ཞིང་།
ཁམས་སྣ་ཚོགས་ཡི་གཟུགས་ཅན་འདིའི་ཁོག་ཏུ་ཞུགས་དུས།
གླིང་ཆེན་པོ་འདི་གཡུལ་ས་བཞིན་དྲག་ཏུ་གཡོ་བས།
ང་འཇིག་རྟེན་འདིའི་མཚོན་ཁ་ན་ཡོད་པ་རྟོགས་བྱུང་།
རི་རྭ་བ་ཡི་མཛེས་སྡུག་ལ་རྣམ་པར་གཡེང་སྟེ།
སྣང་སྣ་ཚོགས་ཀྱི་ཁ་དོག་གི་དབྱིངས་སུ་འཐིམས་དུས།
ས་གོར་མོ་འདི་འཇའ་ཚོན་བཞིན་མིག་ལ་ཐོགས་པས།
ང་འཇིག་རྟེན་འདིའི་སྒྱུ་འཕྲུལ་ལ་གནས་པ་རྟོགས་བྱུང་།
དུས་ནམ་ཟླ་ཡི་འཁོར་འགྲོས་ལ་ཕུགས་འདུན་བཅོལ་ཏེ།
སྐྱབས་དཀོན་མཆོག་ལ་གསོལ་འདེབས་ཁྲོད་ནར་གྱིས་སོན་དུས།
མཐོངས་ནམ་མཁའ་ཡང་ག་ལེར་བཞིན་ཆུང་དུ་སོང་བས།
ང་འཇིག་རྟེན་གྱི་རྒྱ་རྙི་རུ་ཚུད་པ་རྟོགས་བྱུང་།
བརྩེ་དུང་བ་ཡིས་ཡིད་ཁམས་ལ་འོད་སྣང་སྦྱིན་ཞིང་།
སེམས་དགའ་སྐྱོ་ཡི་སྣང་བ་ཡང་གཅིག་ཏུ་འདྲེས་དུས།
གཏན་འགྱུར་མེད་ཅེས་རླུང་རྩེ་ལ་གཡོ་བཞིན་འདུག་པས།
ང་འཇིག་རྟེན་འདིའི་གློད་ཞགས་རྩེ་འཁྱུག་པ་རྟོགས་བྱུང་།