སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་ལ་<<ཡངས་པའི་ལམ།>>དང་འབྲེལ་བའི་བཅར་འདྲི་བྱས་པ།
བཅར་འདྲི་བྱེད་མཁན། ལོ་མ་རྒྱལ།
༡༽ དྲི་བ། ཁྱོད་ཀྱིས་མུ་མཐུད་ནས་<<ཡངས་པའི་ལམ།>>ཟེར་བའི་གཞས་འདི་གཏོང་དགོས་དོན་དང་། དེ་ལ་ཡང་<<ཡངས་པའི་ལམ།>>ཟེར་བའི་ཁ་བྱང་འདི་འདོགས་དོན་ཅི་ཡིན་ནམ།
ལན། ང་རང་ལ་ཆ་མཚོན་ན། གཞས་དང་རི་མོ་ལ་སོགས། མདོར་ན་སྒྱུ་རྩལ་གྱི་ལམ་ནས་བོད་དོན་ཁྱབ་བསྒྲགས་དང་བོད་མིའི་སྐྱིད་སྡུག་གླེང་མཁན་ཞིག་ཡིན་པར་མ་ཟད། དེའི་སྟེང་ནས་བོད་དོན་འཐབ་རྩོད་བྱེད་ཐུབ་པ་དང་། བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་པར་ཡིད་ཆེས་བྱེད་མཁན་ཞིག་ཀྱང་ཡིན་པས། བོད་དོན་བདེན་མཐའ་མ་སེལ་བར་དུ། བོད་ལ་རང་དབང་མ་ཐོབ་བར་དུ་ང་རང་གིས་མུ་མཐུད་ནས་<<ཡངས་པའི་ལམ།>>་ཟེར་བའི་གཞས་འདི་རྒྱུན་སྐྱོང་ངེས་ཡིན། དེ་ནས། ང་རང་གིས་དམིགས་བསལ་གྱིས་<<ཡངས་པའི་ལམ།>>་ཟེར་བའི་ཁ་བྱང་འདི་བཏགས་ཏེ། དེ་ལ་འགྱུར་བ་གང་ཡང་མ་བཏང་བར། མུ་མཐུད་ནས་རྒྱུན་སྐྱོང་བྱེད་དགོས་དོན་གཙོ་བོ་ནི། གཅིག བརྗོད་དོན་གྱི་ཆ་ནས། ཕལ་ཆེ་བ་ཉག་ཕྲ་བའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་བརྗོད་པ།
གཉིས། ཚིག་དང་དབྱངས་ཀྱི་ཆ་ནས། གཞན་གྱི་དབྱངས་ལ་ལད་མོ་དང་། གཞན་གྱི་ཚིག་བརྐུས་པ་ལ་སོགས་མ་ཡིན་པར། ཚིག་གསར་བ་དང་དབྱངས་གསར་བ། མདོར་ན། གསར་གཏོད་ཀྱི་ལམ་ནས་བོད་དོན་བསྒྲགས་བཞིན་ཡོད།
གསུམ། ལས་དོན་ཡོད་ཚད་རང་ཉིད་ནས་མགོ་རྩོམ་དགོས་པ་དང་། དེ་ཡང་། སྒྱུ་རྩལ་གྱི་ལས་རིགས་ཤིག་ལ་ཆ་མཚོན་ན། གཞན་གྱི་བརྩམས་ཆོ་ལ་ལད་ཟློས་བྱེད་པ་ལ་སོགས་མ་ཡིན་པར། རང་ངོས་ནས་གསར་གཏོད་ཀྱི་ལམ་ནས་སྒྲུབ་པའི་རེ་བ་དང་སྐུལ་མ་བྱེད་ཀྱི་ཡོད། དེ་ལྟར་མིན་ཚེ། ང་ཚོའི་སྒྱུ་རྩལ་ལས་རིགས་འདི་ཡར་རྒྱས་སུ་འགྲོ་བར་ཧ་ཅང་དཀའ་མོ་ཞིག་ཏུ་འགྱུར་འགྲོ་བར་བསམ་བཞིན་ཡོད། མདོར་ན། དེ་དག་<<ཡངས་པའི་ལམ། >>་གྱི་དམིགས་ཡུལ་དང་རེ་བ་ཡང་ཡིན།
༢༽ དྲི་བ། བཙན་བྱོལ་ནས་ཆབ་སྲིད་ཀྱི་གཞས་བཏང་བ་དང་། བོད་ནས་ཆབ་སྲིད་ཀྱི་གཞས་བཏང་བ་གཉིས་ལ་ཕྱོགས་གང་དང་གང་ནས་ཁྱད་པར་ཡོད་དམ།
ལན། བརྗོད་དོན་གྱི་ཆ་ནས་གཅིག་པ་རེད། གཉིས་ཆ་ཆབ་སྲིད་དང་འབྲེལ་བ་རེད། ཡིན་ན་ཡང་། མཇུག་འབྲས་ཀྱི་ཆ་ནས་མི་འདྲ་བ་རེད། བོད་ནང་ནས་ཆབ་སྲིད་དང་འབྲེལ་བའི་གཞས་གཏོང་དུས། བློས་བཏང་ཆེན་པོ་བྱས་ནས་གཏོང་གི་ཡོད་པ་རེད། འགྲོ་སོང་དང་དུས་ཚོད་ཀྱི་ཆ་ནས་བཤད་མི་དགོས་པ་རེད། ཐ་ན། རང་ཉིད་ཀྱི་ཚེ་སྲོག་བློས་བཏང་བྱས་ནས་གཞས་གཏོང་གིན་ཡོད་པ་རེད། རླབས་ཆེན་གྱི་བློས་བཏང་རེད། ང་ཚོས་ནམ་ཡང་སེམས་སུ་ཉར་ཏེ་བརྗེད་མི་རུང་བ་ཞིག་རེད།
དེ་ནས། བཙན་བྱོལ་ལ་ཆ་མཚོན་ན་ཡང་། བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གཞས་གཏོང་མཁན་ནང་བཞིན་གྱི་རླབས་ཆེ་བའི་བློས་གཏོང་དེ་འདྲ་བྱེད་དགོས་ཀྱི་མེད་ན་ཡང་། བློས་གཏོང་ཁ་ཤས་ཤིག་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཡང་། བཙན་བྱོལ་ནས་ཆབ་སྲིད་དང་འབྲེལ་བའི་གཞས་ཤིག་བཏང་བ་ཡིན་ན། བོད་ནང་ནས་འགྲེམས་སྤེལ་བྱེད་རྒྱུ་ཁག་པོ་རེད། གཞས་པ་ཞིག་གི་ངོས་ནས་འདི་ཡང་བློས་གཏོང་གཅིག་རེད། དེ་ནས། སོ་སོའི་ཕ་ཡུལ་ལ་ལོག་མི་ཐུབ་པ་དང་། ལོག་པ་ཡིན་ན་ཡང་དཀའ་ངལ་འཕྲད་པ། འདི་ཡང་བློས་གཏོང་གཅིག་རེད། དེ་ནས། འགྲོ་སོང་དང་དུས་ཚོད་ཀྱི་ཆ་ནས་རེད། འགྲོ་སོང་ཡིན་ན་སོ་སོ་སྒེར་གྱི་ངོས་ནས་ཐབས་ཤེས་སྣ་ཚོགས་སྤྱད་དེ་འགྲོ་སོང་ཕོན་ཆེན་གཏོང་དགོས་པ་དང་། དེ་བཞིན་དུ་དུས་ཚོད་ཀྱང་ཡུན་རིང་བོ་ཞིག་སྤྱད་དེ་སྒྲུབ་དགོས་པ་ཞིག་རེད།
སྤྱིར། ད་ལྟའི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ན་ཆབ་སྲིད་དང་འབྲེལ་བའི་གཞས་ལས་བརྩེ་དུང་དང་། སྤྱིར་བཏང་གི་གཞས་རྣམས་ལ་དགའ་བོ་དང་མྱོས་བོ་བྱེད་པ་དང་། འགྲེམས་སྤེལ་བྱེད་དུས་ཀྱང་བརྩེ་དུང་དང་སྤྱིར་བཏང་གི་གཞས་ཡིན་ན་དོ་སྣང་དང་ལྟ་མཁན་ཡང་མང་བོ་ཡོད་པའི་གནས་སྟངས་ཤིག་ཆགས་འདུག། དེ་བས། ཆབ་སྲིད་ཀྱི་གཞས་ལ་འགྲེམས་སྤེལ་གྱི་ཁོར་ཡུག་ཆུང་ཆུང་། ལྟ་ཁང་དང་དོ་སྣང་བྱེད་མཁན་དེ་ལས་ཉུང་ཉུང་ཡིན་པས། ཆབ་སྲིད་དང་འབྲེལ་བའི་གཞས་གཏོང་མཁན་མང་བོ་མེད་པའི་རྒྱུ་མཚན་ཡང་དེ་རེད་བསམ་བཞིན་ཡོད། ཡིན་ན་ཡང་། ང་ཚོས་སེམས་ཤུགས་ཆགས་པའི་གནས་སྟངས་དེ་ལ་ཁ་གཡར་ཏེ། ཆབ་སྲིད་ཀྱི་གཞས་མ་བཏང་ན་རྦད་དེ་འགྲིག་གི་མི་འདུག།
རྒྱུ་མཚན་ནི་མ་འོངས་པའི་ལོ་རྒྱུས་ཀྱི་ཆ་ནས་ཡིན་ན་ཡང་རེད། མི་རབས་གསར་བར་བག་ཆགས་འཇོག་པའི་ཆེད་དུ་ཡིན་ན་ཡང་རེད། མི་རིགས་གཞན་ལ་བོད་དོན་ཁྱབ་བསྒྲགས་བྱེད་པའི་ཆེད་དུ་ཡིན་ན་ཡང་རེད། ཕྱོགས་གང་ཅི་ཐད་ནས་ཆབ་སྲིད་དང་འབྲེལ་བའི་གཞས་གཏོང་དགོས་པ་དེ་ཧ་ཅང་གནད་འགག་ཅིག་དང་གལ་ཆེན་པོ་ཞིག་མཐོང་གི་ཡོད། མདོར་ན། མིག་མདུན་གྱི་ཁེ་ཕན་མང་བོ་ཞིག་བློས་གཏོང་བྱེད་དགོས་པ་དང་། དཀའ་ངལ་མང་བོ་ཞིག་ལ་ཡང་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་རེད།
༣༽ དྲི་བ། ཁྱོད་ཀྱིས་རྟག་པར་གཞས་གཏོང་དུས། མཛུབ་མོ་གཅིག་གནམ་ལ་ཀེར་ཏེ་ཡོད་པ་དེ་ཡིས་ཅི་ཞིག་མཚོན་བཞིན་ཡོད་དམ།
ལན། རེད། མཛུབ་མོ་གཅིག་གནམ་ལ་ཀེར་ཡོད་པ་དེ་ཡིས། གཅིག་ནས། ལས་ཀ་ཅི་ཞིག་ཡིན་ཡང་། དང་བོ་ཁ་ནས་བཤད་པ་ཁོ་ན་མ་ཡིན་པར་སྒེར་སོ་སོའི་ངོས་ནས་མགོ་རྩོམ་དགོས་པ་དེ་མཚོན་བཞིན་ཡོད། གཉིས་ནས། ང་ཚོས་རྡོག་རྩ་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་འཐབ་རྩོད་ཀྱི་ནུས་པ་གཅིག་ཏུ་སྒྲིལ་དགོས་པ་དེ་མཚོན་གྱིན་ཡོད། གསུམ་ནས། བོད་མི་ཡོངས་ཀྱི་དམིགས་ཡུལ་གཅིག། ཕ་ས་གཅིག། རེ་བ་གཅིག་ཡིན་པ་མཚོན་བཞིན་ཡོད་ལ། མདོར་ན། འཐབ་རྩོད་ཀྱི་མཚོན་རྟགས་ཤིག་ཀྱང་མཚོན་བཞིན་ཡོད།
༤༽ དྲི་བ། ཁྱོད་ཀྱིས་བསམ་ན་བཙན་བྱོལ་གྱི་གཞས་པ་རྣམས་ལ་དམིགས་བསལ་གྱི་འགན་འཁྲི་ཅི་ཞིག་ཡོད་དམ།
ལན། ང་རང་གིས་བསམ་པ་ཡིན་ན། གཙོ་བོ་དེ་བོད་ནང་ནས་གཞས་པ་མང་བོ་ཞིག་གིས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། བདེ་སྡུག། རེ་བ་ལ་སོགས་གླུ་གཞས་ཀྱི་ལམ་ནས་ཕྱིར་མངོན་འདོད་ཡོད་ཀྱང་དེ་ཡི་རང་དབང་མེད་པས། དེ་དང་འབྲེལ་བའི་གཞས་བཏང་བ་ཡིན་ན། བཙོན་དུ་འགྲོ་དགོས་པ་ལ་སོགས་ཀྱི་དཀའ་ངལ་མང་བོ་ཞིག་འཕྲད་བཞིན་ཡོད་པ་སོང་ཙང་། ཕྱིར་རང་དབང་གི་ཡུལ་ན་ཡོད་པའི་གཞས་པ་རྣམས་ཀྱི་ཁོ་ཚོའི་མགྲིན་ཚབ་བྱེད་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདོད་ཀྱི་ཡོད། དཔེར་ན། སྐད་ཡིག་རང་དབང་དང་རིག་གཞུང་གཅེས་འཛིན། བོད་མིའི་བདེ་སྡུག་དང་རེ་བ། དེ་ནས། ཁོར་ཡུག་གཏོར་བཅོམ་ལ་སོགས། མདོར་ན། བོད་ཀྱི་གནས་སྟངས་དངོས་མ་དེ་གླུ་རུ་བླངས་ཏེ། མི་རིགས་གཞན་དང་འཛམ་བུ་གླིང་ལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་བཙན་བྱོལ་གཞས་པ་རྣམས་ཀྱི་དམིགས་བསལ་གྱི་འགན་འཁྲི་ཞིག་རེད་བསམ་བཞིན་ཡོད།
༥༽ དྲི་བ། གོ་ཐོས་ལྟར་ན། ཁྱོད་ཀྱིས་མི་འགྱངས་པར་<< ཡངས་པའི་ལམ། >>་འཁོར་ཐག་གཉིས་པ་འགྲེམས་སྤེལ་བྱེད་རྩིས་འདུག། དེ་ན་དེ་ཡི་བརྗོད་བྱ་གཙོ་བོ་ཅི་ཞིག་ཡིན་ནམ། དེ་སྒྲུབ་པའི་ཁྲོད་ནས་དཀའ་ངལ་ཆེ་ཤོས་དེ་ག་རེ་འཕྲད་སོང་།
ལན། རེད། སྤྱི་ཟླ་བཅུ་གཉིས་པའི་ནང་ལ་རྡ་ས་ནས་འགྲེམས་སྤེལ་བྱེད་རྩིས་ཡོད། དེ་ཡང་། <<ཡངས་པའི་ལམ། >>་འཁོར་ཐག་དང་བོ་ནང་བཞིན་དབྱངས་གསར་བ་དང་ཚིག་གསར་བ་རྐྱང་རྐྱང་ཡིན། དེ་ནས། དུས་ཡུན་གྱི་ཆ་ནས་ལོ་གཉིས་ལྷག་ཅིག་ལ་སྒྲུབ་སྒྲུབ་པའི་འབྲས་བུ་ཞིག་ཀྱང་ཡིན། དཀའ་ངལ་ཆེ་ཤོས་དེ་འགྲོ་སོང་གི་ཆ་ནས་འཕྲད་སོང་། སྤྱིར། འདི་འདྲིའི་གཞས་གཏོང་དགོས་དུས་འགྲོ་སོང་རྐྱང་རྐྱང་མ་གཏོགས། ཡོང་འབབ་ཀྱི་ཆ་ནས་ཧ་ཅང་ཉུང་ཉུང་ཡིན་པས། དེ་ཡང་དཀའ་ངལ་གཅིག་རེད། དེ་ནས་གཙོ་བོ་ང་རང་ད་ལོ་ཨ་རི་ལ་འབྱོར་མ་ཐག་ཡིན་པ་དང་། ལས་ཀ་ཡང་ལམ་སང་བྱེད་ཐུབ་ཀྱི་མེད་པས། སྒེར་གྱི་ཡོང་འབབ་ཀྱི་ཐད་ནས་ཅུང་ཁག་པོ་རེད། དེ་ནས། གཞས་གཅིག་བཏང་ཏེ་འགྲེམས་སྤེལ་བྱས་པ་ཡིན་ན་ཡང་། འགྲོ་སོང་ཆེན་པོ་རེད།
ཡིན་ན་ཡང་། ཨ་རི་ན་ཡོད་པའི་དཔའ་རུས་བུ་རྒྱུད་གཅན་ཙ་བ། སུ་ཝེ་སི་ན་ཡོད་པའི་རྣམ་མཁོ་རྫ་རྡོ། འཇར་མན་ན་ཡོད་པའི་ཐུ་བྷོ་ཚང་། ཁཱ་ནཱ་ཏཱ་ན་ཡོད་པའི་ཚེ་བརྟན་བྷ་སྡེ་ཚང་བཅས་ཀྱིས་སྦྱིན་བདག་དང་། དེ་ནས། གྲོགས་པོ་ཁ་ཤས་ཀྱི་ཞབས་འདེབས་བྱས་ཏེ། འགྲོ་སོང་གི་དཀའ་ངལ་ཕལ་ཆེར་ཅིག་སེལ་སོང་། དེ་བས། གོ་སྐབས་འདིར་བཟུང་ཏེ། བོད་ཀྱི་རྩ་དོན་ལ་ཤ་ཞེན་ཆེ་བའི་ཁོང་རྣམ་པ་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་ནས་བརྗོད་བྱ་ཡི་ཆ་ནས་ཀྱང་། རང་ལུས་མེ་སྲེག་དང་བོད་ཀྱི་རང་དབང་། བོད་ཀྱི་སྐད་ཡིག་གི་སྐོར། ད་དུང་། ཕྱི་རྒྱལ་གྱི་མིའི་རིགས་ལ་ངོ་སྤྲོད་བྱེད་པའི་ཆེད་དུ་རང་ལུས་མེ་སྲེག་གི་སྐོར་དབྱིན་ཇིའི་ནང་ནས་ཀྱང་གཅིག་ཡོད། དེ་ནས། ༧རྒྱལ་བའི་རྒྱ་སྟོན་གྱི་གཞས་ཤིག་དང་། དམིགས་བསལ་གྱི་གཅིག་ནི་དམངས་ཁྲོད་ཀྱི་སྒྲུང་གི་ལམ་ནས། ཨ་ཕས་བཙན་བྱོལ་ནས་སྐྱེས་པའི་རང་གི་བུ་མོ་ལ་དྲི་བ་དྲི་ལན་གྱི་སྒོ་ནས་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་པའི་གཞས་ཤིག་ཀྱང་ཡོད། དེ་མིན་བརྩེ་དུང་གི་གཞས་གཅིག་ཀྱང་ཡོད་པ་མ་རེད།
༦༽ དྲི་བ། དེང་སང་བོད་དང་བཙན་བྱོལ་ན་རྒྱ་གཞས་ལ་ལད་མོ་བྱས་ནས་གཞས་གཏོང་བཞིན་པ་དེའི་ཐད་ལ་ཁྱོད་རང་ལ་བསམ་ཚུལ་ཅི་ཞིག་ཡོད་དམ།
ལན། ང་རང་ཡིན་ན་རྒྱ་གཞས་ལ་ལད་མོ་བྱེད་པ་དེར་དགག་པ་རྒྱག་མཁན་ཞིག་ཡིན། གནད་དོན་ཆེ་ཤོས་ཤིག་ནི་དེང་སང་བོད་ནང་དང་བཙན་བྱོལ་ན་རྒྱ་གཞས་ལ་ལད་མོ་བྱས་ནས་བཏང་བའི་གཞས་དེ་ཚོ། བཙན་བྱོལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་རྒྱ་གཞས་ལ་ལད་མོ་བྱས་ནས་བཏང་བའི་གཞས་ཤིག་ཡིན་པར་མ་ཤེས་པར། བོད་རང་གི་གཞས་ཤིག་རེད་བསམ་ཏེ། བག་ཆགས་ངན་པ་ཞིག་འཇོག་གི་ཡོད་པ་དེ་རེད། དེ་ནས། གླུ་གཞས་སྒྱུ་རྩལ་རང་ངོས་ནས་བཤད་ན་ཡང་། གཞན་ལ་ལད་མོ་བྱས་ཏེ་བཏང་བའི་གཞས་དེ་ནི་ནམ་ཡང་སོ་སོའི་གཞས་མ་རེད་ལ། བོད་རང་གི་གླུ་གཞས་སྒྱུ་རྩལ་འདི་ཡར་རྒྱས་སུ་འགྲོ་བར་འགོག་རྐྱེན་བཟོ་མཁན་ཞིག་ཀྱང་རེད་འདོད་ཀྱི་ཡོད།
ང་རང་བསམ་ན། སྤྱིར་ང་ཚོ་བོད་མི་རིགས་ལ་མཚོན་ན། གཞན་གྱི་གཞས་དང་གདངས་ལ་ལད་མོ་བྱེད་དགོས་པ་དེ་འདྲ་ཞིག་རྩ་བ་ཉིད་ནས་མ་རེད་འདོད་ཀྱི་ཡོད། ང་ཚོ་ལ་དམངས་ཁྲོད་ཀྱི་གཞས་དང་གདངས་གཞན་མི་རིགས་ལ་མངོན་ཆོག་ཆོག་ཅིག་ཡོད་པ་རེད། དེ་བཞིན་དུ་དབྱངས་རྩོམ་མཁན་དང་ཚིག་རྩོམ་མཁན་ཡང་མང་བོ་ཡོད་པ་རེད། མདོར་ན། ང་རང་གིས་བོད་འདི་གླུ་གར་གྱི་རྒྱ་མཚོ་ཞིག་ལ་འདོད་ཀྱི་ཡོད།
དེ་ནས། བོད་མདོ་དབུས་ཁམས་གསུམ་ནང་ཁུལ་ནས་གཅིག་གི་གཞས་གཅིག་གིས་གཏོང་བ་དེ་ནི་ང་རང་གིས་ཡག་པོ་རེད་བསམ་བཞིན་ཡོད། དཔེར་ན། ཁམས་ཁུལ་གྱི་གཞས་ཤིག་ཨ་མདོ་ནས་བཏང་བ་ཡིན་ན་ཡག་པོ་རེད། དེ་བཞིན། ལྷ་སའི་ཕྱོགས་ནས་གཞས་ཤིག་ཁམས་ནས་བཏང་བ་ཡིན་ན་ཡང་ཡག་པོ་རེད་བསམ་བཞིན་ཡོད། དེ་ནས། དེ་འདྲའི་གཞས་གཏོང་དུས་གཞས་དེ་ཡུལ་ཕྱོགས་གང་ནས་ཡིན་པ་དང་། སུ་ཞིག་གིས་བཏང་བ་ཡིན་མིན་གསལ་བཤད་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་རེད།
༧༽ དྲི་བ། ཁྱོད་རང་ལ་ཆ་མཚོན་ན། གཞས་དང་རི་མོ། ཁབ་གཙགས་རི་མོ། མདོར་ན་སྒྱུ་རྩལ་གྱི་ལམ་ནས་བོད་དོན་ཁྱབ་བསྒྲགས་དང་བོད་ཀྱི་བདེ་སྡུག་གླེང་དང་གླེང་བཞིན་པ་རེད། དམིགས་བསལ་གྱི་ཁབ་གཙགས་རི་མོ་ལ་ཆ་མཚོན་ན། རིན་མེད་ཀྱི་སྒོ་ནས་བོད་དོན་ཁྱབ་བསྒྲགས་བྱེད་ཀྱི་འདུག། དེ་ན། སྒེར་གྱི་ལས་ཀ་འདིའི་ཁྲོད་ནས་ཁྱོད་ལ་ཉམས་མྱོང་དང་། དེ་ལ་གྲུབ་འབྲས་ག་འདྲ་ཞིག་བྱུང་ཡོད་བསམ་བཞིན་ཡོད། དེ་ནས། ད་རུང་། ཁྱོད་ཀྱིས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་སྒྲུབ་པའི་སྒེར་གྱི་ལས་འགུལ་འདི་མུ་མཐུད་ནས་སྤེལ་རྩིས་ཡོད་དམ།
དྲི་ལན། ཉིས་སྟོང་བརྒྱད་ནས་ང་རང་གིས་རིན་མེད་ཀྱི་སྒོ་ནས་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་འདི་མགོ་ཚུགས་པ་ཞིག་ཡིན། ལས་ཀ་འདི་མགོ་རྩོམ་དགོས་པའི་རྒྱུ་མཚན་གཙོ་བོ་དེ། སོ་སོ་བོད་པ་ཞིག་ཡིན་པ་དང་། དེ་བཞིན་བོད་པ་མི་རེ་ངོ་རེ་ལ་རང་ཉིད་ཀྱི་གནས་བབ་དང་བསྟུན་ཏེ། བོད་དོན་འཐབ་རྩོད་བྱེད་དགོས་པའི་འགན་ཞིག་ཀྱང་ཡོད་པ་རེད། དཔེར་ན། ཁྱིམ་ཚང་གི་ཕ་མས་རང་གི་བུ་ཕྲུག་ལ་བོད་སྐད་གཙང་མ་བཤད་དགོས་པའི་བསླབ་བྱ་གཏོང་བ་དང་། ཟ་ཁང་ཇ་ཁང་འཛིན་མཁན་ཞིག་ཡིན་ན་ཡང་། སྒོ་བྱང་ལ་བོད་ཡིག་འཇོག་པ་དང་། ནང་ལ་བོད་ཡིག་གི་ཚགས་པར་ལ་སོགས་འཇོག་པ། མདོར་ན། མི་རེ་ངོ་རེ་ནས་རང་ཉིད་ཀྱི་གནས་བབ་དང་འཚམ་པའི་བོད་དོན་འཐབ་རྩོད་བྱེད་སྟངས་ཤིག་འདུག་ལ། དེ་ལྟར་བྱེད་དགོས་པའི་བསམ་བློའི་ཀུན་སློང་དང་འགན་ཡང་ཡོད་པ་ཞིག་རེད་བསམ་བཞིན་ཡོད། དེ་བས། ང་རང་ལ་ཆ་མཚོན་ན། གཞས་དང་རི་མོ། ཁབ་གཙགས་རི་མོ་ལ་སོགས། མདོར་ན། སྒྱུ་རྩལ་ལས་རིགས་ལ་འཇུག་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་གནས་བབ་ལ་འཚམ་པའི་རིན་མེད་ཀྱི་སྒོ་ནས་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་འདི་མགོ་ཚུགས་པ་ཞིག་ཡིན། དེ་ང་རང་གིས་ལས་ཀ་འདི་མགོ་རྩོམ་དགོས་པའི་བསམ་བློའི་ཀུན་སློང་དེ་ཡང་ཡིན།
དེ་ནས། བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་ཞིག་བརྒྱབས་པ་ཡིན་ན། སོ་སོ་མ་ཤི་བར་དུ་གཟུགས་པོའི་སྒང་ནས་བསྡད་ཀྱི་ཡོད་པ་རེད། དེ་དང་མཉམ་དུ་བོད་དོན་ཁྱབ་བསྒྲགས་ཀྱི་ནུས་པ་ཞིག་ཐོན་བཞིན་ཡོད་པ་རེད། དཔེར་ན། བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་རྒྱག་མཁན་མང་ཤོས་ཤིག་ཕྱི་རྒྱལ་དང་མི་རིགས་གཞན་པ་རེད། དེ་ནས། ཁོ་ཚོ་ཕྱིར་སོ་སོའི་རྒྱལ་ཁབ་དང་སྤྱི་ཚོགས་སུ་འགྲོ་དུས། རང་བཞིན་གྱི་དེ་ལ་དོ་སྣང་བྱེད་མཁན་དང་། དེ་དང་འབྲེལ་བའི་དྲི་བ་འདྲི་མཁན་ཞིག་ཀྱང་ཡོང་གི་ཡོད་པ་རེད། དེ་གཅིག་རེད། གཉིས་ནས། ད་ལོ་སུ་ཝེ་སི་དང་བྷམ་ལྗམ་ནས་བོད་པ་མང་བོ་ཞིག་ཀྱང་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་འདྲ་མིན་བརྒྱབས་པ་རེད། བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་རྒྱག་མཁན་གྱི་བོད་པ་མང་ཤོས་དེ་ད་ལོ་ཆགས་ཡོད། ཁོ་ཚོ་མཚོན་ན་ཡང་། བོད་དོན་གྱི་ཕྱོགས་ལ་སེམས་ཤུགས་ཆེན་པོ་རེད།
དེ་ནས། སྤྱིར་བཏང་གི་ཁབ་གཙགས་རི་མོ་ཞིག་བརྒྱབས་པ་ཡིན་ན། གོང་ཆེན་པོ་ཡིན་པ་སོང་ཙང་། འདི་རིན་མེད་རེད་བསམ་ཏེ་ཁབ་གཙགས་རྒྱག་གི་ཡོང་མཁན་དེ་འདྲ་ཡང་འདུག ། དེ་བས། ང་རང་གི་ཉིས་སྟོང་བཅུ་ནས་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་ཞིག་རྒྱག་དགོས་ན། ཐོག་མར་བོད་དོན་དང་འབྲེལ་བའི་བཅར་འདྲི་བྱེད་ཀྱི་ཡོད། དེ་ལྟར་བྱས་ན། ཁོ་རང་ལ་དངོས་གནས་དྲང་གནས་བོད་དོན་ལ་སེམས་ཤུགས་ཡོད་མེད་ཤེས་ཀྱི་འདུག ། གལ་ཏེ། བཅར་འདྲི་ཡག་པོ་མ་བྱུང་བ་དང་བོད་དོན་གྱི་སྐོར་ལ་ཅི་ཡང་ཤེས་ཀྱི་མེད་ན། དེ་ལ་དོན་སྙིང་དང་རིན་ཐང་མི་འདུག་བསམ་ནས་ང་རང་གིས་ཁབ་གཙགས་བརྒྱབས་པ་མིན། དེ་ནས། ཉམས་མྱོང་ཕལ་ཆེར་དེ་འདྲ་ཞིག་རེད།
དེ་ནས་གྲུབ་འབྲས་ཀྱི་ཐད་ནས། ང་རང་ལ་ཆ་མཚོན་ན། བོད་པ་རང་གི་ཁབ་གཙགས་རི་མོ་རྒྱག་མཁན་ཞིག་ཡིན་པ་སོང་ཙང་། རྩ་དོན་འདི་འདྲ་གསུམ་ཡོད།
དང་བོ། སྟོན་པའི་དབུ་ལ་སོགས་ཁབ་གཙགས་མི་རྒྱག།
གཉིས་པ། རབ་བྱུང་བ་ལ་ཁབ་གཙགས་མི་རྒྱག།
གསུམ་པ། རང་ལོ་བཅོ་བརྒྱད་མ་ལོན་པ་ལ་ཁབ་གཙགས་མི་རྒྱག།
རྩ་དོན་འདི་གསུམ་ཆ་གཞིར་བཟུང་ཏེ། ཁབ་གཙགས་བརྒྱབས་པའི་གྲུབ་འབྲས་ཀྱི་ཆ་ནས་བཤད་ན། གྲུབ་འབྲས་ཆེ་ཤོས་དེ་བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་ཡོད་པ་དེ་ཡིན། དེ་ཡང་། དཔེར་ན། ཕྱི་རྒྱལ་གྱི་མི་སྣ་སྐད་གྲགས་ཅན་དེ་འདྲས་དྲ་ལམ་ནས་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་ཁྱབ་བསྒྲགས་བྱེད་པ་དང་། དེ་ནས། རྒྱལ་སྤྱི་སྒང་ན་སྐད་གྲགས་ཡོད་པའི་ཁབ་གཙགས་རི་མོའི་ཚགས་པར་དེ་འདྲའི་སྒང་ལ་ཡང་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་བསླེབས་ཡོད་པ་དེ་འདྲ་རེད། དེ་ཚོ་ང་རང་གིས་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
དེ་ནས། མ་འོངས་པ་ཡིན་ན་ཡང་། ང་རང་གིས་མུ་མུད་ནས་བོད་པའི་མིང་ཁྱེར་ཏེ། དྲ་རྒྱ་དང་ཚགས་པར། དུས་དེབ་ལ་སོགས་བརྒྱུད་ནས་བོད་ཀྱི་རི་མོ་དང་ཁབ་གཙགས་རི་མོ་འགྲེམས་སྤེལ་བྱེད་པའི་འཆར་གཞི་ཡོད་པར་མ་ཟད། ད་དུང་། ཕྱི་རྒྱལ་ཁག་ནས་ཁབ་གཙགས་རི་མོའི་འགྲན་བསྡུར་ཁྲོད་ལ་ཡང་ཞུགས་ནས་བོད་ཀྱི་རི་མོ་དང་ཁབ་གཙགས་རི་མོ་ངོ་སྤྲོད་བྱེད་པའི་འཆར་གཞི་ཡང་ཡོད་ལ། ཁབ་གཙགས་ཀྱི་ཡོ་བྱེད་དང་ཅ་ལག་གི་ཐད་ནས་ཀྱང་། རང་ངོས་ནས་བོད་ཀྱི་ཁྱད་ཆོས་དང་ལྡན་པའི་ཅ་ལག་དེ་འདྲ་གསར་གཏོད་བྱེད་པའི་འཆར་གཞི་ཡང་ཡོད། །
ཐུགས་རྗེ་ཆེ།
བཀྲ་ཤིས་བདེ་ལེགས་ཡོད། བྱ་བ་ལམ་འགྲོ་ཡོང་བར་ཤོག། ཁ་བཤད་དོན་ལ་གནས་བར་ཤོག། སྐད་ཆ་བཤད་སྟངས། བསམ་བློ་འཁུར་སྟངས་སོགས་ན། བོད་ལ་ཡོད་དགོས་བའི་མྱི་ཞིག་གི་རང་ཆས་ཚང་གི། དགའ་ནི་ཡིན། གནམ་གྱིས་དགའ་བ་དང་བཅས་ཕུལ་ལོ།