ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ ཉིན་ཁ་ན་ཊའི་ཝན་ཁོ་ཝར་ལ་རྟེན་གཞི་བྱས་ཡོད་པའི་ཁྲ་མགུ་དགོན་དུ་སྦི་སི་མངའ་སྡེའི་ནང་གནས་སྡོད་བོད་རིགས་མི་མང་ལ་གནང་བའི་བཀའ་སློབ།
སྦི་སི་བོད་མིའི་རིག་གཞུང་ཚོགས་པས་ཕབ་བཤུ་དང་འགྲེམས་སྤེལ་ཞུས།
དེ་རིང་འདིར། སྦིར་ཊེ་ཞི་ཁཱོ་ལུམ་སྦི་ཡའི་(British Columbia)ས་གནས་ལ་ཡོད་བསྡད་པའི་བོད་རིགས་མང་ཚོགས་རྣམ་པ་ལྷན་རྒྱས་ཚང་མར། ལོ་མང་པོ་ཞིག་གི་རྗེས་ལ་ཁ་ན་ཊར་འགྲོ་བར་མི་མང་པོ་ཞིག་གིས་རེ་སྒུག་བྱས་པའི་མཐའ་མ་དེ་ལ། ད་རེས་འདིར་ཚུར་ཡོང་ཐུབ་ཡག་དང་། དམིགས་བསལ་རྣམ་པ་ལྷན་རྒྱས་ཚང་མ་ལ་ཐུག་འཕྲད་བྱེད་རྒྱུ་རག་པའི་བསྐལ་པ་བཟང་པོ་བྱུང་བ་དེར་དགའ་པོ་ཞེ་དྲག་བྱུང་ཞུ་ཡག་ཡིན།
དང་པོ་དེ་ལ། སྒྲུང་འདྲ་པོ་ཏོག་ཙམ་བཤད་དགོས་མིན་འགྲོ། དེ་ག་རེ་རེད་ཟེར་ན། ལོ་རྒྱུས་ཏོག་ཙམ་བཤད་ན་དགའ་ས་རེད། ང་ཆིག་སྟོང་དགུ་བརྒྱད་བཅུ་གྱ་ལྔའི་ལོར་བོད་ཤར་ཕྱོགས་ཀྱི་ལུང་པ་ཁུག་ཀྱོག་ཅིག་ལ་སྐྱེས་པ་རེད། ལུང་པ་ཁུག་ཀྱོག་ཡིན་ཙང་། མིང་བཤད་མི་དགོས་པ་བྱོས། མིང་ནི་སྤྱིར་བཏང་རྫིག་པོ་འདྲ་ཞིག་ཡོད་པ་རེད། ཡིན་ནའང་། བཤད་མི་དགོས་པ་བྱོས།
དེ་ནས་ལོ་བདུན་ལ་ཡར་སྤེབས་དུས། ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་རེད་ཅེས་དེ་ལྟར་ངོས་འཛིན་བྱས་པ་རེད། དེ་དུས་ང་ནི་ལོ་ཆུང་ཆུང་རེད། ཀརྨ་པ་ཟེར་བ་དེ་སྤྱིར་བཏང་རྩ་ཆེན་པོ་ཡིན་པ་ཧ་གོ་ཡི་ཡོད་པ་རེད་དེ། ཡིན་ནའང་། དངོས་གནས་དྲང་གནས་ཀརྨ་པ་ཟེར་བ་དེས་ལས་ཀ་ག་རེ་བྱེད་དགོས་ཀྱི་ཡོད་པ་ཞེ་དྲག་མགོ་ཚོས་ཀྱི་ཡོད་པ་མ་རེད། དེ་ནས་བཟུང་སྟེ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་མཚུར་ཕུ་ལ་སློབ་སྦྱོང་བྱས་ནས་བསྡད་པ་རེད།
དེ་ནས་ལོ་བཅུ་བཞི་ལོན་པའི་སྐབས་ལ། ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་ཡི་ལོ་མཇུག་ལ། བོད་ནས་ཚུར་རྒྱ་གར་ལ་བྲོས་བྱོལ་ཟེར་ན་འདྲ་འདུག གང་ལྟར་རྒྱ་གར་ལ་ཚུར་ཡོང་བ་རེད། དེ་ནས་བཟུང་སྟེ། ད་ལྟ་བར་དུ་རྒྱ་གར་རྡ་རམ་ས་ལའི་ཉེ་འཁྲིས་ལ་གནས་ཚང་འདྲ་པོ་ཞིག་གཡར་ནས་ལོ་བཅུ་བདུན་ཕྱིན་པ་རེད། ངའི་ལོ་རྒྱུས་དེ་ལྟར་རེད།
དེ་ནས་མི་མང་པོ་ཞིག་གིས། སྤྱིར་བཏང་ང་བོད་ནས་ཚུར་ཡོང་ནས་ལོ་བཅུ་བདུན་ཕྱིན་པ་རེད། ཡིན་པ་ཡིན་ནའང་། མི་མང་པོ་ཞིག་གིས་ད་དུང་ང་ལ་སྐད་ཆ་འདྲི་ཡི་འདུག ཁྱེད་རང་བོད་ནས་ཚུར་ཡོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་པ་ཤོད་ཞོག དངོས་གནས་དྲང་གནས་ག་རེ་ཡིན་པ་ཤོད་ཞོག་ཅེས་དཔེ་གསང་བ་འདྲ་པོ་ཞིག རྒྱུ་མཚན་ཆེན་པོ་འདྲ་པོ་ཞིག མི་མང་པོས་གོ་མྱོང་མེད་པ་ཞིག་བཤད་ཡག་ཡོད་ས་རེད་བསམ་གྱི་ཡོད་ས་རེད། ང་ལ་དམིགས་བསལ་གྱིས་རྒྱུ་མཚན་ཆེན་པོ་དེ་འདྲ་ཧང་སངས་དགོས་པ་འདྲ་པོ་གལ་བཤད་ཡག་མེད།
གཙོ་བོ་གཙོ་བོ་དེ། བོད་ལ་བསྡད་པའི་སྐབས་ལ། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་ཡག་དེ་དཀའ་ལས་ཁག་པོ་ཆགས་བསྡད་ཡོད་པ་རེད། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་མ་ཐུབ་པ་ཡིན་པ་ཡིན་ན། ཀརྨ་པའི་མན་ངག་གི་རྒྱུད་པ་འཛིན་མཁན་བླ་མ་དེ་ཚོ་ཚང་མ་རྒྱ་གར་ལ་བཞུགས་ཡོད་པ་རེད། ཁོ་རང་ཚོ་བོད་ལ་ཕེབས་ཐུབ་ཀྱི་ཡོད་པ་མ་རེད། བྱས་ཙང་། དེའི་རྒྱུ་མཚན་གྱི་ཐོག་ནས་དཀའ་ངལ་ཅིག་འཕྲད། རྒྱུ་མཚན་གཞན་པ་དེ་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ག་ས་གང་ལ་ཆོས་ཀྱི་གྲོགས་པོ་ཟེར་ནའང་འདྲ་འདུག གང་ལྟར། མཛའ་ཞིང་བརྩེ་བའི་གྲོགས་པོ་མང་པོ་ཞིག་ཡོད་པ་ཡིན་དུས་ཙ་ནས། དེ་ཚོར་ཐུག་འཕྲད་བྱེད་པའི་གོ་སྐབས་ཡོང་གི་ཡོད་པ་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་འཛམ་གླིང་ག་ས་གང་ལ་རང་དབང་གི་ཐོག་ནས་འགྲོ་ཐུབ་པ་ཞིག་བྱུང་ན་བསམ་ནས་བོད་ནས་ཚུར་རྒྱ་གར་ལ་གནས་སྤོས་པའི་རྒྱུ་མཚན་གཙོ་བོ་དེ་རེད། ད་ཡིན་ནའང་། རྒྱ་གར་ལ་སླེབས་ནས་ལས་སླ་པོ་ཞིག་གལ་བྱུང་ཡོད་པ་མ་རེད། མཚམས་མཚམས་ལ་སྔོན་མ་བོད་ལ་བསྡད་པའི་སྐབས་ཀྱི་གནས་སྟངས་ལས་སྡུག་ཅིག་འདྲ་པོ་དེ་འདྲ་ཆགས་པ་རེད། ཡིན་ནའང་། ག་ལེ་ག་ལེར་ཨུ་ཚུགས་འདྲ་པོ་ཞིག་བརྒྱབ་ནས་འགྲོ་བསྡད་དུས་ཙ་ནས། ད་ལྟ་ཕྱི་རྒྱལ་ཡུལ་གྲུ་གང་ལ་གང་འཚམ་ཞིག་ལ་འགྲོ་ཐུབ་ཡག་གི་གནས་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་འདྲ་པོ་དེ་ལྟར་ཕྱིན་པ་རེད། དེ་འདྲ་ཡིན་དུས། ཁ་ན་ཊར་འགྲོ་ཡག་དེ་ཡང་དཔེར་ན། དགོན་པ་༼ཁྲ་མགུ་དགོན་པ༽འདི་ལ་ཆ་མཚོན་ན། ད་ཕལ་ཆེར་ལོ་བཅུ་བཞི་འགྲོ་ཡི་ཡོད་ས་རེད། དང་པོར་དགོན་པ་འཆར་གཞི་བཏིངས་པ་ནས་བཟུང་ང་ལ་ཤོག་ཅེས་སྐད་བཏང་བ་རེད་དེ། འགྲོ་ཐུབ་ཡོད་པ་མ་རེད། ད་ལྟ་བར་དུ་ལོ་བཅུ་བཞི་ཕྱིན་པ་རེད། བྱས་ཙང་། གཞི་ནས་སླེབས་ཐུབ་པ་འདྲ་པོ་བྱུང་བ་རེད། དེ་འདྲ་ཡིན་དུས་ཙ་ནས། ཐེངས་གཅིག་ཡོང་བ་ལ་དཀའ་ངལ་ཟེར་ནའང་འདྲ་འདུག ཡང་ན་བརྒྱུད་རིམ་འགྲོ་སྟངས་འདྲ་པོ་འདི་འདྲ་ཞིག་བྱུང་བ་རེད། དེ་འདྲ་ཡིན་དུས་ཙ་ནས། དེ་ཁྱེད་རང་རྣམ་པ་ཚོས་མཁྱེན་དགོས་པ་གལ་ཆེན་པོ་འདུག་བསམ་དྲན་བསྡད་ཀྱི་འདུག
ད་རེས་དམིགས་བསལ་ཁ་ན་ཊ་ཡི་ཕྱོགས་ལ་ཡོད་པའི་བོད་རིགས་མང་ཚོགས་ལ་ཐུག་རྒྱུ་འདི་ངས་གལ་ཆེན་པོ་ལ་རྩིས་ཀྱི་ཡོད། ག་རེ་རེད་ཟེར་ན། ང་རང་ཕྱོགས་གཅིག་ནས་བོད་པ་ཞིག་རེད། བོད་པའི་བླ་མ་ཞིག་ཡིན་དུས་ཙ་ནས། བོད་རིགས་མང་ཚོགས་ཚོ་ཕྱི་རྒྱལ་གྱི་ཡུལ་གྲུ་ཞིག་ལ་ཁ་འཐོར་ནས་བསྡད་དུས་ཙ་ནས། དེ་ཚོར་ཐུག་ནས་ཁོང་ཚོར་སེམས་ཤུགས་སྤར་ཡག་འདྲ་པོ་ཞིག་དང་། འཚམས་འདྲི་བྱེད་ཡག་དེ་གལ་ཆེན་པོ་ཞིག་རེད་བསམ་ནས་དྲན་གྱི་ཡོད། དེ་འདྲ་ཡིན་དུས་ཙ་ནས། དེའི་རྒྱུ་མཚན་ལ་བརྟེན་ནས། ད་ལྟ་བར་དུ་བོད་རིགས་མང་པོ་ཞིག་དང་ཐུག་འཕྲད་བྱུང་སོང་། དེ་རིང་འདིར། སྦིར་ཊེ་ཞཱི་ཁཱོ་ལུམ་སྦི་ཡ་ཡི་ཁུལ་ལ་ཡོད་པའི་བོད་རིགས་ཚོར་ཐུག་ཡག་གི་གོ་སྐབས་བྱུང་བ་རེད།
ད་གིན་གོང་ནས་ཞུས་པ་ལྟར་རེད། སྐད་ཆ་རྡོག་རྡོག་བཤད་ན། ང་རང་ཚོ་བོད་པ་གཞིས་བྱེས་གཉིས་སུ་གྱེས་དགོས་པ་དེའི་རྒྱུ་མཚན་གཙོ་བོ་དེ་ཆོས་དང་རིག་གཞུང་ལ་ཐུག་བསྡད་ཡོད་པ་རེད་བསམ་དྲན་གྱི་ཡོད། ང་ཚོ་བོད་པ་ཚང་མ་ལ་ལས་འགན་ཅིག་ཡོད་པ་རེད། དེ་རྒྱལ་བ་རིན་པོ་ཆེ་གཅིག་པོའི་ལས་འགན་མ་རེད། དེ་ག་ནང་བཞིན་བོད་གཞུང་གི་ལས་བྱེད་པ་གཅིག་པོའི་ལས་འགན་ཡང་མ་རེད། ང་ཚོ་བོད་པ་ཚང་མའི་ལས་འགན་རེད། ད་ཡིན་ནའང། ཆོས་དང་རིག་གཞུང་འདི་གང་འདྲ་བྱས་ནས་སྲུང་སྐྱོབ་བྱེད་དགོས་རེད། སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་བ་གཅིག་པུས་ཕན་གྱི་མ་རེད། བྱེད་ལུགས་བྱེད་སྟངས་གང་འདྲ་ཡིན་པ་དེ་གསལ་པོ་ཤེས་དགོས་པ་རེད། བྱེད་ལུགས་བྱེད་སྟངས་གསལ་པོ་མ་ཤེས་ན་འགྲིག་གི་མ་རེད། བྱེད་ལུགས་བྱེད་སྟངས་གསལ་པོ་ཤེས་པར་བྱེད་པ་ལ། སྔོན་ལ་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་མ་རྩ་དེ་ག་རེ་རེད་ཟེར་ན། བོད་པའི་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་པ་དང་སྲུང་སྐྱོབ་བྱེད་པ་དེ་ཆགས་བསྡད་ཡོད་པ་རེད། བོད་ཡིག་བོད་སྐད་རྒྱུད་འཛིན་བྱེད་པ་དེ་གལ་ཆེན་པོ་ཞེད་པོ་ཆགས་བསྡད་ཡོད་པ་རེད། བོད་པའི་སྐད་ཡིག་དེ་ང་ཚོ་དང་ཁ་བྲལ་སོང་ན། དེ་ནས་བོད་པའི་ཆོས་དང་རིག་གཞུང་ང་ཚོ་དང་ཁ་བྲལ་འགྲོ་བ་ཞིག་རེད། ཉི་མ་གཅིག་ལ་བོད་མི་རིགས་ཟེར་འདི་ཡང་ཕལ་ཆེར་རྩ་མེད་འགྲོ་རྒྱུ་ཆགས་བསྡད་ཀྱི་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ཆོས་དང་རིག་གཞུང་གི་རྩ་བ་ཐུག་ས་གནད་འགག་ཐུག་ས་འདྲ་པོ་དེ་བོད་པའི་སྐད་ཡིག་འདི་ཆགས་བསྡད་ཀྱི་འདུག
སྔོན་མ་བོད་ལ་ཡོད་དུས་འདྲ་ཞིག་ཡིན་ན། བོད་སྐད་བོད་ཡིག་སྦྱངས་པ་ལ་དཀའ་ངལ་ཞེ་དྲག་ཡོད་པ་མ་རེད། སྐྱེས་དུས་ནས་ཕ་མ་དང་། དེ་ག་ནང་བཞིན་ཕྱིའི་ཁོར་ཡུག་ཚང་མ་བོད་སྐད་བོད་ཡིག་སྦྱོང་བ་ལ་མཐུན་པའི་རྐྱེན་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། ང་ཚོ་ཕྱི་རྒྱལ་བའི་ཡུལ་གྲུ་ཞིག་གི་ནང་ལ་ཡོད་པ་ཡིན་དུས་ཙ་ནས། ཕྱིའི་ཁོར་ཡུག་དེ་བོད་ཡིག་དང་བོད་སྐད་སྦྱོང་བའི་མཐུན་པའི་རྐྱེན་ཆགས་ཀྱི་ཡོད་པ་མ་རེད། མཚམས་མཚམས་ལ་མཐུན་པའི་རྐྱེན་མ་ཆགས་པ་བྱས་ནས་འགལ་རྐྱེན་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ཏོག་ཙམ་དོ་སྣང་བྱེད་དགོས་པ་ཞིག་དང་འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ཙ་ནས་། དེའི་རྒྱུ་མཚན་ལ་བརྟེན་ནས། བོད་པའི་སྤྱི་ཁང་ཟེར་བ་འདྲ་པོ། བོད་རིགས་ཀྱི་མཐུན་ཚོགས་དེ་འདྲ་མང་པོ་བཙུགས་ཏེ། ཁོ་རང་ཚོས་འགན་ཁུར་ནས་གཟའ་མཇུག་ལ་བོད་ཡིག་བོད་སྐད་སྦྱོང་ཡག་བྱེད་ཀྱི་ཡོད་ས་རེད། ཡིན་ནའང་། གཟའ་མཇུག་ལ་བོད་སྐད་བོད་ཡིག་སྦྱངས་པ་ཙམ་ཞིག་གིས་བོད་སྐད་ཤེས་ཐུབ་པ་དང་། བོད་ཡིག་ཤེས་ཐུབ་པ་ཟེར་བ་དེ་དཀའ་ལས་ཁག་པོ་ཞེ་དྲག་རེད་བསམ་གྱི་འདུག བོད་སྐད་བོད་ཡིག་ཟེར་བ་དེ་ང་རང་ཚོའི་མི་རིགས་ཀྱི་སྐད་ཅིག་རེད། དེ་སོ་སོའི་འཚོ་བའི་ནང་ལོགས་ལ་བེད་སྤྱོད་ཡོད་པ་ཞིག་བྱེད་དགོས་རེད་མ་གཏོགས། དེ་འཛིན་ཁང་ནང་གཅིག་པོར་བེད་སྤྱོད་ཡོད་བསྡད་པ་བྱས། སོ་སོའི་འཚོ་བའི་ནང་ལ་བེད་སྤྱོད་རྩ་བ་ནས་མེད་བསྡད་པ་ཞིག་ཆགས་ན། དེ་སཾསྐྲིཏའི་སྐད་འདྲ་པོ་ཞིག ལེགས་སྦྱར་གྱི་སྐད་འདྲ་པོ་ཞིག་ཆགས་འགྲོ་ཡི་འདུག་ག ལེགས་སྦྱར་ཟེར་བ་དེ་དེང་སང་མཁས་པ་དེ་ཚོས་ཉམས་གཏོང་བྱེད་འདྲ་པོ་ཞིག་དང་། འཛིན་གྲྭའི་ནང་ལོགས་ནས་བཤད་ཡག་གི་སྐད་ཆ་འདྲ་པོ་ཞིག་མ་གཏོགས། ནམ་རྒྱུན་འཚོ་བའི་ཐད་ལ་བེད་སྤྱོད་མེད་བསྡད་མཁན་ཞིག་རེད། དེའི་བཟོ་འདྲ་པོ་ཞིག་ཆགས་ན། དེ་ནས་ཉི་མ་གཅིག་ལ་བེད་སྤྱོད་མེད་ན་མིས་སྦྱང་གི་མ་རེད། དེ་འདྲ་ཡིན་དུས་ཙ་ནས། དེ་ངེས་པར་དུ་འཚོ་བའི་ཁྲོད་ནས་བེད་སྤྱོད་ཡོད་པ་དང་། བེད་སྤྱོད་བཏང་ནས་ལག་ལེན་བསྟར་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་འདུག དེ་ལག་ལེན་བསྟར་བར་བྱེད་པ་ལ། ང་ཚོ་ལ་འགན་ཞིག་ཡོད་པ་རེད། དོ་ནན་པོ་བྱེད་དགོས་པ་དང་། དེ་ལ་རྩ་ཆེན་པོར་བརྩི་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་པ་རེད། ཕ་མ་དེ་མི་ཚེའི་ནང་གི་དགེ་རྒན་དང་པོ་དེ་ཆགས་བསྡད་ཀྱི་ཡོད་པ་རེད། ང་རང་གིས་དྲན་བསྡད་ཀྱི་ཡོད། ང་རང་གི་ཨ་ཕ་ཨ་མ་དེ། ནམ་རྒྱུན་ང་ཚོས་ཆོས་སྦྱོང་དུས་ཙ་ན། དགེ་བའི་བཤེས་གཉེན་ཟེར་བ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། དགེ་བའི་བཤེས་གཉེན་བླ་མ་ཟེར་བ་དེ། ང་རང་གིས་མི་ཚེའི་ནང་ལོགས་ལ་བླ་མ་ཟེར་ནའང་འདྲ། དགེ་བའི་བཤེས་གཉེན་དང་པོ་དེ་ང་རང་གི་པ་ལགས་དང་ཨ་མ་ལགས་ཡིན་བསམ་དྲན་བསྡད་ཡོད། སེམས་ཅན་གཞན་ལ་བརྩེ་བ་བྱེད་ཡག་བསླབ་ཡག་ལ་སོགས་པ་དེ་ཚོ་ཆུང་དུས་ནས་བསླབ་བསྡད་ཀྱི་ཡོད་པ་རེད། དེ་ཡི་རྒྱུ་མཚན་ལ་བརྟེན་ནས་ཕ་མ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག་ག བྱས་ཙང་། ཕ་མ་ཚོས་འགན་ཁུར་བ་དེ་གལ་ཆེན་པོ་ཞེ་དྲག་རེད།
སྤྱིར་བཏང་ཕ་མ་ཚོས་ལས་ཀ་མང་པོ་བྱས། དེ་གྲས་དེ་ལ་མགོ་འདྲ་པོ་ཞིག་འཁོར་བྱས་ནས་བོད་སྐད་བོད་ཡིག་སྦྱང་བ་ལ་ཞེ་དྲག་དོ་སྣང་སྤྲད་མ་ཐུབ་པའི་གནས་སྟངས་ཡོང་བསྡད་ཀྱི་ཡོད་པ་རེད། ང་ཚོས་མི་རིགས་གཞན་པ་ལ་སློབ་སྦྱོང་བྱས་ནས་དཔེར་ན། ཁ་ན་ཊ་ལ་ང་ཚོ་བོད་པ་གཅིག་པོ་མ་རེད། མི་རིགས་གཞན་པ་མང་པོ་ཞེད་པོ་ཞིག་འདིར་སླེབས་ནས་འཚོ་བ་སྐྱེལ་ནས་བསྡད་ཡོད་པ་རེད། ཁོང་ཚོས་གང་འདྲ་བྱེད་ཀྱི་འདུག དེ་ལ་ང་ཚོས་མིག་ཆེན་པོ་བགྲད་ནས་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མདོར་ན། བོད་སྐད་བོད་ཡིག་སྦྱོང་བ་དེ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་མ་རྩ་ཟེར་ནའང་འདྲ་འདུག གང་ལྟར་སྲོག་རྩ་འདྲ་པོ་དེ་དེ་རེད། དེ་ལ་ཚང་མས་དོ་སྣང་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག
དེ་ནས་སྤྱི་པའི་སྤྱི་སེམས་ཁུར་དགོས་པ་གལ་ཆེན་པོ་ཞེ་དྲག་འདུག ལྷག་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲག་འདུག ངས་ཁ་སང་སྔོན་མ་ནས་ཁ་ན་ཊ་ཁུལ་གྱི་བོད་པ་ཚོ་ལ་ཞུ་རྒྱུ་བྱུང་། ང་རང་ཚོ་ད་ལྟ་བོད་ལ་སྔར་ལོ་རྒྱུས་ཐོག་ལ་བྱུང་མྱོང་མེད་པ་ཟེར་ནའང་འདྲ། གང་ལྟར་ཆོལ་ཁ་གསུམ་གྱི་མི་ཚང་མས་སོ་སོ་བོད་པ་ཡིན་བསམ་བསམ་འདྲ་པོ་ཞིག བོད་རིགས་ཕུ་ནུ་མིང་སྲིང་གཅིག་པ། ཤ་ཁྲག་གདུང་རྒྱུད་གཅིག་པ་ཡིན་བསམ་པ་དེ་འདྲ་ཞིག་གི་བོད་མིའི་ལ་རྒྱ་ཟེར་ནའང་འདྲ་འདུག སྤྱི་སེམས་སྔར་ལས་ལྷག་པ་དེ་འདྲ་ཞིག་བྱུང་བསྡད་ཡོད་པ་རེད། དེ་དངོས་གནས་དྲང་གནས་ཀྱི་ང་ཚོའི་མི་རབས་ཟེར་ནའང་འདྲ་འདུག དུས་རབས་འདི་ལ་ང་རང་ཚོ་བོད་པ་ཚོ་ལ་ཐོབ་པའི་རྒྱལ་ཁ་ཆེ་ཤོས་དེ་རེད་བསམ་དྲན་བསྡད་ཀྱི་འདུག
ཡིན་ནའང་། ང་རང་ཚོས་གཟབ་གཟབ་བྱེད་དགོས་པ་ཞིག་ལ། མཐུན་སྒྲིལ་ཟེར་བ་དེ་བཟོ་ཡག་དཀའ་ལས་ཁག་པོ་ཞེ་དྲག་རེད་དེ། མཐུན་སྒྲིལ་གཏོར་བཤིག་གཏོང་བ་དེ་ལས་སླ་པོ་ཞེ་དྲག་རེད།་མཐུན་སྒྲིལ་མེད་པ་བཟོ་ཡག་དེ་ལས་སླ་པོ་རེད། མཐུན་པ་བཟོ་དགོས་བྱུང་ན་དཀའ་ལས་ཁག་པོ་རེད། མི་ཁ་ཤས་ཤིག་འཆམ་པོ་མཐུན་པོ་བཟོ་བ་དེ་དཀའ་ལས་ཁག་པོ་འདུག་ག དེ་ག་ནང་བཞིན་བཟའ་ཚང་མཐུན་པོ་བཟོ་ཡག་དཀའ་ལས་ཁག་པོ་འདུག བཟའ་ཚང་དེ་འདྲ་ག་དུས་ཡིན་ནའང་འཁྲུག་པ་རྐྱང་རྐྱང་བརྒྱབ་བྱས། ཁྱེད་རང་ཚོར་ཅིག་བཤད་ན། ནམ་རྒྱུན་ངའི་ས་ལ་ཡོང་མཁན་མི་འདྲ་མི་འདྲ་མང་པོ་ཡོད་པ་རེད། ཁོང་ཚོ་ཡིས་ཆོས་ཀྱི་སྐོར་རྐྱང་རྐྱང་བཤད་ཀྱི་ཡོད་པ་མ་རེད། དཀའ་ངལ་འདྲ་མི་འདྲ། ཚོང་གི་དཀའ་ངལ། ཁྱིམ་ཚང་གི་དཀའ་ངལ། དཀའ་ངལ་འདྲ་མི་འདྲ་ཚང་མ་ང་ལ་བཤད་ཡོང་གི་ཡོད་པ་རེད། དེའི་ནང་ལ་ཁྱིམ་ཚང་གི་དཀའ་ངལ་མ་ཉུང་བ་ཞིག་བཤད་ཡོང་གི་འདུག དེ་བཤད་ཡོང་དུས་ཙ་ནས་མགོ་སྦོས་ཡག་རེད་འདུག བྱས་ཙང་། མི་གཉིས་མཐུན་པོ་བཟོ་ཡག་ལ་དཀའ་ལས་ཁག་པོ་འདུག་ག
བོད་པ་ས་ཡ་དྲུག་རེད་བ། ང་ཚོའི་བོད་པ་ཟེར་བ་དེ་ག་དུས་ཡིན་ནའང་ས་ཡ་དྲུག་ཟེར་གི་ཡོད་པ་རེད། མ་གཞི་ནས་ག་དུས་ཡིན་ནའང་ས་ཡ་དྲུག་ཟེར་ནས་དེར་འགྱུར་བ་ཞིག་གང་ཡང་མི་འདུག ངས་སྔོན་མར་རྩིས་ཤིག་བརྒྱབ་པ་ཡིན། བོད་རང་སྐྱོང་ལྗོངས་དང་། ཡུན་ནན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན་དང་དེ་ཚོའི་ཁོངས་ལ་ཡོད་པའི་བོད་རིགས་ཚང་མའི་གྲངས་འབོར་ཞིག་རྒྱ་ནག་གཞུང་གིས་སྤེལ་ཡོད་པ་དེ་ལ་བལྟས་པ་ཡིན། དེ་ཚོ་ཚང་མ་མཉམ་དུ་བསྡོམས་ནའང་ས་ཡ་དྲུག་ཏག་ཏག་རང་ཟིན་གྱི་མི་འདུག ད་དེ་ནས་ཕྱི་རྒྱལ་ལ་ཡོད་པའི་བོད་པ་དེ་ཚོ་བསྡོམས་ནའང་ས་ཡ་དྲུག་ཟིན་ལ་མ་ཟིན་ཙམ་ཞིག་རེད་འདུག དེ་འདྲ་ཡིན་དུས་ཙ་ནས། ད་མདོར་ན། ང་རང་ཚོ་བོད་མི་ས་ཡ་ཁ་ཤས་ཤིག་ཡོད་པ་རེད། དེ་མཐུན་པོ་བཟོ་ཡག་ཟེར་བ་དེ་དཀའ་ལས་ཁག་པོ་ཞེད་པོ་རེད། མི་རེ་རེའི་རྩ་ལ་ཕྱིན་ནས་ཞུ་བ་འཐེན་ནས་ཁྱེད་རང་མཐུན་པོ་བྱོས་ལབ་ནའང་མཐུན་པོ་བྱེད་ཀྱི་མ་རེད། ཡིན་ནའང་། ད་ལྟ་དུས་ཚོད་གཉན་འཕྲང་གི་དབང་གིས་མི་ཟེར་ཡག་དེ་དཀའ་ངལ་བྱུང་དུས་ཙ་ནས་ཚུར་གཅིག་སྒྲིལ་ལ་སེམས་ཁུར་བྱེད་པ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ལ་བརྟེན། ད་ལྟ་གང་ལ་གང་འཚམ་ཞིག་མཐུན་སྒྲིལ་བྱུང་ཡོད་པ་རེད། བྱས་ཙང་། མཐུན་སྒྲིལ་དེ་གཏོར་བཤིག་མི་འགྲོ་བ་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག ང་ཚོ་བོད་པ་ཚོ་མཐུན་པོ་བྱས་ནས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་འདྲ་པོ་ཡོད་པ་ཡིན་ན། དེ་ནས་བོད་པ་ཚོ་ལ་བདེ་སྐྱིད་ཡོང་གི་རེད། དེ་མ་བྱུང་ན་བདེ་སྐྱིད་ཡོང་གི་མ་རེད། ངས་ཁ་སང་ཞུས་པ་ཡིན། སྐྱིད་པའི་ཉི་མ་ཟེར་བ་ཞིག་ཤར་ཡོང་གི་རེད་ཟེར་ནས་ང་ཚོས་ག་དུས་ཡིན་ནའང་བཤད་སྡོད་ཀྱི་ཡོད་པ་རེད། མཐུན་སྒྲིལ་བྱུང་ན་སྐྱིད་པའི་ཉི་མ་ཤར་རྒྱུ་ཡོད་པ་རེད། མཐུན་སྒྲིལ་མ་བྱུང་བ་ཡིན་པ་ཡིན་ན། དེ་རིང་སྐྱིད་པའི་ཉི་མ་ཤར་ན། སང་ཉིན་སྡུག་པའི་ཉི་མ་ཤར་ཡོང་གི་རེད། འཁྲུག་པ་རྒྱག་གི་རེད་བ། དེ་འདྲ་ཡིན་དུས་ཙ་ནས། དེའི་རྒྱུ་མཚན་ལ་བརྟེན་ནས་མཐུན་སྒྲིལ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲག་འདུག ཆོས་ཕྱོགས་ནས་བཤད་པ་ཡིན་ནའང་གལ་ཆེན་པོ་འདུག འཇིག་རྟེན་སྲིད་ཕྱོགས་ནས་བཤད་པ་ཡིན་ནའང་། ངས་སྲིད་ཀྱི་སྐོར་ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད་དེ། ཕར་བལྟ་བསྡད་དུས་ཙ་ནས་འཇིག་རྟེན་ཕྱོགས་ནས་བཤད་པ་ཡིན་ནའང་མཐུན་སྒྲིལ་ཟེར་ཡག་དེ་གལ་ཆེན་པོ་ཞེ་དྲག་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་རང་ཚོ་བོད་པའི་ནང་ལོགས་ལ་ཆོལ་ཁའི་འཐེན་འཁྱེར་འདྲ་པོ་ཡོད་པ་རེད། ཉེ་བའི་ཆར་གནས་ཚུལ་ཏོག་ཙམ་འདྲ་མི་འདྲ་དེ་འདྲ་བྱུང་བ་རེད། དེ་ཚོ་བཤད་མ་དགོས་བ་བྱོས། ངོ་ཚ་ཡག་རེད། དེ་ག་ནང་བཞིན་ཆོལ་ཁའི་འཐེན་འཁྱེར་ལ་བལྟས་པ་ཡིན་ན་ཆོས་ལུགས་ཀྱི་འཐེན་འཁྱེར་ཏོག་ཙམ་དྲག་པ་མེད་འགྲོ གང་ལྟར་དེ་གྲས་དེ་འཐེན་འཁྱེར་བྱེད་པ་དེ་ཡག་པོ་རྩ་བ་ནས་མ་རེད། ག་རེ་ཟེར་དགོས་རེད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བ་ལ་གཏོར་བཤིག་ཆེན་པོ་བཏང་གི་ཡོད་པ་རེད། བྱས་ཙང་། དེར་ཚང་མས་ཐུགས་བསམ་བཞེས་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ད་ལྟ་རྒྱལ་བ་རིན་པོ་ཆེ་ཡིས་དབུ་འཁྲིད་ནས་བོད་པ་དེ་མགོ་བཀྱགས་རྒྱུ་ཡོད་པ་ཞིག་ཡོང་སྡོད་ཀྱི་ཡོད་པ་རེད། མ་འོངས་པ་ལ་གང་འདྲ་ཞིག་ཡོང་མ་ཡོང་ཟེར་བ་དེ་ང་རང་ཚོ་བོད་མིའི་མང་ཚོགས་འདི་ལ་རག་ལུས་བསྡད་ཀྱི་ཡོད་པ་རེད་མ་གཏོགས། མ་འོངས་པ་ལ་ག་དུས་ཡིན་ནའང་རྒྱལ་བ་རིན་པོ་ཆེ་མི་གཅིག་ལ་འགན་འདྲ་པོ་ཞིག་བསྐུར་ནས་གང་ག་ལོགས་དེ་འདྲ་བྱེད་ཡག་ཅིག་ཡོང་གི་མ་རེད། དཀའ་ལས་ཁག་པོ་རེད་བ། དེ་ཡིན་དུས་ཙ་ནས། མ་འོངས་པའི་འགན་དེ་ང་རང་ཚོ་མང་ཚོགས་ཀྱིས་འགན་ཁུར་དགོས་པའི་དུས་ཚོད་ཅིག་ཤར་གྱི་རེད་བསམ་གྱི་འདུག དེ་འདྲ་ཡིན་ཙང་། དེའི་རྒྱུ་མཚན་ལ་བརྟེན་ནས་དེ་འདྲ་ཞིག་ཡོང་བར་བྱེད་པ་ལ། ང་ཚོས་ད་ལྟ་ནས་སྤྱི་སེམས་དང་སྤྱི་བའི་དོན་དག་ལ་འགན་ཁུར་ལེན་པའི་བསམ་བློ་དེ་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་ཞིག་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བ་ལ་སེམས་ཤུགས་བསྐྱེད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད་བསམ་དྲན་གྱི་ཡོད། ཕལ་ཆེར་དེ་འདྲ་ཞིག་མིན་འགྲོ
དེ་ནས་ད་རེས་དམིགས་བསལ་གྱིས་དེ་རིང་འདིར་རྣམ་པ་ལྷན་རྒྱས་མཇལ་བའི་གོ་སྐབས་བྱུང་བ་དེར་དགའ་པོ་ཞེ་དྲག་བྱུང་། ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་ཁྱེད་རང་ཚོ་ཚང་མ་ལ་སྐུ་གཟུགས་གསལ་ཐང་ཡོང་བ་དང་། ཕྱོགས་གང་ཅིའི་ཐོག་ནས་ཡིན་ནའང་ལམ་འགྲོ་ཡོང་བ་དེ་འདྲའི་སྨོན་འདུན་ཞུ་ཡག་ཡིན།
༼གསལ་བཤད།༽
སྐུ་པར་གྱི་ཡོང་ཁུངསཿ ངོ་དེབ་ Thrangu Monastery Canada ནས་བླངས་པ་ཡིན། ཁ་བརྡ་རྩོམ་སྒྲིག་པས།
མཇལ་ན་སྐུ་གཟུགས་བརྗིད་པའི་ཀརྨ་པ། །
ཉན་ན་གསུང་སྐད་ལྡིར་བའི་ཀརྨ་པ། །
བསམས་ན་ཐུགས་རིག་ཟབ་པའི་ཀརྨ་པ། །
བདག་ནི་ཁྱེད་ལ་དད་དོ་ཀརྨ་པ། །
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཀརྨ་པ་།
འགྲོ་བའི་སྡུག་བསྔལ་སེལ་མཛད་ཀརྨ་།
འཁོར་ཡུག་སྲུང་སྐྱོབས་འགན་འཁུར་ཀརྨ་པ་།
ཀརྨ་པ་ཡིས་ཆོས་འཁོར་གླིང་འདིར་རྒྱས་།
ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་སྐུ་ཚེ་བརྟན་པ་ཤོག་།
སྐུ་འཁྲུངས་པ་གངས་ཅན་ལྗོངས་སུ་འཁྲུངས།།
གསུང་གྲགས་པ་འཛམ་བུའི་གླིང་ལ་ཁྱབ།།
ཐུགས་བྱམས་བརྩེས་སྐྱེས་འགྲོ་ཡོངས་ལ་གཟིགས།།
ཕ་འགྲོ་བའི་མགོན་པོ་ཀརྨ་པ།།
རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་དོར་ནས་ལོ་ངོ་བཅུ་ལྷག་ཙམ་འདས་ཟིན་པས། ད་འགན་ཟེར་བ་དེ་ག་འདྲ་ཞིག་ལ་གོ་དགོས། དེང་སང་འགན་ཁུར་མཁན་སྲིད་སྐྱོང་རེད་ལ། ཁོང་ནི་མང་ཚོགས་ནས་འོས་བླུག་གིས་ཐོན་པའི་དམངས་གཙོའི་སྤྱི་མི་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། ངོ་མ་དེ་ག་འདྲ་ཡིན་མིན་ཡག་པོ་ཞིག་ཤེས་དཀའ་བར་འདུག