ནག་ཀྱཱ་བ་ཤ་བོ་ཚེ་རིང་།
ཉི་མ་ནུབ་རིའི་རྩེ་རུ་ཁད་ཀྱིས་བཞུད་པ་དང་། མཚམས་སྤྲིན་གསར་བའི་ཐུ་འོག་ཏུ་ལུས་པའི་གནའ་བོའི་མཁར་གྲོང་འདི་ཀོའི་བྱ་ཚོགས་ཀྱི་གཤོག་སྣེ་མཉེན་མོ་རྒྱང་དུ་གཏད་ཅིང་བྲེལ་ཟིང་གིས་བགྲོད་པའི་མི་ཚོགས་ཀྱི་གོམ་སྟབས། མྱུར་མགྱོགས་ཀྱིས་བཞུད་པའི་རླངས་འཁོར་གྱི་རྔམ་ཁ། འུར་སྒྲ་ཡིས་ཁེངས་པའི་ཁོར་ཡུག་གི་གྲུ་ཟུར་རེ་རེ་རིམ་གྱིས་ལྷོད་ཅག་གེར་གྱུར་བ་དང་། ས་སྲོད་ཀྱི་མུན་པ་ཟབ་མོ་དལ་བ་དལ་བུར་ས་གཞིའི་ཕང་བར་སླེབས་བྱུང་།
ཁེར་རྐྱང་གི་གོམ་པ་ཕྱི་རོལ་དུ་བསྟར་བའི་ལྗིད་ཏིག་ཏིག་གི་རྡོག་འགྲོས་ཁྲོད། ནག་ཡོར་ཡོར་དུ་འདར་བའི་གྲིབ་གཟུགས་དང་ལྷན་དུ་མི་མངོན་པར་བསྐྱོད་པའི་ངའི་སེམས་འགྱུ་ཟབ་མོ། ཐར་ཐོར་གྱི་མི་ཚོགས་ཀྱི་གྲས་ནས་སྐར་མདའ་བཞིན་རྒྱང་རིང་དུ་འཐེན་པ་དང་། གཞུང་ལམ་གཡས་གཡོན་གྱི་སྒྲོན་འོད་མོག་པོ་མུན་པའི་འཚུབ་ཁ་དང་བསྟུན་ནས་ཇེ་གསལ་ནས་ཇེ་གསལ་དུ་གྱུར་བས། ཨ་སྔོན་གྱི་སྐར་ཚོགས་དང་གློག་ཞུན་གྱི་འོད་སྣང་ཁྲོད། ང་རང་གཞི་ནས་འཆམ་འཆམ་དུ་བསྐྱོད་པ་ཡིན།
འདི་ལྟར་ལྗིད་ཏིག་གི་གོམ་ཁ་ཕྱི་རོལ་དུ་གཏོད་ཐེངས་རེར་སྲོད་དུས་ཀྱི་མུན་པ་ཟབ་མོའི་བླ་གོས་འོག ཚར་དུ་དངར་བའི་སྒྲོན་འོད་ཀྱི་ལང་ཚོའི་བཀྲག་མདངས་ཕྱི་རུ་མངོན་པས། འཇའ་ཚོན་ལྟར་བཀྲ་བའི་མཛེས་སྡུག་གི་མཚན་ལྗོངས་ཁྲོད། སུས་ཀྱང་བརྗོད་མི་བཏུབ་པའི་ཡིད་འགྱུ་གསོན་པོ་མེ་ལྕེ་བཞིན་སེམས་ཀྱི་གཏིང་ས་ནས་མཁའ་ལ་སྦར་བས། རབ་རིབ་ཀྱི་སྒྲོན་འོད་མོག་པོ། རབ་རིབ་ཀྱི་སེམས་པའི་རྒྱབ་རོལ་ཏུ་གསལ་ལམ་མེར་འཕྲོས་ལ། མིག་ཟུང་རབ་རིབ་ཏུ་གྱུར་བའི་འཚོ་བའི་འཇུག་ངོགས་འདི་རུ། ངས་མུན་ནག་གི་རྔམ་ཁའི་ཀློང་ནས་མུན་པའི་ཞལ་རས་ལས་ཅི་ཡང་མཐོང་མི་ཐུབ།
བསིལ་རླུང་གིས་བར་མེད་བསྐྱོད་པའི་ལོ་མའི་ཤག་སྒྲ། ལམ་འགྲམ་གྱི་སྒྲོན་འོད་མག་མོག་ཁྲོད། འཆམ་འཆམ་དུ་བསྐྱོད་པའི་ལམ་འགྲོ་བའི་རྣ་བར་ལྷུང་ཞིང་རྒྱ་ལྕང་འོག་གི་རྐུབ་སྟེགས་སྟེང་བརྩེ་བས་བཟི་བའི་ན་གཞོན་ཕོ་མོ་དག་གི་མཚར་སྡུག་གི་སྣང་བར་ཤུགས་ཀྱིས་འཕྱོ་ལ། གསོལ་ཚིགས་ཁང་གི་སྒོ་འགྲམ་དུ་ལག་ཟུང་དགུང་དུ་བཏེགས་པའི་སློང་མོ་བའི་ལྕགས་དཀར་དུ་འདབ་ལོ་སེར་བོ་རེ་འགའ་ལྷབ་ལྷུབ་ཏུ་བབས་པ་དང་། རླངས་འཁོར་ཆེ་ཆུང་མང་པོ་མྱུར་སྟབས་ཀྱིས་བགྲོད་པའི་རྗེས་ན། ཤག་ཤག་ཏུ་སྒྲིལ་བའི་ལོ་མ་རེ་འགའ་བར་སྣང་དུ་ཤུགས་ཀྱིས་རྩེན། དོ་ནུབ་ཀྱི་ངའི་ཚོར་སྣང་བཞིན་ཁ་ཕྱོགས་དང་ངེས་གཏན་མེད་པར་གང་སར་ཤུགས་ཀྱིས་འཕྱོ།
འདི་ལྟར་བསམ་གཞིག་གི་ཀོ་གྲུ་གསལ་ལ་མི་གསལ་བའི་སྒྲོན་འོད་འོག སྐར་ཚོགས་བྱེ་བས་བསྐོར་བའི་བསིལ་ཟེར་གྱི་ཟླ་བས་ཆགས་ཞེན་གྱིས་རུམ་པའི་མཁའ་དབྱིངས་སུ་གཏོང་དུས། སུན་སྣང་གི་མགོ་བོ་ཐུར་དུ་དཔྱངས་ནས་མིག་མདུན་གྱི་འཇིག་རྟེན་ལ་ཨ་ཐང་ཆད་པའི་དབུགས་རིང་ནར་ནར་དུ་ཤོར་བྱུང་།
གངས་རི་དང་གངས་སེང་མི་མཐོང་བའི་ལོ་ཟླ་འདི་དག་ལ། སྨད་ཀྱི་རྒྱ་མཚོ་སྙིགས་རོའི་ཀློང་ན་བྲུབས་ཤིང་སྟོད་ཀྱི་མེ་རི་སྲོག་གི་གཤེད་མར་མཆེད་པས། སྨྲེ་ངག་དང་འོ་དོད་ཀྱིས་བརྒྱལ་བའི་ས་ཆེན་པོ། ཁོང་ཁྲོ་དང་ཞེ་སྡང་གིས་མཆེད་པའི་རླུང་འཚུབ་དང་མཚོ་མོའི་རླབས་རྒྱུན་ཁྲོད། དོ་ནུབ་ཀྱི་སྒྲོན་འོད་བཞིན་གསལ་ལ་མི་གསལ་བར་འཚེར་བའི་ངའི་གོམ་འགྲོས། ཆང་འཐུང་གི་བཟི་ཁ་བཞིན། ཆགས་ཅན་གྱི་མིག་འོད་བཞིན་ངའི་སེམས་ངོགས་ཀྱི་ཁོར་ཡུག་འདི་རུ་ལྷོད་ཀྱིས་རྒྱུ།
སྒྲོན་འོད་མོག་པོའི་རྒྱབ་ལོགས་སུ། ཟླ་འོད་ཀྱིས་བྲན་པའི་ལམ་ཕྲན་བརྒྱུད་དེ། ང་རང་གནས་མལ་དུ་ཆས་དུས། ཆར་ཟིམ་བབས་བྱུང་། མུ་ཏིག་གི་དོ་ཤལ་བཞིན་འཇོ་བའི་ཆར་ཟིམ། བར་སྣང་དང་ལྗོན་ཚལ་རྒྱུ་བཞིན་ངའི་སེམས་ཁོང་དུ་བབས་པས། སྣུམ་ནག་གི་རྐང་ལམ་དབུས། སྒྲོན་འོད་རིམ་བཞིན་མོག་པོར་གྱུར་པ་དང་། ངས་རང་དབང་མེད་པར་ཁོག་འདར་ཞིག་རྒྱག་ཞོར་ཅི་ཡང་མི་སྣང་ཞིང་གང་ཡང་མི་མཐོང་བའི་ལོ་ཟླ་འདི་དག་ལ། ཕྱིར་དྲན་སྣུམ་པོ་ཞིག་བྱེའུ་ཕྲུག་བཞིན་སྒྲོན་འོད་ཀྱི་མཐོང་ལམ་ནས་ཡལ་སོང་།
འདི་ལྟར་བཞུད་ཐེངས་རེར། ང་ལ་ཐོབ་པ་ནི་ཚོར་ཤེས་ཀྱིས་སྐྱེན་པའི་ཕྱིར་དྲན་ལས་ཅི་ཡང་མེད་མོད། འཚོ་བའི་མུ་མེད་ཀྱི་མཁའ་དབྱིངས་སུ་འཚེར་བའི་དོ་ནུབ་ཀྱི་སྒྲོན་འོད་ཇི་བཞིན། སྐྱིད་ལ་སྡུག་པའི་མི་ཚེའི་བར་སྟོང་འདི་ནས་སུ་ཡང་འཚོ་དགོས་པས། ངའི་མཐོང་ལམ་ནས་བོར་བའི་སྒྲོན་འོད་བཞིན་དུ་ནམ་ཡང་འོད་དུ་སྦར་བར་སྨོན། དོ་ནུབ་ཀྱི་སྒྲོན་འོད་བཞིན་དུ་མུན་ནག་གི་ཀློང་ནས་སུ་ཡང་འོད་ལྟར་འཚེར་བར་སྨོན།
2019ལོའི《རང་གྲོལ》དེབ་དང་པོ་ལས་བཏུས།