སྒྲོལ་དཀར་འཚོ། Posted on 2012-11-292012-11-29 By ཁ་བརྡ་ 1 Comment on སྒྲོལ་དཀར་འཚོ། རྫོགས་ཆེན་དོན་གྲུབ་རྡོ་རྗེ། ང་མཚོ་སྔོན་པོའི་གཡས་འགྲམ་ནས་མེ་ཏོག་གི་ཞིང་ཁར་འགྲིམ་དུས། སེམས་ཁམས་ཀྱི་འཚོ་བ་མྱོང་དུས། གློ་བུར་གྲོགས་པོ་ཞིག་གིས། ཁྱོད་ལུས་མེ་རུ་བསྲེགས་པའི་ཆ་འཕྲིན་འབྱོར་བྱུང་། ངའི་ནང་སེམས་ལ་རྨ་ཁ་གས་སོང་། མདུན་ཕྱོགས་དེ་མིག་ཆུས་རླན་སོང་། བུ་མོ་སྒྲོལ་དཀར་འཚོ། བརྩེ་བ་ཆེན་པོའི་དྲིན་ཆེན་གྱི་ཕ་མ་དང་། སྙིང་རྗེ་བའི་བྱིས་པ་སྣབས་ལུག ནར་མ་སོན་པའི་ལོ་ལོ་གཉིས། བཟའ་ཡ་ཚེ་གྲོགས། ཡུལ་མི་སྙིང་ཉེ་སོགས་མི་ཡུལ་འཇིག་རྟེན་གྱི་དགའ་སྐྱོའི་འཚོ་བའི་བག་ཆགས་ཡོངས་སུ་བསྐྱུར་ཏེ། བུ་མོ་སྒྲོལ་དཀར་འཚོ། ཁྱོད་ཀྱིས་ཡུན་རིང་ཉར་བའི་སུ་ཞིག་གི་སྡུག་ཡུས་སེམས་ཁ་ནས་ཁྱེར་ཏེ། སྨོན་ལམ་གྲངས་མེད་ཀྱི་གྱེས་ཕྱག་ཕུལ་ནས། རང་གི་ཕ་མ་བུ་ཕྲུག་ལ་མིག་ཆུ་གཏོང་ཞོར། ཁྱོད་ཀྱི་མི་ལུས་རིན་ཆེན་གྱི་ནོར་བུ། འདི་ལྟར་ཚ་ན་གཟེར་ཟུག་ལས་གྲུབ་པའི་མེ་ཕུང་གི་ཀློང་དུ་གཟིམས་སོང་། མི་ཚེ་རྫོགས་སོང་། ཁྱོད་རང་ཕེབས་ཤུལ་ནས། ཆུང་བྱིས་པའི་སྣབས་ཆུ་དང་མིག་ཆུ་སུ་ཡིས་ཕྱི་དགོས། འགྲོ་གོམ་པའི་མདུན་ལམ་དང་མི་ཚེ་སུ་ཡིས་སྐྱོང་དགོས། ཀ་ཡིག་འབྲིའི་བློ་རྒྱུགས་དང་ཨ་མ་སུ་ལ་འབོད་དགོས། འོ་ད་ནི་གནམ་སྔོན་མོའི་སྤྱན་ཆབ་ བསིལ་རོཊ་དང་། ས་དོག་མོའི་སྙིང་རྗེ་སྒོམ་རོགས་དང་། ལྷ་ཡིས་མི་གཟིགས་འདྲེ་ཡིས་མི་འདུལ་ཡང་། སྐྱོ་བ་འདི་མི་དང་མི་ཡི་ཤེས་པས་མཐོང་ཞིང་། སེམས་པས་གསལ་བར་སྨོན། བུ་མོ་སྒྲོལ་དཀར་འཚོ། ཁྱོད་ཀྱི་རྣམ་ཤེས་བདེ་བ་གཟིམས་པར་སྨོན། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེས་སྐྱོང་བར་སྨོན། ང་ཚོས་ཁྱོད་ཀྱི་ལོ་རྒྱུས་དང་གཟི་བརྗིད། བདེན་དོན་དང་སྙིང་སྟོབས། ཕ་མ་དང་ནང་མི་ཡོད་ཚད་ནམ་ཡང་བརྗེད་མི་སྲིད། ༢༠༡༢ ༨ ༧ དགོང་མོར་ལྷ་མོའི་གཞོངས་ཀྱི་མཚོ་འགྲམ་དུ་རྫོགས་ཆེན་དོན་གྲུབ་རྡོ་རྗེས།
མཛད་རྗེས་མ་རྗེད་པས་ཅང་མི་ཡོང་། བྱས་རྗེས་ལ་ཁ་སྣོན་ཅི་ལྟར་བྱེད། གངས་རི་ནས་སྐྱེས་ཞིང་། གངས་རི་ནས་ཤི་ན་འདོད་པའི་བོད་ཕྲུག་ངོ་མ་ཚོ།
མཛད་རྗེས་མ་རྗེད་པས་ཅང་མི་ཡོང་། བྱས་རྗེས་ལ་ཁ་སྣོན་ཅི་ལྟར་བྱེད། གངས་རི་ནས་སྐྱེས་ཞིང་། གངས་རི་ནས་ཤི་ན་འདོད་པའི་བོད་ཕྲུག་ངོ་མ་ཚོ།