གནམ་ཐར་རྒྱལ།
ཐེངས་འདིའི་སྒྲོལ་དཀར་ལྷ་མོའི་གནས་ཚུལ་འདི་ལ་ “སྙིང་རྗེ། བྱེད་སྟབས་མ་ཤེས་རེད” མི་ཟེར་བའི་མི་རྣམ་དཔྱོད་ཅན་དཀོན་ཚོད་རེད་ལ། འདི་ལ་སྡིགས་དམོད་མཆིལ་ཞག་མི་གཏོང་བའི་དྲ་འབུའང་དཀོན་ཚོད་རེད། བར་འདི་ནས་མི་སུའང་དྲང་ཚུགས་ཀྱིས་བགྲོད་ཁེགས་སེ་རེད། དེའི་ཕྱིར། ངས་ཀྱང་རང་གི་བླ་མས་གནང་བའི་གྲྭ་མིང་བྱིན་རླབས་ཅན་པོ་བར་འདིར་བཀོད་འདོད་མི་འདུག་ལ། རང་གིས་བཏགས་པའི་དྲ་མིང་དང་སྨྱུག་མིང་སྒྱུ་རྩལ་ཅན་པ་དག་ཀྱང་བཀོལ་ན་མི་འདོད་ཀི དེས་ན་ངས་གནས་ཚུལ་འདི་མིང་གང་གི་སྒོ་ནས་གླེང་དགོས་པ་རེད་ཅེ་ན། གནའ་དུས་ཀྱི་སྐྱ་མིང་སྡིག་པ་ཅན་དེ་ལས་གཞན་ཞིག་མི་འདུག་པས། མིང་དེ་བེད་སྤྱད་ནས་རྩོམ་ཞིག་འབྲི་འདོད་བྱུང་སོང་། རྩོམ་ཡིག་འདིས་ཁྱེད་ཅག་གི་སེམས་ལའང་སྡིག་ཆེན་པོ་འཇོག་ན་ཐང་། ལྷག་པར་གནས་ཚུལ་འདི་གོ་རྗེས་དྲ་འབུ་ཚོས་སྟོད་ཀྱི་དམ་པ་དབུས་གཙང་གླེང་སོང་ལ། སྨད་ཀྱི་མདོ་ཁམས་སྒང་དྲུག་ཀྱང་གླེང་སོང་། ཐ་ན་སྒྲོལ་དཀར་ལྷ་མོའི་གཟུགས་པོའི་རིང་ཚད་ནས་མགོ་བཙུགས་ཏེ་འདོད་ཆགས་ཀྱི་ཆེ་ཆུང་བར་གླེང་ཐལ་མོ། ད་དུང་མཚམས་མི་འཇོག་གི། ད་ངའང་ལྷོད་ལྷོད་འདུག་སྲོལ་མེད་ཀ།
སྒྲོལ་དཀར་ལྷ་མོ་ལ་མཐོ་གང་མ་གཏོགས་མེད་ཀྱང་འདི་བོད་ཁ་བ་ཅན་དུམ་བུ་གསུམ་ལ་བགོས་པའི་མདོ་སྨད་རྟ་ཡི་ཆོལ་ཁའི་སྐུ་ཚབ་དང་གསུང་ཚབ་བྱས་ནས་ལོ་ཉེར་གཅིག་འགོར་བ་རེད། ལྷག་པར་བུད་མེད་འདིས་ཆོལ་ཁ་འདི་གཅིག་བུ་མིན་པར་ཆོལ་ཁ་གཞན་གཉིས་དང་འཛིན་སྐྱོང་དང་མི་མང་གི་བར་དུ་མཐུན་སྒྲིལ་ཟེར་བ་འདིའི་སྟེང་ལ་ཤུགས་སྣོན་རབ་དང་རིམ་པ་བྱས་རབས་ཤིག་མོ་དང་འབྲེལ་འདྲིས་ཟབ་པའི་གངས་སྐྱིད་ཀྱི་ཆབ་སྲིད་པ་ཚོས་གདེང་འཇོག་གནང་གིན་འདུག་ལ། རྒྱུ་རྐྱེན་དེ་ལ་བལྟས་ནས་མདོ་སྨད་ཀྱིས་ཀྱང་བུད་མེད་ཐུང་ཐུང་འདི་ཡང་ནས་བསྐྱར་དུ་མི་མང་གི་སྐུ་ཚབ་ལ་བསྐྱལ་བ་རེད། ད་དུང་འདི་ལ་མདོ་སྨད་མི་མང་གིས་འདོར་མི་ཐུབ་པའི་བརྩེ་བ་གཞན་ཞིག་ཡོད་པ་ནི། ཀིརྟི་ཞེས་པའི་ས་མིང་རིན་ཐན་ཅན་ཞིག་འདིའི་སྐྱེས་མིང་གི་སྐྱེས་ཐོབ་ཀྱི་ཡན་ལག་ཅིག་ལ་གྱུར་པས་རེད། ཡིན་ནའང་། ད་ཐེངས་མདོ་སྨད་མི་ངམ་བློ་ཕམ་བྱུང་ཡོད་པ་ཟད། ཀིརྟིའི་ལྷ་སྡེ་མི་སྡེ། ལྷག་པར་མོ་རང་སྨྱོ་ལ་ཁད་ན་ཡོད་རྒྱུ་རེད་སྙམ། འདི་ནི་ཨམ་མདོའི་གཏམ་དཔེ་ཞིག་གི་སྒོ་ནས་བསྙད་ན། “རྔ་ཚིགས་སྟེང་ནས་གྲི་བཅག་པ་རེད།” དེའི་ཕྱིར། མོ་ལ་འོས་ལྡུག་མཁན་ཚང་མའང་བློ་ཕམ་སྐྱེ་གིན་ཡོད་རྒྱུ་རེད། ཡིན་ནའང་། སྐབས་འདིར་ང་ལ་བློ་ཕམ་ཞིག་སྐྱེ་བ་དེ་ནི། ངའི་ད་ལྟའི་བར་དུ་འོས་གཅིག་ཀྱང་མོ་ལ་ལྡུག་མ་མྱོང་བ་དེ་རེད། དངོས་གནས་ང་འདི་ལ་བློ་ཕམ་སྐྱེ་གི་འདུག དེའི་ཕྱིར། ངས་དེ་རིང་མོ་ལ་དགོངས་སེལ་གྱི་ཁ་བཏགས་གཅིག་གི་ཚུལ་དུ་རྩོམ་ཡིག་འདི་བྲིས་པ་ཡིན།
ཁྱེད་ཅག་སུ་ཡིན་ནའང་། སྒྲོལ་དཀར་ལྷ་མོའི་གནས་ཚུལ་ཐད་ལ་སྐད་ཆ་དྲང་མོ་ཞིག་བཤད་འདོད་ན། རང་ཉིད་སྒྲོལ་དཀར་ལྷ་མོ་ཡིན་པ་དང་། ཤ་ལས་ཆད་པའི་བུ་ལ་བརྩེ་བ་དབང་བཙན་པོའི་སྟོབས་ཀྱིས་ནོར་འཁྲུལ་འདི་ཤོར་ཞིང་། ད་དུང་ཁ་བགད་ནས་ལག་པ་གཏོང་ནའང་ཁོག་གནག་ནས་སྙིང་ལ་གཞབ་ཐབས་ཀྱི་སྦྱོར་བ་ཁོ་ན་མངོན་གསལ་ལས་ལྐོག་གྱུར་དང་། ལྐོག་གྱུར་ལས་ཀྱང་གསང་བའི་སྒོ་ནས་རྩོམ་པའི་ལས་གྲོགས་ཁ་ཤས་ཀྱི་མདུན་དུ་ཁས་ལེན་དགོས་བྱུང་ན་ཁྱེད་ཀྱིས་ལས་ཀ་ཅི་ཞིག་བྱེད་ས་རེད། རྣམ་འགྱུར་ཅི་ཞིག་སྟོན་ས་རེད། འདི་ནི་ “སྤྱང་ཀིར་རྣ་ཚུར་དང་། རྐུན་མ་དཔའ་དར་བཏགས་པ” ལོས་ཡིན་ཏེ། ཆོས་ལུགས་ཀྱིས་བཤད་སྟངས་བྱས་ན། ཡང་ནས་ཡང་དུ་ཁྱེད་ཀྱི་མ་དྲིན་མོ་ཆེ་རུ་གྱུར་མྱོང་བའི་སྒྲོལ་དཀར་ལྷ་མོ་ལ་དཀའ་ངལ་སྣ་ཚོགས་ཤིག་བྱུང་ཞིང་། བློ་ཁོག་མེད་པ་དང་བྱེད་སྟངས་མ་ཤེས་པའི་དབང་གིས་གཅིག་གིས་ཁུ་ཚུར་གྱིས་མ་བསྣུན་པར་ཡོད་ཚད་ཁས་བླངས་ཤིང་། གཅིག་གིས་ནག་འདེད་མ་དགོས་པར་དགོངས་སེལ་གྱི་སྐད་ཆ་ས་གནམ་གཉིས་ལ་བསྒྲགས་ཤིང་སྒོར་རྡོག་འབུམ་གཉིས་པོའང་ཁ་བཏགས་ཀྱིས་དཀྲིས་ནས་ཕྱིར་བུད་མེད་ལྷན་ཚོགས་ལ་ཕུལ་བ་ལོས་ཡིན། དེའི་ཕྱིར། ངས་མོ་ལ་གདུང་སེམས་མཉམ་སྐྱེད་ཞུ་འདོད་བྱུང་སོང་། ལྷག་པར་ངའི་ཉེ་འཁོར་གྱི་གྲྭ་པ་གྲྭ་རྐྱང་ཚོའི་དཀོར་རྫས་རྔུལ་ཁྲག་གི་ཐིགས་པ་ཁ་རླངས་ཅན་པོ་དང་། དགོན་པོ་གྲྭ་ཚང་གི་དཀོར་རྫས་ཆུ་བོ་གཱངྒར་གཏོར་ཡང་མེ་ལྕེ་དགུང་ལ་མཆེད་པའི་དཀོར་ནག་ཁ་ལ་གདུག་པ། ཁོག་ལ་རྩུབ་པ་དག་ཟོས་ནས་ཀྱང་བདེ་བདེ་འཇམ་འཇམ་དང་། སྐྱིད་སྐྱིད་བསོ་བསོ་བྱས་ནས་བཞུགས་མཁན་པད་མའི་མིང་ལ་འབུམ་བརྒྱ་སྟོང་གི་རྐུན་མ་ཐག་ཉེ་དག་དྲན་ཚེ། ངས་ཐེངས་འདིའི་རྐུན་མོ་གཉོམ་ཆུང་མ་འདི་ལ་གདུང་སེམས་མཉམ་སྐྱེད་ཅིག་ཞུ་ན་འདོད་སོང་། ཡང་གཅིག་བཤད་ན། བུད་མེད་འདིས་ད་ཐེངས་ཀི་སྒོར་འབུམ་ཐེའུ་གཉིས་པོ་རྐུ་མ་ཐུབ་པར་དཔགས་ན་ད་ལྟའི་བར་དུ་འདིས་རྐུས་ཆེན་པོ་བྱས་མྱོང་མེད་པའང་ཚོད་དཔག་གང་འཚམ་ཐུབ་ཀི་འདུག
ད་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་ནས་རྩ་དགོངས་ཞུ་དགོས་པར་བསྙད་མཁན་རྣམ་པ་ན་རེ། ཁྱེད་ཅག་ལ་སྒོར་མོ་ཆིག་སྟོང་ཉིས་སྟོང་རེ་གཞུང་ལ་འབུད་རྒྱུ་ཨེ་ཡོད། དེ་མེད་ན་ད་སླར་ཡང་སྤྱི་འཐུས་འོས་བསྡུ་ཞིག་བྱས་ན་སྒོར་འབུམ་བཅུ་བདུན་དགོས་པ། གསར་འདེམས་བྱས་པའི་དབུས་གཙང་སྤྱི་འཐུས་གཉིས་ཀྱིས་རིགས་འགྲེ་བྱེད་ནུས་པ་ཞིག་རེད། ཁྱེད་ཅག་གིས་བཤད་ན་གནས་ལུགས་དང་བཅའ་ཁྲིམས་ཀྱི་མདུན་ནས་འགྲོ་སོང་ལ་མགོ་སྒུར་མི་ཉན་ཟེར་ན་ཐང་ར། ཁྱེད་ཅག་གིས་ཀྱང་གནས་ལུགས་ཀྱི་མདུན་ནས་རང་གི་སྒོར་ཁུག་ལ་ལག་ཆུང་ཆུང་རེ་འགུལ་མི་ནུས་ན་ཁ་སྟོང་ནང་གི་ཚིག་སྟོང་དེ་གནས་ལུགས་ཡིན་པར་ངོས་འཛིན་ཐབས་བྲལ་སོང་ལ་དྲང་བདེན་ཡིན་པར་ཡང་སྨྲ་ཐབས་མེད་པར་གྱུར་སོང་། ཡང་། ཁྱེད་ཅག་གིས་འོས་སྒུག་ཁ་འཕྲོར་ཡོང་ཆོག་པ་རེད་སྙམ་པ་དང་། བཅའ་ཁྲིམས་ལ་འགྱུར་བ་བཏང་ཚར་བ་རེད་ཟེར་ན། ངས་ཁྱེད་ཅག་ལ་ “སྙིང་རྗེ། ཞིབ་འཇུག་མཐུལ་ཕྱིན་བྱོས” ཟེར་རྒྱུ་ཡིན་ལ། ད་དུང་མི་གོ་ན། སྒུག་ཐོ་དེ་བཀུར་འོས་སྐུ་ཞབས་ཀླུ་མཁར་བྱམས་རེད་དེ་བརྒྱ་ཆ་ལོངས་ཡོད་པ་མ་རེད། ཁྲིམས་གསར་བ་དེའང་སྤྱི་འཐུས་སྐབས་བཅུ་དྲུག་པ་ནས་ལག་བསྟར་ཞུ་རྒྱུ་ལས་བཅོ་ལྔ་བ་འདི་སྔར་བཞིན་ཡིན་ཞེས་གྲོས་ཚོགས་ནང་དྲི་བ་དྲིས་ལན་དང་བཅས་འགྲོ་ཚར་བ་རེད་ཅེས་ཞུ་རྒྱུ་ཡིན་ལ། དེས་ན་ངས་ནི། སྒྲོལ་དཀར་ལྷ་མོ་ལོ་ལོ། དགོངས་པ་མ་ཞུ་དཔལ་འབྱོར་གྱི་འཁོས་ཀ་ཞན་པའི་བོད་གཞུང་གི་ནོམ་སྟོབས་ལ་སོམས་ནས་་དགོངས་པ་མ་ཞུ་ཞེས་རེ་བ་འདོན་རྒྱུ་ཡིན།