སུམ་བྷའི་བུ་རབས།
བསྐལ་པ་ཡུན་གྱི་ནམ་ཟླ་རིང་མོར།
དབྱར་དགུན་སྟོན་དཔྱིད་འགྱུར་བ་ཇི་བཞིན།
དགུན་གསུམ་ཁ་བའི་ཡུལ་ལ།
རླུང་ཚུབ་དང་བུ་ཡུག་འུར་འུར་ལྡང་།
ཕྱོགས་ཀུན་སྨག་རུམ་གྱིས་གཏུམ་ཞིང་འཇིགས་སུ་རུང་།
སྤུ་རྒྱལ་བའི་དར་ཆེན་ཐང་ལ་འགྱེལ།
ཡབ་མེས་ཀྱི་རྣམ་ཤེས་རླུང་ལ་སྤུར།
གནས་ཡུལ་གྱི་མི་ལ་ཉམས་ཉེས་ཚད་མེད་བྱུང་།
ཐན་བྱ་ཐན་སྐད་ནི་འཚོ་བའི་གྲུབ་ཆ་སྟེ་ཟམ་མ་ཆད།
དེ་བས་འབྲུག་སྒྲ་དང་།
ཟང་ཟིང་གི་འུར་སྒྲ་སྒྲོག
གཏུམ་པོའི་ཀི་སྒྲ་ནི་ཡུལ་གྱི་ཕུ་མདར་ཁྱབ།
ཐལ་རླུང་དང་ཐན་སྐད་གྱིས་ཡུལ་གྱི་བདེ་བ་དཀྲུགས།
སྨག་རུམ་གྱིས་ཉི་འོད་བཅོམ།
མེས་པོ་ཡི་གཟི་བརྗིད་བརླགས།
ཡུལ་ཁ་བ་ཅན་ལ་རླུང་དམར་དྲག་དུས།
འཕགས་ཡུལ་འབོད་པའི་ཡུལ་ཕྱོགས་ནས།
བྱེ་རྡུལ་རླུང་གིས་དེད་པ་གངས་ལ་འཕོགས།
གངས་རི་ཡི་བརྗིད་ཉམས་དང་རང་མདངས་ཤོར།
ཆོས་རྗེ་འབོད་པ་ཁ་བ་ཅན་གྱི་ཁྲི་འགོར་བཞུགས་ཏེ།
ཆོས་ལ་ཕྱི་ནང་དང་དཀར་ནག་དབྱེ་པར་བརྩོན།
ཞང་བོད་ཀྱི་བསྟན་པ་ལ་ཐུབ་པའི་ཆོས་དམག་འུར།
ཚེ་སྐབས་དེ་ནས་བླ་སྤྲུལ་ཁབ་ཀྱི་རྗེ་བོ་གྱུར།
རྗེས་འབྲེལ་ཁ་བའི་ཡུལ་ལ་ཉམས་རྒུད་རིམ་པ་བྱུང་།
དུས་རབས་དང་མི་རབས་འགྱུར་བའི་གོ་མ་ཆོད།
རྒྱལ་ཕམ་ང་རྒྱལ་གྱི་གཡུལ་སར་འགྱིངས་ཏེ།
རིགས་རུས་དང་རྒྱུད་པར་མི་བརྩི་དད་པའི་དབང་དུ་སོང་།
རང་ཚ་ཕུ་ནུའི་ཤ་འཁོན་རྩོད་པའི་ལོ་རབས་རྒྱུན་ནས་བསྲིངས་།
མི་རབས་ནས་མི་ཐོག་གཅིག་མགོ་གཅིག་གིས་མནན།
ནགས་རྫོང་གི་སྤྱན་གཟན་ལྟར་གཅིག་སྲོག་གཅིག་གིས་བརྔམས།
ཤ་རྐང་རུས་གསུམ་གཏོར་བའི་ལོ་རྒྱུས་སྦས་ནས་འོངས།
གནའ་བསྐལ་གྱི་བྱུང་བ་དང་ལོ་རྒྱུས་ཀྱི་ཕུགས་ཐག་བཅད་དེ་།
ལོ་རྒྱུས་རྫུས་པའི་འཇོན་རབས་བརྩམ།
སྒྲུང་གཏམ་གིས་ཉམས་དགའ།
རྨོངས་རྒན་ཚོ་འཐོམས་པར་བྱས།
མདོར་ན། ཁ་བ་རི་ཡི་རྒྱལ་རྒྱུད་དང་མངའ་ཐང་།
རིག་གནས་དང་ཤུལ་བཞག
སྟོབས་འབྱོར་དང་དམག་ཤུགས།
སུ་ལའང་ངོམས་སུ་ཆོག་ཀྱང་ངོ་སོ་གཞན་ལ་སྟེར།
རང་མགོ་ཐང་ལ་བརྡབས་ནས་རང་རིགས་རང་གིས་སྡང་།
ཕྱི་མ་གྲགས་ཅན་ཆོས་ཀྱི་མེས་དབོན་རྣམས་ནས།
རྒྱལ་ཕྲན་གྱི་དཔོན་དང་བླ་རབས་རྒྱུད་།
བོད་གདོན་མའི་ཆོས་ལས་བནྡེ་རྒྱལ་བ་ལྟ་ཅི།
ཐུབ་པའི་ཆོས་རྒྱུད་དབར་ལ་དགྲ་ཡ་བཟུང་།
ནང་དམེ་དམར་འཛིང་གྱི་ལེའུ་བརྩམས།
འབངས་མི་འཆིང་རྒྱར་བཅུགས།
རྨོངས་དད་ཀྱི་ལྕགས་རྨོག་གཡོགས།
ཁྲལ་གྱི་འཁོར་ལོ་སྐོར།
མི་བཟོད་པའི་ཁྲིམས་དར།
འདི་ནི། བོད་ཁ་བ་ཅན་པོའི་ཞིང་ས་ན།
དགུང་གཞུང་དྲང་ངར་གྱིས་སྲིབ་རི་ནས།
སྲིད་པའི་གངས་རྒན་ཐུར་ལ་བབས་ཤིང་།
གངས་རུད་ཉེལ་ཏེ་ཡུལ་ལུང་བསྣུབས།
བསྐལ་བའི་འཁྱག་རོམ་ལ་གས་ཆག་སོང་བ་ཅི་ལགས་མིན།
རྒུད་པ་ནས་རྒུད་དེ་ཁ་བའི་ཁྱོན་དེར་རྒུད།
བླ་གཞན་དབང་དུ་ཤོར་བའི་གངས་རྒན་ཚོའི།
མདུང་སོ་ནང་ལ་འཁོར་བའི་དུས་སྐབས་ཀྱི་བྱུང་བ།
རྒྱུུ་མཚན་ཇི་ལྟར་བྱུང་།
རྒྱུ་རྐྱེན་གང་ནས་འོངས།
རྐྱེན་རྩ་སུ་ཡིས་བསྐྲུན།
ལྐོག་འགྱུར་གྱི་གསང་བ་ཏེ།
དཀར་ནག་རྒྱ་ཡི་དྲི་ངེད་དང་།
བན་ཆེན་འཛིན་པའི་མགོན་ཆེན།
རྗེས་འཇུག་དག་གི་རྨོངས་ཞེན་ཁོ་ན་ཡིས།
མཐར་ཐུག་དཔའ་མཛངས་ལྡན་པའི་མི་རིགས་ཞིག
སྟོད་སྨད་དཀར་ནག་རྒྱ་ཡི་བྲན་གཡོག་བསྒྱུར།
ཀྱེ་མ། ཡར་སྔོན་གྱི་རྗེ་བོ་དང་བླ་མ།
ཡ་ཁོག་གི་སྙིང་དང་།
མགོ་ནང་གི་ཀླད་པ།
ཐུགས་དབུས་ཀྱི་བཞེད་དོན།
བོད་ལ་གཏད་དམ་རྒྱ་ལ་འཁུམས།
རྒུད་མཚམས་ལོ་རབས་དེ་ནས།
རྟ་དམག་དང་སེར་དམག
དགྲ་ལ་དྲངས་སམ་ནང་ལ་དྲངས།
རྗེ་དཔོན་རང་རིགས་པའི་གཉའ་ཤིང་ལགས།
དམུ་རྒོད་དག་གྱོང་ངམ་རང་སྡུག་ཞིག་བླངས།
དྲི་ཚིག་འདི་དག་དཔྱོད་ལྷན་མཁས་པའི་མགོ་སྔས་གྱུར།
དུས་རིམ་བརྒྱ་ཕྲག་ཉེར་གཅིག་པའི་འགྱུར་ཁུག་ན།
ཟོལ་མེད་དཔྱད་པའི་བསྡོམས་ཚིག་ཇེ་མང་འཕེལ།
སྐུལ་འདེད་མཛུབ་སྟོན་ཡིག་ངག་གཉིས་ནས་ཕེབས།
ད་གཟོད་དུས་གསར་གྱི་གཞོན་ནུ་ཚོས།
སྒང་པ་བོད་ཀྱི་ལོ་རྒྱུས་དང་བྱུང་བ་དག
བསྐྱར་ནས་ཡང་དུ་ཞིབ་ཀྱིས་འཚོལ་དང་།
བོར་ཟིན་པའི་གྱོང་གུད་དེ་ཚོར་ལ།
བག་ཉལ་གྱི་འཛེམས་ཟོན་དེ་མེད་ན།
དོན་གྱི་སྙིང་པོ་ཇེ་གསལ་འགྱུར་ཞིང་།
ཡིད་ཀྱི་དང་བ་དཔྱོད་ལྡན་མཁས་པར་ཅི་མི་འདྲེན།
༢༠༡༩།༡༠།༣༡ ལ།
གནས་ལུག་འདི་མི་བདེན་ཟེར་མཁན་ཡོད་ན། རྨོངས་པའི་འཆིང་རྒྱ་ལས་མ་གྲོལ་བའི་རྟགས་རེད། སྔན་ངག་འདི་ཧྲ་གི་བསམ།