དཔལ་དགྱེས་པ་རྡོ་རྗེ།
ན་མོ་མ་ཧཱ་གུ་རུ་་ས་མནྟ་བྷ་དྲ་ཡེ།
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས།།
འགྲོ་ཁམས་འདྲེན་པར་དགྱེས་པའི་སེམས་དཔའ་ཆེ།།
སྣང་སྲིད་རྣམ་དག་གཟིགས་པའི་རྡོ་རྗེ་འཆང་།།
ཀུན་བཟང་བརྒྱུད་པའི་བླ་མས་དུས་ཀུན་སྐྱོངས།།
དད་བརྩོན་ཤེས་རབ་ནོར་བ་དབང་འབྱོར་ཞིང་།།
མཆོད་སྦྱིན་རིན་ཆེན་མཛོད་ལ་ཕྱག་ཡངས་པ།།
ཚོགས་གཉིས་དཔལ་ལྡན་མེ་ཏོག་དཀར་པོའི་ངོར།།
ཤྲྰིཿརྫོང་བཀོད་པའི་རྟེན་འབྲེལ་བདེན་པ་སྨྲ།།
གནས་ཡུལ་རི་བོ་འོ་འཛིན་གནམ་བསྟན་འདྲ།།
ནུབ་རི་ཆེ་མཐོ་བྲག་དཀར་མཆོད་རྟེན་མཛེས།།
བྱང་རི་རུས་སྦས་ལྗང་གུའི་ནུར་འགྲོས་ངོམས།།
ཤར་ལྷོའི་རི་ཀླུང་བཀྲ་ཤིས་རྟགས་བརྒྱད་བཤམས།།
མདུན་ཐང་ཟླ་གམ་ཉི་གཟུགས་མཚོའུས་བརྒྱན།།
གཡས་གཡོན་སྐྱེད་ཚལ་ལོ་ཏོག་སྤུངས་དང་མཚུངས།།
གཡུ་འབྲུག་འཁྱུག་བཞིན་གཙང་ཆབ་ལྷ་རུ་བཞུར།།
ཤིང་རིགས་སྣ་ཚོགས་བརྒྱ་ཕྲག་ཡོད་པར་བཤད།།
ཉིན་མོར་བྱ་བྱེའུ་གཡང་དྭགས་འབོད་སྒྲ་བསྒྲགས།།
མཚན་མོར་འབྱུང་བྱ་འུག་པས་ཧྰུྃ་སྒྲ་སྒྲོག།
ཉིན་མཚན་བར་མེད་ཆོས་དར་ཤག་སྒྲ་ལས།།
དབེན་པའི་ཡོན་ཏན་ཚང་བར་མངོན་སུམ་མཐོང་།།
ཆོས་ལ་དད་པས་རི་ཁྲོད་མཛད་རོགས་དང་།།
རྫོགས་ཆེན་བརྒྱུད་པར་འཛིན་སྐྱོང་སྤེལ་རོགས་དང་།།
ཡང་དག་ཆོས་པས་གདན་ས་གནང་དགོས་གསུངས།།
ཡང་ཡང་བསྐུལ་བར་བདག་གིར་བཟུང་བ་ལགས།།
འོན་ཀྱང་གོ་ས་བཟུང་དང་རྒྱུན་འདུག་སོགས།།
སྤྲོས་པའི་ངལ་བ་མི་དགའ་བདག་གི་གཤིས།།
ཁྱད་པར་ཨ་མའི་སྐུ་ཚེ་བརྟན་པའི་ཚེ།།
རང་ནུས་གང་ཡོད་ཕྱག་གཡོག་ཞུ་དགོས་ཡོད།།
འཛམ་གླིང་གང་སར་སྔ་འགྱུར་བརྒྱུད་འཛིན་ནི།།
ཉི་ཟླ་རྒྱུ་སྐར་ལྟ་བུའི་འོད་དུ་གསལ།།
དབེན་གནས་རི་ཁྲོད་སྦས་ཡུལ་ས་སྤྱོད་རིགས།།
འཁོར་འདས་ཞིང་ཁམས་རྣམས་སུ་ཡོངས་ཁྱབ་གཏམས།།
གངས་རིའི་ལྗོངས་སུ་བསམ་ཡས་ཁྲ་འབྲུག་དང་།།
ཀཿདཔལ་ཞེ་རྫོགས་རྡོར་སྨིན་དགོན་ཆེན་ཡོད།།
ཁྱད་པར་བླ་རུང་ཆོས་ཀྱི་གྲོང་ཁྱེར་དུ།།
དགེ་འདུན་འདུས་སྡེ་སྟོང་ཕྲག་ལྔ་བཅུ་གནས།།
འཕགས་པའི་གནས་སུ་རྣམ་གྲོལ་གླིང་ཆེན་དང་།།
ཞེ་རྫོགས་རྡོར་སྨིན་ཀ་དཔལ་གཏེར་བདག་གླིང་།།
སྔ་འགྱུར་རྒྱལ་ཡོངས་རྡོ་རྗེ་གདན་ལ་སོགས།།
ནམ་མཁའི་སྐར་མའི་གྲངས་དང་མཚུངས་པར་གནས།།
ཨ་རིའི་གནས་སུ་ཨོ་རྒྱན་པད་འབྱུང་གླིང་།།
བསམ་ཡས་གླིང་དང་ཨོ་རྒྱན་མཁའ་འགྲོ་གླིང་།།
དར་ཐང་རྗེ་དང་མཁན་སྤྲུལ་བགྲང་ཡས་པས།།
མདོ་སྔགས་བསྟན་པ་བྱང་དུ་སྤེལ་བཞིན་མཆིས།།
དབྱིན་ཡུལ་འཆི་མེད་བྱང་ཆུབ་དགོན་ཆེན་དང་།།
ཧྥ་རན་དབུས་སུ་ལས་རབ་གླིང་ཀ་དང་།།
གཏེར་ཆེན་གླིང་དང་ཞེ་ཆེན་རི་ཁྲོད་སོགས།།
ཡུ་གླིང་རྣམས་སུ་བཀྲག་མདངས་གསལ་ལམ་མེ།།
སྔ་འགྱུར་རིག་འཛིན་བརྒྱུད་པའི་ཐུགས་རྗེ་དང་།།
པདྨ་དྲག་སྔགས་པའི་སྨོན་ལམ་མཐུས་།།
རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་འདི།།
བརྒྱུད་གསུམ་རིག་འཛིན་དགྱེས་པའི་དཔལ་དུ་གནས།།
མདོར་ན་མཆོག་གིས་གནང་བཞིན་ཤྲྰིཿརྫོང་ཉིད།།
དཔལ་ལྡན་མཁས་གྲུབ་མཆོག་ལ་འབུལ་བ་ཡིན།།
ངོས་ཀྱང་མཚམས་རེར་རུ་ཤན་དེ་རུ་འབད།།
གཙོ་བོ་སྔ་འགྱུར་ཡོངས་ལ་མཆོད་འབུལ་གྱིས།།
ཁྱད་པར་ཁྱོད་རང་དགེ་བསྙེན་ཕོ་མོ་གཉིས།།
ཡང་གསང་རྫོགས་ཆེན་སྒོམ་པ་དེ་རུ་མཛོད།།
ངས་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ།།
བསྟན་འགྲོར་ཕན་བདེ་འབྱུང་ངེས་སྨོན་ལམ་འདེབས།།
སྐུ་བསོད་དབྱར་གྱི་མཚོ་ལྟར་འཕེལ་བ་དང་།།
གསུང་དབྱངས་བདེན་ཚིག་ཟེགས་མ་སྦྲང་ཆར་འཇོ།།
ཐུགས་རྗེ་ཐབས་ཤེས་ལོ་ཏོག་འབྲུ་དྲུག་སྨིན།།
རྒྱལ་བ་རྫོགས་ཆེན་བསྟན་པ་དར་རྒྱས་ཤོག།
ཅེས་པ་འདི་ཡང་རབ་གནས་ས་ག་ཟླ་བའི་གཟའ་པ་སངས་འགྲུབ་སྦྱོར་བཟང་པོར་འཇའ་མན་ནས་རྗེན་དང་རྗོན་གྱིས་ས་གནས་གཞི་རྒྱ་ཆེ་བའི་རི་ལུང་ཞིག་རི་ཁྲོད་ཀྱི་དགོན་ས་སུ་འབུལ་བའི་ཚོར་སྣང་དག་གང་ཤར་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་རི་ཁྲོད་ནས་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་བགྱིས་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་རྫོགས་པ་ཆེན་པོའི་བསྟན་པ་རྒྱས་པའི་དཔལ་དུ་སྨོན་ནོ།། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།།།
20/ 5/ 2016
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་།ཧཧཧ
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་མ་རེད་དམ་།
འཇམ་དབྱངས་ཕྱག་གི་རལ་གྲི་དེ་འཕྱར་རྒྱུ་སེམས་ཅན་
མགོ་ལ་འཕྱར་སེམས་ཅན་བསད་པའི་ལོ་རྒྱུས་མེད་།
ན་མོ་མ་ཧཱ་གུ་རུ་་ས་མནྟ་བྷ་དྲ་ཡེ། ན་མོ་མ་ཧཱ་གུ་རུ་ས་མནྟ་བྷ་དྲཱ་ཡ
་
དེ་ལྟར་དག་པར་བྱེད་པའི་དགེ་བའི་དགེ་བའི་མཐུས།
ཨོ་ཌཱི་ཡ་ནར་སྐུ་འཁྲུངས་པདྨ་འབྱུང་གནས་ཞབས།
བོད་ཁམས་འབྱུང་པོ་འདུལ་ལ་མངའ་བརྙེས་པས།
བོད་སྐད་ཡུན་རིང་གནས་པར་བྱིན་གྱིས་རློབས།།
རྨོངས་པ་ཚེ་བསོད་ལགས་།
རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཕྱག་གི་རལ་གྲི་དེ་ཁྱེད་དང་ང་འདྲ་བའི་གཏི་མུག་བཅོམ་པའི་ནུས་མཐུའི་མཚོན་དོན་ཞིག་རེད་། དེ་འདྲ་ཞིག་ཀྱང་མི་ཤེས་པ་སྙིང་རྗེས་།
གཞུང་པ་ཚེ་དབང་བསོད་ནམས། རྒྱལ་ཀུན་ཡབ་གཅིག་ཞེས་པ་དཔེ་ཆ་མང་པོའི་ནང་ན་ཡོད། ཁྱེད་རང་གི་མ་མཐོང་ན་མེད་པ་མིན། གཞན་ཡང་། རྒྱལ་ཀུན་ཤེས་རབ་རང་གཟུགས་འཇམ་དཔལ་དབྱངས། ཟེར་ན་འགྲིག