འགྱུར་མེད་བློ་གྲོས་རྒྱ་མཚོ། (ཨེ་མ་ཧོས་འོས་སྦྱོར་བྱས།)
གང་མཚན་ཙམ་གྱིས་འཇིག་རྟེན་བྱེད་པོ་ཡང༌། །ཁེངས་སེམས་རི་བོའི་བ་གམ་བསྙིལ་དང་ལྷན། །དད་པའི་འཁྲི་ཤིང་གཡོ་བའི་ངལ་སྦྱིན་པོ།། མཉན་ཡོད་བཞུགས་པ་དེ་ཡིས་དགེ་ལེགས་སྩོལ། །ལྷོ་ནུབ་དྷ་ན་ཀོ་ཤའི་མཚོ་གླིང་དབུས། །འོད་ལྔའི་གུར་གྱིས་མཛེས་པའི་པད་སྡོང་སྦུབས།། མཚན་དཔེ་རབ་རྫོགས་རྒྱལ་ཀུན་འདུས་པའི་དཔྱིད། །སངས་རྒྱས་པདྨ་འབྱུང་གནས་ཕྱག་གི་ཡུལ། །གངས་ཅན་བསྟན་པའི་ཕྱི་མོ་རྙིང་མ་པའི།། རྨད་བྱུང་ཆོས་ཀྱི་བྱུང་བ་མདོར་བསྡུས་ཤིག །ལོ་རྒྱུས་ཡིག་ཆ་དག་ལས་ལེགས་བཏུས་ཏེ། །བློ་གསར་བློ་ཡི་སྒོ་མོ་འབྱེད་ཕྱིར་འགོད། །
དེ་ལ་འདིར་བསིལ་ལྡན་ཁ་བ་ཅན་གྱི་བསྟན་པའི་ཆུ་འགོ རྒྱལ་ཀུན་དགྱེས་པའི་ལམ་བཟང༌། ལྟ་སྤྱོད་རྨད་དུ་བྱུང་བའི་བདག་ཉིད། གསང་ཆེན་སྔ་འགྱུར་རྙིང་མ་ཞེས་གྲགས་པ་དཀར་པོས་ཕྱོགས་ཀུན་ཏུ་ཁྱབ་པ་གང་འདིའི་བྱུང་བ་མདོ་ཙམ་ཞིག་བརྗོད་པར་བྱ་བ་ལ། ༡ སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་བྱོན་ཚུལ། ༢ བོད་གངས་ཅན་ལྗོངས་སུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་དར་ཚུལ་སྤྱིར་བསྟན་པ། ༣ བྱེ་བྲག་ནང་རྒྱུད་སྡེ་གསུམ་བྱོན་ཚུལ་དང་དེ་ཉིད་བོད་དུ་དར་ཚུལ། ༤ དམ་ཆོས་འདུལ་བའི་སྐོར། ༥ ཟབ་མོ་གཏེར་གྱི་སྐོར། ༦ སྔ་འགྱུར་གྱི་ཁྱད་ཆོས་དྲུག ༧ སྔ་འགྱུར་གྱི་ལྟ་སྒོམ་སྤྱོད་འབྲས། ༨ བོད་མིར་བཀའ་དྲིན་ཆེ་བའི་སྔ་འགྱུར་བའི་སྐྱེས་ཆེན་འགའ་ཞིག་ངོ་སྤྲོད། ༩ སྔ་འགྱུར་བའི་ཆོས་སྡེ་ཆེན་མོ་ཁག་ཅིག་གི་ངོ་སྤྲོད། ༡༠ དུས་འགྱུར་རྗེས་ཀྱི་ལོ་རྒྱུས་མདོ་ཙམ་བཅས་ས་བཅད་བཅུའི་སྒོ་ནས་ཞུ་བ་ལ།
༡༽ སྤྱིར་འཇིག་རྟེན་དུ་བསྟན་པ་རིན་པོ་ཆེ་བྱོན་ཚུལ་ནི། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འཇིག་རྟེན་འདིར་བྱོན་པ་ལས། ཝཱ་རཱ་ཎ་སཱི་དང་བྱ་རྒོད་ཕུང་པོའི་རི་བོ་སོགས་སུ་བདེན་བཞི་དང༌། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་འཁོར་རྣམས་བསྐོར། དཔལ་ལྡན་འབྲས་སྤུངས། ཨོ་ཌཱི་ཡ་ན། བསིལ་བའི་ཚལ་སོགས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པ་གསུངས་ཏེ་རྩ་མཆོག་གྲོང་དུ་མྱ་ངན་ལས་འདས་རྗེས་གནས་བརྟན་འོད་སྲུང་ཆེན་པོ་སོགས་གཏད་རབས་བདུན་གྱིས་བསྟན་པ་བསྐྱངས་ཤིང༌། བཀའ་བསྡུ་རིམ་པ་གསུམ་གྱིས་སྡེ་སྣོད་གསུམ་པོ་བསྡུས་ཏེ་འཇིག་རྟེན་འདིར་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་ཡིན་ནོ།།
༢༽ བོད་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་དར་ཚུལ་སྤྱིར་བསྟན་པ། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །ས་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་པ་ལྟར་ཕྱི་ལོ་ཡར་འདེད་ཀྱི་ལོ་ ༦༦༠ ལྷག་ཙམ་ན་བོད་ཡུལ་མཚོས་གང་བ་རིམ་གྱིས་བྲི་སྟེ་སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུའི་ཚུལ་དུ་ཆགས་ཤིང་དེ་ཉིད་མི་མ་ཡིན་གྱིས་དབང་བསྒྱུར། དེ་ནས་སྤྲེའུ་དང་བྲག་སྲིན་མོ་ཞིག་འདུས་ཏེ་སྤྲེལ་ཕྲུག་དྲུག་སྐྱེས་པ་ལས་བོད་མིའུ་གདུང་དྲུག་ཅེས་གྲགས་ལ་དེ་ལས་བོད་ཀྱི་མི་རིགས་འཕེལ། རིམ་གྱིས་རྗེ་འབངས་ཀྱི་རྣམ་པས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུས་དབང༌། དེ་ནས་ཕྱི་ལོ་ཡར་འདེད་ཀྱི་ལོ་ ༢༤༧ བར་བོད་སྤྱི་ལ་དབང་བའི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱོན། རིམ་པར་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། ས་ཡི་ལེགས་དྲུག བར་གྱི་སྡེ་བརྒྱད། ཚིགས་ལ་བཙན་ལྔ་སོགས་བྱོན། དེ་ཡང་ཕྱི་ལོ་ ༣༧༤ ལོར་རྒྱལ་པོ་ལྷ་ཐོ་ཐོ་རི་འཁྲུངས། པང་སྐོང་ཕྱག་རྒྱ་པ་དང་མདོ་སྡེ་ཟ་མ་ཏོག་སོགས་ཕྱག་ཏུ་སོན་པར་དད་ཅིང་མཆོད་པས་སྔ་འགྱུར་བའི་ཆོས་ཀྱི་དབུ་བརྙེས།
དེ་ནས་རྒྱལ་ཐོག་ལྔ་པ་ཕྱི་ལོ་ ༦༡༧ ལོར་སྲོང་བཙན་སྒམ་པོ་འཁྲུངས། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཤིང་བོད་ཡུལ་དུ་སྔ་འགྱུར་གྱི་ཆོས་ཀྱི་སྲོལ་བཏོད། དེ་ནས་རྒྱལ་ཐོག་ལྔ་པ་ན་ཁྲི་སྲོང་ལྡེའུ་བཙན་བྱོན། རྒྱ་གར་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། མཁན་ཆེན་ཞི་བ་འཚོ། པཎ་ཆེན་བི་མ་ལ་མི་ཏྲ་སོགས་པཎ་གྲུབ་དུ་མ་སྤྱན་དྲངས། བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨ་ནནྟ་སྟེ་རྒན་གསུམ། གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་གསུམ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ཆུང་གསུམ་བཅས་ལོ་ཙཱ་རབ་དགུ་དང༌། མཁས་པར་གྲགས་པ་བཞི་བཅུ་རྩ་བཞི། ཡོངས་གྲགས་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་བོད་མི་མང་པོར་ཚད་ཐུབ་ཀྱི་ལོ་ཙཱ་བསླབས། འཚེ་བ་ཆོས་སུ་སྨྲ་བ་མང་པོ་ཞིག་ཞི་དྲག་གིས་ཚར་བཅད། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཙོས་བཤད་གྲྭ་བཅུ་གཉིས་སོགས་བཤད་གྲྭ་དང་བསྒྱུར་གྲྭ་བཙུགས་ནས་བོད་མིར་རིག་གནས་སྦྱངས་པའི་གོམས་གཤིས་ཡོངས་སུ་སྒོ་ཕྱེ། འཕགས་ཡུལ་དུ་བཞུགས་པའི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཕལ་མོ་ཆེ་བྷོ་ཊའི་སྐད་དུ་བསྒྱུར་པ་སོགས་ཀྱིས་བོད་དུ་སྔ་འགྱུར་བའི་ཆོས་དར་ཞིང་རྒྱས་པར་གྱུར། དེ་རྗེས་བཙན་པོ་ཁྲི་རལ་བྱོན་ཏེ་མེས་པོའི་རྗེས་སུ་འབྲངས་ནས་སངས་རྒྱས་ཀྱི་བསྟན་པར་སྲི་ཞུ་རྒྱ་ཆེར་མཛད། ལྷ་ཐོ་ཐོ་རི་ནས་རྒྱལ་པོ་འདིའི་བར་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ། མེས་ཨག་ཚོམ་ནས་འདིའི་བར་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས། དེ་ལྟར་སྔ་འགྱུར་བའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་བྱུང་བ་འདི་ལྟ་བུ་ཞིག་ནི་རྒྱ་གར་དུའང་མ་བྱུང་ངོ་ཞེས་ཕྱིས་ཇོ་བོ་རྗེ་ཨ་ཏི་ཤས་བོད་དུ་ཕེབས་སྐབས་གསུངས་སོ། །
སྤྱིར་བཟོ་དང་གསོ་བ་རིག་པ་སོགས་འཇིག་རྟེན་སོ་ཚིས་ལ་ཉེ་བར་མཁོ་བའི་རིགས་དང༌། ཁྱད་པར་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་དཔལ་ནཱ་ལེནྜའི་པནྜི་ཏ་ཆེན་པོ་དག་ལས་སྡོམ་པ་གསུམ་གྱི་རིམ་པ་དང༌། དབུ་ཚད། ཕར་ཕྱིན། མངོན་པ་གོང་འོག་སོགས་ཀྱི་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་ཚང་ལ་མ་ནོར་བ་དང༌། སྔགས་ཕྱི་རྒྱུད་སྡེ་གསུམ་དང་ནང་རྒྱུད་སྡེ་གསུམ་སོགས་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང༌། བསྟན་པའི་ཤིང་རྟ་མཁན་སློབ་ཆོས་གསུམ་གྱི་སྐུ་རིང་ལ་བོད་གངས་ཅན་ལྗོངས་སུ་ཐོག་མར་དར་ཞིང༌། རིམ་བཞིན་ཕྱོགས་ཀུན་ཏུ་རྒྱས་པའི་དྲིན་ལས་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གཞུང་ཞེས་གཞན་ལ་ངོམས་རིན་ཆོག་པ་འདི་བྱུང་བ་འོལ་བཤད་ཙམ་མིན་པར་འདས་པའི་ལོ་རྒྱུས་ཀྱིས་གསལ་པོར་གྲུབ་ཟིན་པ་ལགས་ཤིང༌། མདོར་ན་བོད་མིའི་རིག་གནས་ཡོད་དོ་ཅོག་གི་གཞི་རྟེན་ཡི་གེའི་རྣམ་གཞག་ནས་བཟུང་ཕུན་སུམ་ཚོགས་པའི་ལུགས་གཉིས་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པ་ཀུན་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་དང་དེའི་སྐབས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སྲོག་འབེན་ལ་བཙུགས་པའི་དཀའ་སྤྱད་ལས་འོངས་པ་ལགས་པས་སྔ་འགྱུར་བ་འདི་བོད་མིའི་ལོ་རྒྱུས་ཐོག་ཧ་ཅང་གི་བཀའ་དྲིན་ཆེ་བ་ཡིན་ཞིང༌། སྔ་འགྱུར་བའི་ཆོས་རྒྱལ་འདི་དག་གི་སྐབས་སུ་ཆོས་ཕྱོགས་ནས་གཙུག་ལག་ཁང་སྟོང་ཕྲག་ལྷག་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས། སྲིད་ཀྱི་ཕྱོགས་ནས་འཛམ་གླིང་སུམ་གཉིས་མངའ་དབང་དུ་བསྡུས་ཤིང་བཀའ་བརྩིགས་ཁྲིམས་སྲོལ་བཟང་པོས་གཞུང་བསྲངས་པ་སོགས་བོད་ཀྱི་ལོ་རྒྱུས་ཁྲོད་ཆོས་སྲིད་ཀྱི་མངའ་ཐང་ཆེ་ཤོས་སུ་གྱུར། མཁན་སློབ་ཆོས་གསུམ་དབུས་སྔ་འགྱུར་བ་རྣམས་ཀྱིས་སྒོ་འབྱེད་དང་བསྐྱེད་བསྲིངས་གནང་བའི་རིག་གཞུང་ཁག་ནི་ད་དུང་ཡང་བོད་མི་ཡོངས་ཀྱི་སྲོག་རྩར་གྱུར་པ་ཡིན།
དེའི་རྗེས་གླང་དར་མས་སྲིད་བཟུང་སྟེ་མི་ལོ་ ༧༠ ཙམ་གྱི་རིང་ཡུལ་དབུས་སུ་འདུལ་བསྟན་ཉག་ཕྲ་བར་གྱུར་ཀྱང་བསྟན་པའི་མེ་རོ་སྨད་ནས་གསོས། ཕྱི་ལོ་ ༩༠༦ ལོར་བཙན་པོ་དར་མ་བཀྲོངས་རྗེས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་སིལ་བུར་འཐོར་ཏེ་ལོ་ངོ་ ༣༤༧ སོང་རྗེས་ཏེ་ཕྱི་ལོ་ ༡༢༥༣ ནས་ས་སྐྱ། ཕག་གྲུ། རིན་སྤུངས། གཙང་པ་བཅས་ནས་མི་ལོར་ ༣༨༨ བར་སྲིད་བསྐྱངས། དེ་རྗེས་ཕྱི་ལོ་ ༡༦༤༢ ནས་ད་བར་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་ལེགས་པར་བསྐྱངས་དང་སྐྱོང་བཞིན་ནའང༌། ༡༩༥༩ ནས་བོད་མིའི་ལུགས་མཐུན་གྱི་གཞུང་དམངས་གཞན་དབང་ཅན་དུ་གྱུར་པ་སོགས་མདོར་ན་བོད་རྒྱལ་གཉའ་ཁྲི་ནས་བཟུང་ད་ལྟའི་བར་དར་རྒུད་སྣ་ཚོགས་པ་བྱུང་ཡང་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་ནི་རྒྱ་བོད་གཉིས་དང་ཧི་མ་ལ་ཡའི་རི་ཁུལ་གཙོར་བྱས་པའི་ས་ཡི་གོ་ལའི་སྟེང་དེང་སང་གི་བར་དུ་མཁའ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག ས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རག་བདུད་རྩིའི་མཚོ་མ་སྐམ། བྱིན་རླབས་དོན་བརྒྱུད་ཀྱི་ཟམ་བར་མ་ཆད་པར་བཞུགས་བཞིན་པ་ལགས་སོ།།
༣༽ བྱེ་བྲག་ནང་རྒྱུད་སྡེ་གསུམ་སྤྱིར་འཇིག་རྟེན་དུ་བྱོན་ཚུལ་དང་དེ་ཉིད་བོད་དུ་དར་ཚུལ། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་བརྒྱུད་པ་གསུམ་གྱི་སྒོ་ནས་གསང་སྔགས་བྱུང་ཚུལ་འདི་སྔ་འགྱུར་བའི་ལུགས་ཐུན་མོང་མ་ཡིན་པ་སྟེ། དེ་ལ་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི། རང་སྣང་དབྱིངས་ཀྱི་ཞིང་ཁམས་ཤིན་ཏུ་དག་པ་རྡོ་རྗེའི་འོག་མིན་ཆེན་པོར་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོས། ཉིད་ལས་མི་གཞན་པའི་འཁོར་རྒྱལ་ཚབ་རིགས་ལྔའི་སྟོན་པ་དང་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པ་རྣམས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཚིག་དང་སྒྲས་བརྗོད་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དགོངས་པས་བྱིན་རླབས་ཀྱིས་རྟོགས་པར་མཛད་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའོ།།
གཉིས་པ་རིག་འཛིན་བརྡ་བརྒྱུད་ལ་སྐབས་སུ་བབ་པ་སྔ་འགྱུར་བ་རང་གི་ཆོས་སྐད་དུ་བསྐྱེད་པ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཞེས་ནང་རྒྱུད་སྡེ་གསུམ་པོ་དར་ཚུལ་ལ་རིག་འཛིན་མི་མ་ཡིན་དང༌། རིག་འཛིན་མི་དང་མི་མིན་གཉིས་ཀ་ལས་བརྒྱུད་ཚུལ་གཉིས་ཀྱི་དང་པོ་ནི། སྟོན་པ་ཉིད་ཀྱི་སྤྲུལ་པར་རིགས་གསུམ་མགོན་པོས་བརྡ་ཡི་སྒོ་ནས་བསྟན་ཅིང་བཤད་པ་རྣམས་ཏེ། འཇམ་དཔལ་རྡོ་རྗེ་རྣོན་པོས་ལྷ་ཡི་ཡུལ་དུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད་ཅིང་དེ་ནས་རིམ་པར་ལྷ་ཡི་རིག་འཛིན་ཚོམ་བུ་འབུམ་སྡེ་ལའོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུར་བསྟན་པས་ཀླུ་ཡི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོར་བཤད་ཅིང་དེ་ལས་རིམ་པར་ཀླུའི་རིག་འཛིན་འབུམ་སྡེ་ལའོ།། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུར་བསྟན་ནས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་ཅིང་དེ་ནས་རིམ་པར་གནོད་སྦྱིན་གྱི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་ཅིང་བརྒྱུད་པ་རྣམས་སོ། །ཁྱད་པར་རྫོགས་པ་ཆེན་པོ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་རིགས་ལྔའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན། རྡོ་རྗེ་སེམས་དཔས་སུམ་ཅུ་རྩ་གསུམ་གྱི་ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་རྫོགས་པ་ཆེན་པོའི་མན་ངག་རྣམས་གནང་ནས་ལྷ་ཡུལ་དུ་དར་བར་གྱུར་ཏོ།།
གཉིས་པ་ནི། དགོངས་པ་ལུང་བསྟན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན།། རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པའི། །སངས་རྒྱས་གཞན་ནས་མི་འཚོལ་བའི།། ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན་འདས་ལོ་ ༢༨ པར་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རིགས་ཅན་དྲ་མ་ལྔ་པོ་རྫུ་འཕྲུལ་གྱིས་འདུས་པ་ལ་ལག་ན་རྡོ་རྗེས་སྐུ་མངོན་སུམ་དུ་སྣང་བར་མཛད་དེ་སྔར་འོག་མིན་དུ་བསྟན་པའི་གསང་སྔགས་ཀྱི་ཐེག་པ་རྣམས་སླར་ཡང་སྟོན་པར་མཛད་ལ། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ།།
གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི། དེ་ལ་ནང་རྒྱུད་སྡེ་གསུམ་ལས་དང་པོ་མ་ཧཱ་ཡོ་གའི་གང་ཟག་སྙན་བརྒྱུད་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་ཚུལ་གཉིས་ལས་དང་པོ་རྒྱུད་སྡེའི་སྐོར་ནི་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བས། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་པ་ལྟར་ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་ཅན་བདུན་བྱུང་བ་དང་མཐུན་པར་རྒྱལ་པོའི་ཁང་པར་འདས་ལོ་ ༡༡༢ སངས་རྒྱས་མཉམ་སྦྱོར་ལ་སོགས་པ་སྔགས་ཀྱི་གླེགས་བམ་དང་གསང་བདག་གི་སྐུ་ཁྲུ་གང་བ་ཞིག་བབས་པ་ལ་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་དབང་བསྐུར་བ་ཐོབ་པས་གླེགས་བམ་རྣམས་ཀྱི་བརྡ་དང་དོན་མ་ལུས་པར་མཁྱེན། དེ་ལ་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་གསང་བདག་གིས་གསང་སྔགས་ཀྱི་དོན་ཐམས་ཅད་འདུས་པའི་དབང་བསྐུར་ཞིང༌། ཚིག་གི་བསྟན་པ་ལི་ཙ་བི་དྲི་མ་མེད་པ་ལས་ཞུས་ཏེ་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ནས་དེ་ཐམས་ཅད་རྒྱལ་པོ་ཛཿ་ལ་བསྟན། དེས་རང་གི་སྲས་ཨི་བྷུ་དྷི་ཆུང་བ། རིམ་བཞིན་སིདྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་བཱི། ཀུ་ཀུ་རཱ་ཛ་ཕྱི་མ། དེས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་སངས་རྒྱས་གསང་བ་ལ་བཤད་དོ། །
དེ་ནས་བོད་དུ་བརྒྱུད་ཚུལ་མི་འདྲ་བ་ཡོད་ཀྱང་ཐམས་ཅད་བབས་སོ་མཐར་ཐུག་གཉགས་ལ་ཐུག་པ་སྟེ། སྒེག་རྡོར་དང་སངས་རྒྱས་གསང་བ་གཉིས་ལས་སློབ་དཔོན་བི་མ་མི་ཏྲ། དེ་ལས་རྨ་གཉགས་གཉིས་ལ་གནང་བ་དང་གཅིག ཡང་རྒྱལ་པོ་ཛཿལས་སློབ་དཔོན་ཆེན་པོ་དང༌། དེས་གཉགས་ལ་བཤད་ཅིང་མན་ངག་ལྟ་བའི་ཕྲེང་བའང་སྤེལ། ཡང་ཤྲཱི་སིདྷ་ལས་བཻ་རོ་ཙ་ནས་གསན་པ་དང༌། ཧཱུྃ་ཀ་ར་ལས་ནམ་མཁའི་སྙིང་པོས་གསན་པ་གཉིས་ཀྱང་གཉགས་ལ་བབ་པས་སྔ་འགྱུར་གྱི་བསྟན་པ་དང་པོ་གཉགས་ལ་བབ་ཅེས་བྱ། བརྒྱུད་པའི་ཆོས་དེ་དག་ལས་སྒྱུ་འཕྲུལ་གཅིག་པུ་ལའང་ཟུར་ཆེན་མེས་དབོན་རྣམ་གསུམ་ལས་བརྒྱུད་པ་ལ་ཟུར་ལུགས། དེ་ཉིད་ཀཿདམ་པ་བདེ་གཤེགས་ལ་བརྒྱུད་ཅིང་སླར་ཡང་ཡུལ་དབུས་སུ་དར་བ་ལ་ཁམས་ལུགས། པདྨ་དང་བཻ་རོ་སོགས་ཀྱི་བརྒྱུད་པ་རོང་ཟོམ་ལས་དར་བ་ལ་རོང་ལུགས། ཀུན་མཁྱེན་དྲི་མེད་འོད་ཟེར་དང་རོག་ཤེས་རབ་འོད་ཟེར་ལས་བརྒྱུད་པའི་སྒྱུ་འཕྲུལ་གྱི་ལུགས་ལ་རོག་ལུགས་སུ་གྲགས་པ་སོགས་རེ་རེ་བཞིན་ཞིབ་ཏུ་བཀོད་ན་རྒྱ་ཆེ་བས་འདིར་ཚིག་ཟུར་ཙམ་ཞིག་གོ།།
གཉིས་པ་སྒྲུབ་སྡེ་ནི་སྔོན་འོག་མིན་གསང་བ་མཆོག་གི་གནས་སུ་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས་དག་པའི་འཁོར་རྣམས་ལ་གསུངས་པའི་རྒྱུད་སྡེ་རྣམས་གསང་བདག་རྡོ་རྗེ་ཆོས་ཀྱིས་གླེགས་བམ་དུ་བཀོད་པ་རེ་ཞིག་མིའི་འཇིག་རྟེན་དུ་བསྟན་པའི་ཡུལ་མ་གཟིགས་ནས་སྒྲུབ་པ་བཀའ་བརྒྱད་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུར་བཅུག་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་དེ་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་མི་སྣང་བར་སྦས་པ་དེ་དག་མི་ཡུལ་དུ་བཀའ་གཏེར་གྱི་བབ་ཚུལ་གཉིས་ཀྱི་སྒོ་ནས་དར་ཚུལ་འགོད་པ་ལ། དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་ལ་སོགས་གཤིན་རྗེ་གཤེད་སོགས་སྐུ་ཡི་ཏན་ཏྲ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་པདྨ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་གསུང་གི་ཏན་ཏྲ། སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་གལ་པོ་སོགས་ཐུགས་ཀྱི་ཏན་ཏྲ། སློབ་དཔོན་བི་མ་ལ་མི་ཏྲ་ལ་ཡོན་ཏན་རིན་འབྱུང་གི་རིགས་བདུད་རྩི་བམ་བརྒྱད་སོགས་ཡོན་ཏན་གྱི་ཏན་ཏྲ། སློབ་དཔོན་པྲ་བྷཧསྟི་དང་སློབ་དཔོན་པདྨ་ལ་དོན་གྲུབ་ཀྱི་རིགས་ཕྲིན་ལས་ཕུར་པའི་རྒྱུད་སོགས་ཕྲིན་ལས་ཀྱི་ཏན་ཏྲའི་བཀའ་བབ་པ་དེ་རྣམས་སློབ་དཔོན་སོ་སོས་ཉམས་སུ་བླངས་ཤིང་སྐལ་བ་དང་ལྡན་པའི་གདུལ་བྱ་གཞན་ལའང་རྒྱ་ཆེར་བཤད་དོ། །
གཉིས་པ་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་གཏེར་དུ་སྦས་པའི་སྒྲོམ་བུ་རྣམས་དུས་ཕྱིས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་དངོས་སུ་བྱོན་ནས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ལ་གཏད་པ་སྟེ། ཆེ་མཆོག་གི་བསེ་སྒྲོམ་བི་མ་ལ། འཇམ་དཔལ་གྱི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་ག་ཛུ་ན། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾ་སྐྲིཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་གཏད་དེ་རང་རང་གི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བྱུང་བའི་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་སློབ་དཔོན་པདྨ་ལ་བཀའ་བབ་བོ། །
དེ་དག་སློབ་དཔོན་སོ་སོ་ལས་བོད་དུ་དར་ཚུལ་རྒྱ་ཆེ་ཡང་བློར་འཆར་བདེ་བའི་མན་ངག་ཙམ་ཞིག་བསྟན་ན། རྒྱ་བོད་སོ་སོར་པཎ་གྲུབ་བཞི་ལས་དར་བ་སྟེ། དང་པོ་རྒྱ་གར་དུ་ཡི་དམ་ལྷས་དབང་བསྐུར་ཐོབ་པ་སློབ་དཔོན་དགའ་རབ་རྡོ་རྗེ། བཀའ་རྟགས་གླེགས་བམ་གྱི་དབང་བསྐུར་ཐོབ་པ་སྐལ་ལྡན་རྒྱལ་པོ་ཛཿ། རང་རིག་པ་རྩལ་གྱི་དབང་བསྐུར་ཐོབ་པ་སློབ་དཔོན་པདྨ་སཾ་བྷ་ཝ། དགེ་བའི་བཤེས་གཉེན་གྱི་དབང་བསྐུར་ཐོབ་པ་བི་མ་ལ་མི་ཏྲ། བོད་དུའང་སློབ་དཔོན་ཆེན་པོ། བི་མ་ལ། བཻ་རོ་ཙ་ན། ནམ་མཁའི་སྙིང་པོ་བཞི་ལས་དར་བ་སྟེ། དེ་ལས་གུ་རུ་པདྨ་སཾ་བྷ་ཝ་ལ་རྒྱ་གར་སློབ་དཔོན་གཞན་གསུམ་གྱི་དབང་བཀའ་ཡོངས་རྫོགས་འཛོམས་པས་ན་འདི་ཉིད་ལས་བོད་དུ་དར་ཚུལ་ནི། སློབ་དཔོན་ཆེན་པོས་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་སྐལ་བ་མཆོག་དང་ལྡན་པའི་རྗེ་འབངས་དགུ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་སོ་སོའི་མེ་ཏོག་ཕོག་པའི་ལྷའི་སྒྲུབ་ཐབས་མན་ངག་དང་བཅས་པ་གནང་བ་ཉམས་སུ་བླངས་པ་ལས། ཇི་སྐད་དུ། ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས། །ངན་ལམ་རྒྱལ་མཆོག་རྟ་སྐད་དབྱངས་སུ་ལེན། །ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་བསླང༌། །འབྲོག་མི་དཔལ་གྱིས་མ་མོ་བྲན་དུ་ཁོལ། རླངས་ཆེན་སེངྒེས་དྲེགས་པ་དབང་དུ་བསྡུས། །བཻ་རོ་ཙ་ན་ཨོ་རྒྱན་དངོས་དང་མཉམ། །མངའ་བདག་རྒྱལ་པོས་སྤྲུལ་པ་འགྱེད་པར་ནུས། །ཞེས་སོགས་སྐབས་དེར་ཡོངས་གྲགས་སུ་རྗེ་འབངས་ཉེར་ལྔ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་དང་བརྒྱད་རེ། ཤེལ་བྲག་གི་སྔགས་པ་སུམ་ཅུ། འོད་སྐུར་གཤེགས་པའི་མཁའ་འགྲོ་ཉེར་ལྔ་སོགས་བོད་མི་སྐལ་བ་དང་ལྡན་པ་བགྲང་ལས་འདས་པ་ཞིག་གྲུབ་པའི་གོ་འཕང་བརྙེས་སོ། །ཡང་སློབ་དཔོན་བི་མ་མི་ཏྲས་ཡར་ལུང་མཆོང་གི་ཡང་རྫོང་དུ་གཉགས་ཛྙཱ་ན་ཀུ་མ་ར་ལ་བརྒྱུད། དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལས་བཻ་རོས་གསན་པའི་བརྒྱུད་པ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བབ་ཅིང་དེ་ལས་སླར་ཡང་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་གཉགས་ཛྙཱ་ན་ཀུ་མ་ར་ལ་བརྒྱུད། དེ་བཞིན་ནམ་མཁའི་སྙིང་པོས་ཧཱུྃ་ཀ་ར་ལས་གསན་པ་རྣམས་ཀྱང་མར་མེ་དགུ་པའི་དཀྱིལ་འཁོར་ལ་བརྟེན་ཅིང་གཉགས་ལ་བབ། དེ་ལྟར་སྒྲུབ་སྡེའི་སྐོར་རྣམས་གཉགས་ལ་བབ་པ་མ་ཟད་གོང་ཞུས་ལྟར་རྒྱུད་སྡེའི་སྐོར་རྣམས་ཀྱང་གཉགས་ལ་བབ་པས་ན་སྔ་འགྱུར་གྱི་བསྟན་པ་དང་པོ་གཉགས་ལ་བབ་ཅེས་བྱ།
གཉིས་པ་ཨ་ནུ་ཡོ་གའི་གང་ཟག་སྙན་བརྒྱུད་ནི། རྫོགས་པ་ཨ་ནུ་ཡོ་གའི་དོན་གྱི་དབང་རྣམས་གསང་བདག་དང་ཚིག་གི་བརྒྱུད་རྣམས་ལི་ཙ་བཱི་ལས་སྐལ་ལྡན་གྱི་རྒྱལ་པོ་ཛས་གསན། དེ་ལས་རིམ་བཞིན་ཨིནྟྲ་བྷོ་དྷི་ཆུང་བ། ཀུ་ཀུ་རཱ་ཛ་ཕྱི་མ། སློབ་དཔོན་དགའ་རབ་རྡོ་རྗེ། བ་ཧ་ས་ཡ། སློབ་དཔོན་པྲ་བྷ་ཧསྟི། སློབ་དཔོན་ཆེན་པོ། དྷ་ན་རཀྵི་ཏ། སློབ་དཔོན་ཧཱུྃ་མཛད། བདེ་བ་གསལ་མཛད། དེས་དྷརྨ་བྷོ་དྷི། དྷརྨ་རཱ་ཛ། བ་སུ་དྷ་ར། གཙུག་ལག་དཔལ་དགེ་བཅས་བཞི་ལ་བཤད་ཅིང་ཕྱི་མ་གསུམ་གྱིས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལ་བརྒྱུད། དྷརྨ་བྷོ་དྷི། དྷརྨ་རཱ་ཛ། བ་སུ་དྷ་ར། སློབ་དཔོན་ཆེ་བཙན་སྐྱེས་བཅས་བཞི་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསན་ཅིང་བོད་དུ་དར་རོ།། གསུམ་པ་རྫོགས་ཆེན་ཨ་ཏི་ཡོ་གའི་གང་ཟག་སྙན་བརྒྱུད་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །ཞེས་པ་ལྟར་འདས་ལོ་ ༡༦༦ འཕགས་ཡུལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཞེས་བྱ་བར་ལྷ་ཡི་བུ་སེམས་ལྷག་ཅན་ཉིད་དགའ་རབ་རྡོ་རྗེའི་རྣམ་པར་འཁྲུངས། བྱང་ཕྱོགས་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བར་ལོ་སུམ་ཅུ་རྩ་གཉིས་སུ་ཏིང་ངེ་འཛིན་ལ་གནས་ཤིང༌། རྡོ་རྗེ་སེམས་དཔས་མངོན་སུམ་དུ་ཞལ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད། ཐེག་པ་ཕྱི་ནང་གི་སྡེ་སྣོད་རྣམས་དང་ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་རི་མ་ལ་ཡའི་རྩེ་མོར་ཚིག་རྣམས་ཡི་གེ་དང་དཀར་ཆག་ཏུ་བཏབ། དེ་ལས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གསན་ཅིང་རྫོགས་པ་ཆེན་པོ་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་ཞེས་གསུམ་དུ་ཕྱེ། དེ་ལས་སློབ་དཔོན་ཤྲཱི་སིདྷས་གསན་ཅིང་རྫོགས་ཆེན་མན་ངག་གི་སྡེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་རུ་ཕྱེ། དེ་ལས་སློབ་དཔོན་ཡེ་ཤེས་མདོ། དེ་ལས་སློབ་དཔོན་བི་མ་ལས་གསན། བརྒྱུད་ཚུལ་གཞན་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དགའ་རབ་རྡོ་རྗེ་དང་ཤྲིའ་སིདྷ་གཉིས་ལས་གསན།
དེ་ནས་རིམ་བཞིན་བོད་དུ་དར་ཚུལ་ལ་བཻ་རོ་ཙ་ནས་དཀའ་བ་ཆེན་པོ་བཅུ་དྲུག་གི་སྒོ་ནས་རིག་འཛིན་དགའ་རབ་རྡོ་རྗེ་དང༌། འཇམ་དཔལ་བཤེས་གཉེན། ཤྲཱི་སིདྷ་བཅས་ལས་རྫོགས་པ་ཆེན་པོ་སེམས་ཀློང་གི་སྐོར་རྣམས་གསན། བོད་དུ་ཕེབས་ནས་ཆོས་རྒྱལ་ལ་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་དང་མཚན་མོ་རྡོ་རྗེ་ཐེག་པའི་ཆོས་རྣམས་གསུངས་ཤིང་སེམས་སྡེ་སྔ་འགྱུར་ལྔ་བསྒྱུར། ཕྲ་མའི་དབང་གིས་བཻ་རོ་ཙ་ན་རེ་ཞིག་རྒྱལ་མོ་ཚ་བ་རོང་དུ་ཕེབས་དགོས་བྱུང་བས་དེར་གཡུ་སྒྲ་སྙིང་པོར་བཤད་ཅིང་དེ་ལས་གཉགས་ཛྙཱ་ན་ཀུ་མ་ར་ལ་བཀའ་བབ་པའི་ལུགས་གཅིག་དང༌། ཡང་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་སྐོར་ནི་སློབ་དཔོན་པདྨས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ལྐོག་ཆོས་སུ་གདམས་ཤིང་ཟབ་མོའི་གཏེར་དུ་སྦས་པ་ཕྱིས་ཀུན་མཁྱེན་ཀློང་ཆེན་པོ་ལ་བཀའ་བབ། དེ་ལས་རིམ་བཞིན་དར་ཞིང་རྒྱས་པ་པདྨའི་བཀའ་སྲོལ་དང་གཅིག སློབ་དཔོན་བི་མ་ལ་མི་ཏྲས་མངའ་བདག་ཆེན་པོ་དང༌། སྲས་མུ་ནེ་བཙན་པོ། ཉང་བན། སྐ་ཅོག་གཉིས་བཅས་ལྔ་ལ་བཤད་ཅིང་བརྒྱུད་པ་བི་མའི་བཀའ་སྲོལ་དང་གཉིས། བཻ་རོས་ཤྲཱི་སིདྷ་ལས་ཞུས་ཤིང་བརྒྱུད་པ་སྟེ་གསུམ་བྱུང་བ་ཡིན་ནོ། །དེ་ལྟར་རིང་བརྒྱུད་བཀའ་མའི་ཆུ་བོ་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྣམས་ཆུ་བོ་བཞི་འདུས་ཀྱི་སྒོ་ནས་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་སྟོད་ན་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ། སྨད་དུ་ཀཿཐོག་པ་དང་དམ་གཙང་བྱམས་གསུམ། བར་དུ་ཀུན་མཁྱེན་རོང་ཀློང་རྣམ་གཉིས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ནས་ད་ལྟའི་བར་དུ་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་མ་ཉམས་པར་སྔ་འགྱུར་བཀའ་མ་རིན་པོ་ཆེའི་སྣང་བས་ཁྱབ་བཞིན་པའོ།།
༤༽ དམ་ཆོས་འདུལ་བའི་སྐོར། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། ཀླུ་སྒྲུབ་ཞབས། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། གངས་ཅན་བསྟན་པའི་ཉི་མ་ཞི་བ་འཚོ། དེ་ལས་སད་མི་མི་བདུན་རབ་ཏུ་བྱུང་བས་བོད་ཀྱི་རབ་བྱུང་གི་ཐོག་མར་གྱུར་ཅིང་བོད་དུ་དམ་ཆོས་འདུལ་བའི་བསྟན་པ་ཐོག་མར་དར། གླང་དར་གྱིས་འདུལ་བསྟན་བསྣུབས་སྐབས་རྨ་གཡོ་གཙང་གསུམ་ཡུལ་དབུས་ནས་མདོ་ཁམས་སུ་བྲོས་ཏེ་བླ་ཆེན་དགོངས་པ་རབ་གསལ་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཅིང༌། དེ་ལས་སླར་ཡང་དབུས་གཙང་དུ་དར་བའི་བརྒྱུད་པ་ལས་ལོ་ཆེན་དྷརྨ་ཤྲཱིས་བསྙེན་པར་རྫོགས་ཏེ་བཤད་པ་དང་ལག་ལེན་རྒྱས་པར་སྤེལ་བ་ལས་ད་ལྟའི་བར་གསང་ཆེན་རྙིང་མ་བའི་ཆོས་སྡེ་ཆེ་ཕྲ་ཡོངས་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡེས་ཁྱབ་ཅིང་སྡོམ་རྒྱུན་འདི་ལ་སྨད་འདུལ་དུ་གྲགས་སོ། །གཞན་དབུ་ཚད། ཕར་ཕྱིན། མངོན་པ་གོང་འོག་སོགས་ཀྱི་འཆད་ཉན་གྱི་རྒྱུན་དང༌། སྔགས་ཕྱི་རྒྱུད་སྡེ་གསུམ་སོགས་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེ་དབུ་བརྙེས་ནས་དར་ཚུལ་སྐབས་འདིར་རེ་རེ་ནས་བརྗོད་ཀྱིས་མི་ལང་བས་ཚད་ཐུབ་ཀྱི་ཡིག་ཆ་དང་ཆོས་འབྱུང་ཆེན་མོ་ཁག་ལས་རྟོགས་པར་བྱ་བ་ཁོ་ནའོ།།
༥༽ ཟབ་མོ་གཏེར་གྱི་སྐོར། དེ་ཡང་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏེར། རི་དང༌། རི་སུལ་དང༌། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ་གཟུངས་དང་ཆོས་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོངས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་སྤྱིར་གཏེར་ཆོས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་པའི་ཤེར་ཕྱིན་འབུམ་དང༌། མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་ནས་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་སྤྱན་དྲངས་པ་སོགས་རྒྱལ་བའི་ཐབས་ལ་མཁས་པའི་ཐུགས་རྗེ་དང༌། གདུལ་བྱའི་ཁམས་དབང་བསམ་པ་ལ་ལྟོས་པའི་གཏེར་ཆོས་ཇི་སྙེད་ཅིག་ཡོད་པ་ལས་འདིར་རྙིང་མའི་གཏེར་ཆོས་ནི། ཨོ་རྒྱན་དུས་གསུམ་མཁྱེན་པས་ཡོ་ག་རྣམ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པར་གསུངས་ཤིང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་བཀའི་བསྡུ་བ་མཛད། སྐབས་དེའི་གདུལ་བྱའི་སྐལ་བར་མ་གྱུར་ཅིང་ཕྱི་རབས་ཀྱི་ལས་ཅན་རྣམས་ཀྱི་ཆེད་དུ་གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་དང་རྗེ་འབངས་ལྷན་ཅིག་པ་སོགས་ཅི་རིགས་པའི་ཚུལ་གྱིས་སྦས་ཤིང་གཏེར་སྲུང་རྣམས་ལ་གཉེར་དུ་གཏད། དེ་ལྟར་གཏེར་དུ་བཞུགས་པ་རྣམས་ནི་གཏེར་འབྱིན་སྤྲུལ་སྐུ་ཉིད་ཨོ་རྒྱན་ཆེན་པོ་དངོས་ཀྱིས་རྗེས་སུ་བཟུང་སྟེ་སྨིན་གྲོལ་དབང་དང་གདམས་པ་མ་ལུས་པའི་བཀའ་གཏད་ཐོབ་ཅིང་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་བར་སྤྱན་དྲངས་པས་ན་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བའོ། །
གཏེར་མའི་ཕྱོགས་ལ་དགོངས་བརྡ་སྙན་གསུམ་དང༌། མཁའ་འགྲོ་གཏད་བརྒྱུད། སྨོན་ལམ་དབང་བསྐུར། བཀའ་བབ་ལུང་བསྟན་བཅས་བརྒྱུད་པ་དྲུག་ལྡན་དང༌། དེའི་སྟེང་ཉམས་ལེན་བྱིན་རླབས། སྙན་བརྒྱུད་དམར་ཁྲིད། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་བཅས་དགུ་ལྡན་ནོ། །གཏེར་ཆོས་དེ་དག་འདོན་མཁན་ལ་གུ་རུ་ཆོས་ཀྱི་དབང་ཕྱུག རིག་འཛིན་དངོས་གྲུབ་རྒྱལ་མཚན། ཉང་རལ་ཉི་མ་འོད་ཟེར་བཅས་མཆོག་གི་སྤྲུལ་སྐུ་རྣམ་གསུམ། གཏེར་སྟོན་གྱི་རྒྱལ་པོ་ལྔ། གླིང་པ་བཅུ་གཅིག་སོགས་གཏེར་ཆེན་དང་གཏེར་ཕྲན་དུ་མ་ཞིག་བྱོན་པའི་ཚུལ་ནི་པདྨ་བཀའ་ཐང་སོགས་ལས་རྟོགས་དགོས་སོ།།
༦༽ སྔ་འགྱུར་གྱི་ཁྱད་ཆོས་དྲུག་ནི། དང་པོ་སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱིས་ཀྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་ཅིང་གཏན་ལ་ཕབ་པའི་གནས་ཀྱི་ཆེ་བ་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་ཁག་ཡིན་པས་ཕྱིས་ཀྱི་དགོན་ཕག་ཕུག་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱ་བའི་ཆེ་བ་ནི། སྔོན་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང༌། སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བ་ཡིན་ཞིང༌། དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཙམ་ཕྱིན་པའི་ཕྱིས་ཀྱི་ལོ་ཙཱ་བ་དག་དང་མི་འདྲ། བཞི་པ་ནི་པ་ཏའི་ཆེ་བ་ནི། སྔོན་གྱི་པ་ཏ་མཁན་སློབ་རྣམ་གཉིས་དང༌། པཎ་ཆེན་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་ཡིན་ལ། ཕྱིས་ཀྱི་གསེར་འཚོལ་དུ་འཁྱམས་པའི་པ་ཏ་དང་མི་འདྲ།
ལྔ་པ་ཞུ་རྟེན་མེ་ཏོག་གི་ཆེ་བ་ནི། སྔོན་གསེར་ཤ་བའི་རླིད་བུ་གང་དང་བྲེ་ལ་བཅལ་ནས་ཕུལ་བ་ལ་ཕྱིས་མཆན་ནས་གསེར་ཞོ་རེ་རེ་གཉིས་ཙམ་བཏོན་པ་དང་མི་འདྲ། དྲུག་པ་བསྒྱུར་བྱ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་བསྒྱུར་བ་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང༌། གྲུབ་པ་དང༌། རིག་པ་འཛིན་པ་དང༌། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང༌། འཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་མི་ཏྲ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན་པ་ཡིན་པས། ཕྱིས་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་ཟིན་པའི་རྗེས་སུ་བསྒྱུར་པ་དང་མི་འདྲ་བ་ཡིན། དེར་བརྟེན་སྔོན་གྱི་འགྱུར་རྣམས་དོན་ཇི་ལྟ་བ་བཞིན་གཏན་ལ་ཕབ་པས་གོ་སླ་ཞིང་བྱིངས་མཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་འགྱུར་རྣམས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམས་ལ་གོ་དཀའ། བྱིངས་མཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བ་ཡིན་ནོ། །
དེས་ན་ཕྱིས་ཀྱི་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་ཙམ། །ཁོ་བོ་དེའི་དྲུང་སྲིན་བུ་མེ་ཁྱེར་ཙམ། །ཞེས་བཅོས་མིན་སྙིང་ནས་བསྔགས་སོ། །ཁྱད་ཆོས་དེ་ལྡན་གྱི་ཆོས་ཀྱི་མཚན་གཞི་ནི། རྫོགས་ཆེན་མཁན་པོ་པདྨ་བས། བསིལ་ལྡན་གངས་རིའི་ལྗོངས་འདི་རུ། །བཙན་པོ་ལྷ་རི་སྙན་ཤལ་ནས། །མངའ་བདག་ཁྲི་རལ་ཡན་ཆོད་ཀྱི། །ཆོས་རྒྱལ་རྣམས་ཀྱི་སྐུ་རིང་ལ། །པཎ་ཆེན་ལྷ་རིག་སེངྒེ་ནས། །སྨྲྀཏི་ཛྙཱ་ནའི་བར་དག་དང༌། །ལོ་ཙཱ་ཐུ་མི་སཾ་བྷོ་ཊ་ནས། །ཆོས་ཀྱི་བཟང་པོའི་བར་དག་ཏུ། །བྱོན་པའི་ལོ་པཎ་དེ་རྣམས་ཀྱིས། །བསྒྱུར་པའི་མདོ་རྒྱུད་དགོངས་འགྲེལ་བཅས། །ཇི་སྙེད་བཞུགས་པ་ཐམས་ཅད་ལ། །སྔ་འགྱུར་རྙིང་མ་ཞེས་སུ་གྲགས། །ཞེས་གསུངས་པ་ལྟར་རོ།།
༧༽ སྔ་འགྱུར་རྙིང་མའི་ལྟ་སྒོམ་སྤྱོད་འབྲས་ནི། འདིར་སྔ་འགྱུར་རང་ལུགས་ལྟར་ཐེག་པ་རིམ་པ་དགུ་པོ་རེ་རེ་ཡི་འཇུག་སྒོ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་བཅས་ལྔ་རེའི་སྒོ་ནས་འཆད་འོས་ཀྱང་མང་དུ་འགྱུར་དོགས་པས་མདོ་སྔགས་གཉིས་ཀྱི་ལྟ་སྒོམ་སྤྱོད་འབྲས་མདོ་ཙམ་ཞིག་བསྟན་པ་ལ། ཐོག་མར་ལྟ་བ་ནི། རང་བྱུང་གི་ཡེ་ཤེས་ཆེན་པོ། གནས་ལུགས་དོན་དམ་པའི་བདེན་པ། ངེས་དོན་དབུ་མ་ཆེན་པོ་ཞེས་མདོ་མཚན་ཉིད་ཐེག་པའི་སྐབས་ལས་བསྟན་པ་དང༌། རྡོ་རྗེ་ཐེག་པའི་སྐབས་སུ་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྲགས་པའི་སྐབས་ལས་བསྟན་པ་དང༌། རྡོ་རྗེ་ཐེག་པའི་སྐབས་སུ་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྲགས་པའི་གཞལ་བྱའི་ཡུལ་དེ་དག་ལ་ལུང་རིགས་མན་ངག་གི་ཚད་མ་གསུམ་ལས་བྱུང་བའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ཅིང་དེ་ལྟ་བུའོ་སྙམ་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློའོ། །གཉིས་པ་སྒོམ་པ་ནི། དེ་ལྟ་བུའི་ལྟ་བ་གཞིར་བཟུང་སྟེ་རིག་པ་དང་རྐང་པར་ལྡན་པའི་སྒོ་ནས་གནས་ལུགས་ཀྱི་དོན་ལ་གཅིག་ཏུ་བརྩོན་པས་མཚན་ཉིད་ཐེག་པའི་སྐབས་སུ་བྱང་ཕྱོགས་སོ་བདུན་དང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་སྤྱིའི་སྐབས་སུ་དབང་བཞིའི་ཡེ་ཤེས་ལ་བརྟེན་ནས་ལམ་རིམ་གྱིས་བགྲོད་པའོ། །གསུམ་པ་སྤྱོད་པ་ནི། ཕྱི་སོ་སོ་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ། གསང་བ་སྔགས་ཀྱི་སྡོམ་པ་བཅས་སྡོམ་པ་གསུམ་གྱི་རིམ་པའོ།། བཞི་པ་འབྲས་བུ་ནི། དབང་རབ་རྣམས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འོད་མི་འགྱུར་བའི་གཏན་སྲིད་ཟིན་ཅིང༌། དབང་རྟུལ་རྣམས་ཀྱང་རིང་མིན་དྲུག་པ་རྡོ་རྗེ་འཆང་གི་ས་བརྙེས་པར་འགྱུར་བ་ཡིན་ནོ།།
༨༽ བོད་མིར་བཀའ་དྲིན་ཆེ་བའི་སྔ་འགྱུར་བའི་སྐྱེས་ཆེན་འགའ་ཞིག་ངོ་སྤྲོད་ཞུ་བ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཕྱི་ལོ་ ༦༡༧ ལོར་འཁྲུངས། དགུང་ལོ་ ༡༥ ལོར་ཁྲིར་འཁོད་ཅིང་ཇོ་ཤཱཀ་རྣམ་གཉིས་གདན་དྲངས། ཐུ་མི་ལ་བོད་ཡིག་གསར་དུ་བཟོ་པར་བསྐུལ། ར་ས་འཕྲུལ་སྣང་སོགས་གཙུག་ལག་ཁང་མང་དུ་བཞེངས། སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར་སོགས་སྤྱན་དྲངས། དེ་སྐབས་མདོ་རྒྱུད་ཉེར་གཅིག་བོད་སྐད་དུ་བསྒྱུར་ཅིང་ཉམས་བཞེས་མཛད། བོད་མིས་ནང་བསྟན་དང་འབྲེལ་བའི་བརྩམས་ཆོས་ཐོག་མ་མ་ཎི་བཀའ་འབུམ་སོགས་མཛད། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་མཚོན་ལུགས་གཉིས་ཀྱི་བཀའ་ཁྲིམས་བཟང་པོའི་སྲོལ་བཏོད། ཕྱི་ལོ་ ༦༩༨ ལོར་འདས། ཐོན་མི་སཾ་བྷོ་ཊ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཞིག་སྟེ། བཙན་པོས་བསྐུལ་བ་བཞིན་རྒྱ་གར་དུ་བྱོན་ཏེ་སྐད་ཡིག་སྣ་ཚོགས་ལ་སྦྱངས། བོད་དུ་ཕེབས་ནས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་ཀྱི་གཞུང་ལུགས་མཛད་ཅིང་མདོ་རྒྱུད་ཉེར་གཅིག་བསྒྱུར། འཕྲུལ་བློན་མཛངས་པ་མི་བདུན་གྱི་བཞི་པར་བགྲང༌། བོད་ཡུལ་རིག་པའི་འབྱུང་གནས་སུ་བསྒྱུར་ཏོ།།
མཁན་ཆེན་ཞི་བ་འཚོ་ནི། སྟོན་པ་རང་ཉིད་ཀྱི་ལུང་གིས་ཟིན་ཅིང༌། རྒྱ་གར་ཤར་ཕྱོགས་ཀྱི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། དཔལ་ནཱ་ལེན་དྲར་སློབ་གཉེར་མཛད། མཁན་པོ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་གི་ས་དཔྱད་མཛད་ཅིང་སློབ་དཔོན་ཆེན་པོ་གདན་དྲངས་དགོས་པའི་ལུང་བསྟན། བོད་ཕྲུག་བློ་རྣོ་བ་རྣམས་ལ་ལོ་ཙཱ་བསླབ། སད་མི་མི་བདུན་རབ་ཏུ་བྱུང་ནས་བསྟན་རྩ་འདུལ་བའི་སྲོལ་བཏོད། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་མཛད་ཅིང་བོད་དུ་མྱ་ངན་ལས་འདས་སོ། །
སློབ་དཔོན་པདྨ་འབྱུང་གནས་ནི། དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ཕྱི་མ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གསུམ་བཅུ་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང༌། །ཞེས་དང༌། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང༌། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོར་འགྱུར། །ཞེས་པ་ལྟར་འདས་ལོ་ ༡༢ ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་དུ་མེ་ཏོག་པདྨའི་སྡོང་པོ་ལས་འཁྲུངས། རྒྱལ་པོ་ཨིན་དྲ་བྷོ་དྷིའི་སྲས་ཀྱི་སྐལ་བ་མཛད། མ་ངེས་པའི་གནས་སུ་མ་ངེས་པའི་སྤྱོད་པ་སྣ་ཚོགས་བསྐྱངས་པ་ལས། མཚོ་སྐྱེས་རྡོ་རྗེ། བློ་ལྡན་མཆོག་སྲེད། པདྨ་སཾ་བྷ་ཝ། ཤཱཀྱ་སེངྒེ༌། པདྨ་རྒྱལ་པོ། ཉི་མ་འོད་ཟེར། སེངྒེ་སྒྲ་སྒྲོག རྡོ་རྗེ་གྲོ་ལོད་བཅས་སྤྲུལ་པ་མཚན་བརྒྱད་དུ་གྲགས་པ་བྱུང༌།
ཕྱི་ལོ་ ༨༡༠ ལོར་བོད་དུ་ཕེབས། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །ཞེས་གསུངས་པ་ལྟར་བོད་ཀྱི་མི་དང་མི་མིན་གདུག་པ་ཅན་རྣམས་ཚར་བཅད། གསང་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར། རི་མཚོ་གངས་བྲག་རྣམས་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་ཆོས་ནོར་དུ་མ་གཏེར་དུ་སྦས། བོད་ཆོས་སྲིད་ཀྱི་འཕེལ་འགྲིབ་ལ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་དང༌། བར་ཆད་བཟློག་ཐབས། ཟླ་རེ་ཡར་ངོའི་ཚེས་བཅུའི་དུས་བོད་དུ་འབྱོན་པར་ཞལ་བཞེས་མཛད་པ་སོགས་བོད་འབངས་རྣམས་ནམ་ཡང་བརྩེ་བས་མི་དོར་བའི་སྤྲུལ་པ་སྣ་ཚོགས་བྱུང་དང་འབྱུང་འགྱུར་ཡིན་ཡང་ཆོས་ལུགས་ཕྱོགས་ཞེན་དང༌། གྲུབ་མཐའི་འཐེན་འཁྱེར་དབང་གིས་གང་གི་ཐུགས་འདུན་བཞིན་འགྲུབ་པར་འགོག་རྐྱེན་བཟོ་ངེས་པ་དེས་ན། རྡོ་རྗེའི་མགུལ་ལས། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ །ཞེས་གསུངས། དེས་ན་ཕྱོགས་དང་རིས་སུ་མ་ཆད་པར་མགོན་པོ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ངང་དད་འདུན་རྩེ་གཅིག་གིས་གསོལ་འདེབས་སོགས་ལ་བརྩོན་རིགས་ཏེ། རྒྱལ་དབང་ལྔ་པ་ཆེན་པོས། ཁ་བའི་ལྗོངས་སུ་དམ་ཆོས་སྒྲོན་མེ་སྤར།། བཀའ་དྲིན་འཁོར་མེད་པདྨ་ཀཱ་རའི་ཞབས། །ཞེས་དང༌། སྐུ་རྟེན་འགྱུར་མེད་རྡོ་རྗེ་གསང་བའི་གསུང༌།། དམ་རྫས་བདུད་རྩིའི་བཅུད་ཀྱི་སྙིང་པོ་ཡིས། སྙིགས་དུས་བོད་འབངས་ཕན་བདེའི་ངལ་གསོར་མཛད།། ཅེས་གསུངས་པས་སོ། ཕྱི་ལོ་ ༨༦༤ སྤྲེལ་ཟླའི་ཚེས་ ༡༠ ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་སོ།།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། ཡབ་མེས་ཨག་ཚོམ་གྱི་སྲས་སུ་ཕྱི་ལོ་ ༧༩༠ ལོར་འཁྲུངས། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་མི་ཏྲ་སོགས་པ་ཏ་མང་པོ་གདན་དྲངས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་བཻ་རོ་ཙ་ན་སོགས་བོད་ཕྲུག་བློ་རྣོ་བ་རྣམས་རྒྱ་གར་དུ་མངགས། རྒྱ་ཆོས་རྣམས་བོད་སྐད་དུ་བསྒྱུར་བས་ད་ལྟའི་དུས་སུའང་བོད་ཀྱི་ནང་ཆོས་ཞེས་འཛམ་གླིང་འདི་ཡི་སྟེང་ངོམ་རིན་ཆོག་པ་འདི་བྱུང༌། སངས་རྒྱས་ཀྱི་བསྟན་པའི་རྩ་བ་བཤད་སྒྲུབ་ཀྱི་སྡེ་བཙུགས་ཤིང་དར་རྒྱས་བླ་ན་མེད་པ་མཛད། ལྷག་པར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་སྣང་བ་ཡུག་འབྱམས་སུ་བཏང༌། བོད་མིས་བརྩམས་ཆོས་ཚད་འགྲེལ་སྔ་ཤོས་བཀའ་ཡང་དག་པའི་ཚད་མ་ལ་སོགས་པའི་བསྟན་བཅོས་ཀྱང་མཛད། ཕྱི་ལོ་ ༨༤༤ ལོར་འདས་སོ། །གོང་གི་གསུམ་ལ་མཁན་སློབ་ཆོས་གསུམ་དུ་གྲགས་ཤིང་བོད་གངས་ཅན་ལྗོངས་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་ཡིན་ནོ།།
ཆོས་རྒྱལ་ཁྲི་རལ་པ་ཅན་ནི། ཡབ་མུ་ཏིག་བཙན་པོའི་སྲས་སུ་ཕྱི་ལོ་ ༨༦༦ འཁྲུངས། དགུང་ལོ་བཅུ་གཉིས་པར་ཁྲི་ལ་འཁོད་རྗེས་འབངས་མི་ཁྱིམ་བདུན་རེ་ལ་དབུ་ཡི་མཆོད་གནས་རབ་ཏུ་བྱུང་བ་རེ་རེར་བསོད་ནམས་ཀྱི་ཞིང་དུ་གནང༌། དབུ་སྐྲ་ལ་དར་ཡུག་གཉིས་བཏགས་པའི་སྣེར་བླ་མཆོད་སྡེ་གཉིས་ཀྱི་ཞབས་པད་ལ་མཆོད་པ་སོགས་རྒྱལ་བསྟན་རིན་པོ་ཆེར་བཀུར་བཟོ་ཆེ། འུན་ཅང་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། དཱ་ན་ཤི་ལ་ལ་སོགས་པའི་པ་ཏ་མང་པོ་སྤྱན་དྲངས། ལོ་ཙཱ་བ་ཛྙཱ་ན་སེ་ན་ལ་སོགས་པས་སྔོན་ཡབ་མེས་ཀྱི་དུས་སུ་བསྒྱུར་པའི་གསང་སྔགས་ནང་རྒྱུད་མ་གཏོགས་པའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་དུ་གཏན་ལ་ཕབ། ཡུམ་རྒྱས་པ་ལ་འགྱུར་བཅོས་གནང་ནས་དུམ་བུ་བཅུ་དྲུག་ཏུ་མཛད། ཕྱི་ལོ་ ༩༠༡ ལོར་གཤེགས། གོང་གི་ཆོས་རྒྱལ་གསུམ་ལ་མེས་དབོན་རྣམ་གསུམ་ཞེས་གྲགས་སོ། །
ལོ་ཙཱ་བ་བཻ་རོ་ཙ་ན་ནི། གཙང་སྙེ་མོ་བྱེ་མཁར་དུ་ཕྱི་ལོ་ ༧༧༥ ལ་འཁྲུངས། མཁན་པོ་ཞི་བ་འཚོ་ལས་རབ་ཏུ་བྱུང་བས་བོད་ཀྱི་རབ་བྱུང་གི་ཐོག་མར་གྱུར། རྒྱ་གར་དུ་ཕེབས་ཏེ་སློབ་དཔོན་དགའ་རབ་རྡོ་རྗེ་སོགས་ལས་རྫོགས་པ་ཆེན་པོའི་གདམས་པ་ཞུས། རྫོགས་ཆེན་སེམས་སྡེའི་ཕྱོགས་སོགས་མདོ་སྔགས་ཀྱི་གཞུང་མང་དུ་བསྒྱུར། ཉིད་ཀྱིས། ལོ་བརྒྱད་ལོན་ནས་ལོ་ཙཱ་བསླབ་པས་མཐའ་འདིར་མཆིས། །བཅོ་ལྔ་ལོན་ནས་སྐད་སྣ་སྟོང་དང་དྲུག་བརྒྱ་ཤེས། །རྒྱ་གར་གསང་མཛོད་དམ་ཆོས་མ་ལུས་བོད་དུ་བསྒྱུར། །ཞེས་དང༌། རྔོག་ལོས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །ཞེས་བསྔགས་པ་ལྟར་སྒྲ་སྐད་ལ་ཤིན་ཏུ་མཁས་པས་བོད་མིའི་ལོ་ཙཱ་བ་ཀུན་གྱི་གཙུག་རྒྱན་དུ་གྱུར།
གཉགས་ཛྙཱ་ན་ཀུ་མ་ར་ནི། དབུས་ཡར་ཀླུང་དུ་འཁྲུངས། མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང༌། མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། སློབ་དཔོན་པདྨ་འབྱུང་གནས། བི་མ་ལ། བཻ་རོ། གཡུ་སྒྲ་སྙིང་པོ་རྣམས་ལ་བསྟན་པའི་བཀའ་ཡི་ཆུ་བོ་བཞི་འདུས་པ་ཡིན་ལ་སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་སྨིན་པས་གྲུབ་རྟགས་ཐོན། སློབ་མ་དཔལ་གྱི་བུ་བརྒྱད་སོགས་མང་དུ་བྱུང༌།
གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། ཕྱི་ལོ་ ༨༤༡ ལོར་འཁྲུངས། སློབ་དཔོན་པདྨས་འཇམ་དཔལ་སྐུའི་དཀྱིལ་འཁོར་དུ་སྨིན་པར་མཛད་པས་གྲུབ་རྟགས་ཐོན། ཤྲཱི་སིངྷ༌། བི་མ་ལ། སོག་པོ་དཔལ་གྱི་ཡེ་ཤེས་སོགས་སྐྱེས་ཆེན་དུ་མ་ལས་མདོ་སྔགས་ལ་མཁས་པར་སྦྱངས། དྷརྨ་བྷོ་དྷི་སོགས་ལས་མདོ་ཕྱོགས་གསན། བོད་གངས་ཅན་ལྗོངས་སུ་མདོ་དགོངས་འདུས་འཆད་ཉན་གྱི་སྲོལ་བཙུགས། རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་རྒྱུད་དང་མན་ངག་མང་པོ་བསྒྱུར། འདིའི་བཀའ་དྲིན་ལ་བརྟེན་ནས་རྒྱལ་པོ་གླང་དར་མས་གསང་སྔགས་ཀྱི་བསྟན་པ་དང་སྔགས་པའི་རིགས་ལ་གནོད་མ་ནུས། སློབ་མའི་གཙོ་བོ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་བཅས་མང་དུ་བྱུང་ངོ༌། །
ཟུར་བོ་ཆེ་ཤཱཀྱ་འབྱུང་གནས་ནི། མདོ་ཁམས་ཡར་རྫོང་དུ་ཕྱི་ལོ་ ༡༠༠༢ ལོར་འཁྲུངས། རྟེན་ཚངས་སྤྱོད་དགེ་བསྙེན་དུ་བཞུགས། ཉང་ཡེ་ཤེས་འབྱུང་གནས་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་བརྙེས། རྩ་རྒྱུད་དང་སྒྲུབ་ཐབས་སོ་སོར་ཕྱེ་སྟེ་འཆད་ཉན་མཛད། ཕྱི་ལོ་ ༡༠༦༢ ལོར་འདས། སློབ་མའི་གཙོ་བོ་རྩེ་མོ་བཞི་རྩེ་ལྐོག་དང་ལྔ་བཅས་མང་ངོ༌། གཉགས་གནུབས་ཟུར་གསུམ་པོ་འདི་ལ་རྡོ་རྗེ་ཐེག་པའི་བསྟན་པའི་བབས་སོ་གསུམ་དུ་གྲགས།
ཟུར་ཆུང་ཤེས་རབ་གྲགས་པ་ནི། གཙང་དུ་ཕྱི་ལོ་ ༡༠༡༤ ལོར་འཁྲུངས། ཟུར་པ་ཆེ་བླ་མར་བསྟེན། བྲག་རྒྱ་བོར་སྒྲུབ་པ་ཉམས་སུ་བླངས༌། མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་བདག་པོར་གྱུར་ཅིང་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཕྱི་ལོ་ ༡༠༧༤ ལོར་འདས།
ཟུར་ཤཱཀྱ་སེངྒེ་འམ་གསང་བདག་སྒྲོ་ཕུག་པ་ནི། ཕྱི་ལོ་ ༡༠༧༤ ལོར་ཟུར་ཆུང་གི་སྲས་སུ་འཁྲུངས། ཡབ་ཀྱི་སློབ་མ་ཀ་བ་བཞི་ལས་མདོ་སྒྱུ་སེམས་གསུམ་རྒྱུད་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དབང་དང་བཅས་པ་གསན། བཤད་སྒྲུབ་ཀྱི་སྒོ་ནས་སྙིང་པོའི་བསྟན་པ་ལ་བྱ་བ་བྱས། ཕྱི་ལོ་ ༡༡༣༤ ལོར་འདས། ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་སོགས་འབྲེལ་ཐོབ་ཀྱི་སློབ་མ་ནི་ཤིན་ཏུ་མང་ངོ༌། །ཟུར་ཆེན་དང་ཟུར་ཆུང༌། འདི་གསུམ་ལ་ཟུར་མེས་དབོན་རྣམ་གསུམ་དུ་གྲགས།
རོང་ཟོམ་མ་ཧཱ་པ་ཏ། གཙང་སྣང་ལུང་རོང་དུ་ཕྱི་ལོ་ ༡༠༡༢ ལོར་འཁྲུངས། སྔ་འགྱུར་གྱི་ལོ་ཙཱ་བའི་མཐའ་མར་གྲགས། མཁྱེན་དཔྱོད་ལ་ཕྱི་རབས་ལོ་ཙཱ་བ་སུས་ཀྱང་འགྲན་ཟླ་བྲལ། ཐེག་ཆེན་ཚུལ་འཇུག སྣང་བར་ལྷར་སྒྲུབ། གསང་སྙིང་དཀོན་ཅོག་འགྲེལ་སོགས་བསྟན་བཅོས་ཤིན་ཏུ་མང་པོ་མཛད། དགུང་གྲངས་བརྒྱ་དང་བཅུ་དགུར་བཞུགས་ཏེ་ཕྱི་ལོ་ ༡༡༣༡ ལོར་འདས།
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ནི། གཡོ་རུ་གྲ་ནང་གི་ཆ་སྟོད་དུ་ཕྱི་ལོ་ ༡༣༠༨ ལོར་སྐུ་བལྟམས། རིག་འཛིན་ཀུ་མ་ར་སོགས་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་པར་མཛད། རྒྱ་ཆེ་བ་འི་བཤད་པ་མཛོད་ཆེན་བདུན། ཟབ་པ་ཀུ་སཱ་ལིའི་བཤད་པ་སྙིང་ཐིག་ཡ་བཞི། ཟབ་རྒྱས་ཟུང་འཇུག་གི་སྐོར་ངལ་གསོ་སྐོར་གསུམ་སོགས་སུས་ཀྱང་འགྲན་མི་བཏུབ་པའི་བསྟན་བཅོས་དུ་མ་མཛད། གངས་རིའི་ལྗོངས་ཀྱི་འཇམ་དབྱངས་རྣམ་གསུམ་ཞེས་གྲགས་པའི་ནང་གི་གཅིག་ཡིན། ཕྱི་ལོ་ ༡༣༦༣ ལོར་འདས། རོང་ཟོམ་དང་འདི་གཉིས་ལ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཞེས་གྲགས་ཤིང་སྔ་འགྱུར་བསྟན་པའི་སྲོག་ཤིང་ཆེན་པོའོ། །
རིག་འཛིན་འཇིགས་མེད་གླིང་པ་ནི། དབུས་ཀྱི་འཕྱོངས་རྒྱས་སུ་ཕྱི་ལོ་ ༡༧༢༩ སྐུ་འཁྲུངས། ཐུགས་ལ་སྙིང་རྗེ་ཆེན་པོ་མངའ། སྔ་འགྱུར་བའི་ཕ་ཆོས་ཉམས་བཞེས་ལ་བརྟེན་ནས་མགྲིན་པའི་རྩ་མདུད་གྲོལ་བས་ཡོན་ཏན་མཛོད་རྩ་འགྲེལ། རྒྱུད་འབུམ་དཀར་ཆག་ཆེན་མོ། དགོངས་འདུས་རྣམ་བཤད། ཀློང་ཆེན་སྙིང་ཐིག་གི་སྐོར་སོགས་གསུང་ཆོས་པོད་དགུ་མཛད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་སྐུས་རྗེས་སུ་བཟུང༌། བསྟན་སྲིད་ཀྱི་ཞབས་རིམ་རྟགས་ཐོན་མཛད། ཕྱི་ལོ་ ༡༧༩༨ ལོར་འདས། ཐུགས་ཟིན་གྱི་སློབ་མའི་ཚོགས་མང་དུ་བྱུང་ངོ༌། །ཀུན་མཁྱེན་ཀློང་ཆེན་པ་དང་འདི་གཉིས་ལ་ཀུན་མཁྱེན་ཡབ་སྲས་གཉིས་ཞེས་གྲགས།
སྨིན་གླིང་གཏེར་བདག་གླིང་པ་ནི། ཡུལ་དབུས་གྲྭ་ནང་དར་རྒྱས་ཆོས་གླིང་དུ་ཕྱི་ལོ་ ༡༦༤༦ ལོར་འཁྲུངས། ཨོ་རྒྱན་སྨིན་གྲོལ་གླིང་ཕྱག་བཏབ། དགེ་འདུན་གྱི་སྡེ་བཙུགས་ཤིང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བསྟན་སྲིད་རྩེར་བསྒྲེངས། བཀའ་གཏེར་རྒྱ་མཚོའི་ཉིང་བཅུད་པོད་ཆེན་བཅུ་གསུམ་ཙམ་མཛད། ྋགོང་ས་ལྔ་པ་ཆེན་པོས་བླ་མར་བཀུར། ཕྱི་ལོ་ ༡༧༡༤ ལོར་འདས།
ལོ་ཆེན་ཆོས་དཔལ་རྒྱ་མཚོ་ནི། གྲྭ་ནང་དུ་ཕྱི་ལོ་ ༡༦༥༤ ལོར་འཁྲུངས། མདོ་སྔགས་གསར་རྙིང་དང་ཐ་སྙད་རིག་གནས་མཐའ་དག་ལ་མཁས་ཤིང༌། རྩིས་གཞུང་ཉིན་བྱེད་སྣང་བ་སོགས་ཐུན་མོང་དང་ཐུན་མིན་རིག་གནས་མང་དུ་བརྩམས། ཕྱི་ལོ་ ༡༧༡༨ ལོར་འདས། གཏེར་བདག་གླིང་པ་དང་འདི་གཉིས་ལ་སྨིན་གླིང་ཡབ་སྲས་ཞེས་གྲགས།
འཇམ་མགོན་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི། རྫ་ཆུ་ཁར་ཕྱི་ལོ་ ༡༨༤༦ ལོར་འཁྲུངས། མདོ་སྔགས་རིག་གནས་དང་བཅས་པར་རིག་པའི་རྩལ་འབར། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང༌། མདོ་སྔགས་གཞུང་འགྲེལ་སོགས་ནང་དོན། བསྟོད་ཚོགས་དང་གཏམ་ཚོགས། འདོན་ཆོག་སོགས་གསུང་ཆོས་པོད་སོ་གཉིས་མཛད་དེ་སྔ་འགྱུར་བསྟན་པའི་ཉིན་བྱེད་དུ་གྱུར། ནང་དོན་རིག་པ་གཅིག་པུ་ལ་མཁྱེན་རྒྱ་ཆེ་བ་ཙམ་མིན་པར་ཐུན་མོང་དང་ཐུན་མིན་རིག་གནས་ཀུན་ལ་མཁྱེན་དཔྱོད་ཕུལ་ཏུ་ཕྱིན་པ་ཞིག་སྟེ། དེང་གི་དུས་སུའང་བོད་ཆེན་པོའི་ལྗོངས་ཀྱི་དངོས་ཁམས་རིག་པ་སྨྲ་བ་ཆེན་པོ་ཞེས་བསྔགས་བརྗོད་གསར་པ་ཞིག་འབུལ་བཞིན་ཡོད་ལ། སྨན་གྱི་སྡེབ་སྦྱོར་ནས་བཟུང་བོད་མིའི་རིག་གནས་ཡོད་དོ་ཅོག་ལ་ཕན་ཐོགས་བླ་མེད་གནང་མཐར་ཕྱི་ལོ་ ༡༩༡༢ ལོར་འདས། རོང་ཀློང་རྣམ་གཉིས་དང་འདི་བཅས་ལ་རྙིང་མའི་ཀུན་མཁྱེན་རྣམ་གསུམ་དུ་གྲགས་སོ།།
༩༽ བོད་ཡུལ་དུ་རྙིང་མ་པའི་བསྟན་པའི་གནས་གཞི་ཆོས་སྡེ་དུ་མ་ཡོད་པ་ལས་གྲགས་ཆེ་བ་འགའི་ངོ་སྤྲོད་བསྡུས་ཙམ་ཞུ་བ་ལ། ཐོག་མར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི། ཡུལ་དབུས་བསམ་ཡས་སུ་ཕྱི་ལོ་ ༨༡༠ ལོར་མཁན་ཆེན་ཞི་བ་འཚོས་ས་དཔྱད་མཛད་ཅིང༌། གུ་རུ་རིན་པོ་ཆེས་ས་འདུལ་དང་བྱིན་གྱིས་བརླབས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོན་བདག་མཛད་དེ་བོད་མིའི་རྣམ་དཔྱོད་དང་སྙིང་སྟོབས་ལས་རྒྱ་གར་ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པའི་དོད་ཡོད་པའི་གཙུག་ལག་ཁང་འདི་ལོ་ངོ་དྲུག་གི་ནང་བཞེངས། སློབ་དཔོན་ཆེན་པོ་དང༌། ཞི་བ་འཚོ། བི་མ་ལ་མི་ཏྲ་སོགས་པཎ་ཆེན་རྣམས་ཀྱིས་རབ་གནས་མཛད། རྒྱལ་བློན་འབངས་གསུམ་གྱིས་དགའ་སྟོན་རྒྱ་ཆེན་བྱས། བསྟན་པ་རིན་པོ་ཆེ་བསྒྱུར་བཤད་སྤེལ་གསུམ་གྱི་བསྟི་གནས་ཆེན་པོར་གྱུར། བོད་ཡུལ་གྱི་སློབ་གྲྭའི་ཐོག་མའང་ཡིན་ལ་བོད་མིས་རྗེས་དྲན་འོས་པའི་རྡོ་རིང་ཆེན་པོ་ཞིག་ཀྱང་ཡིན།
ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ནི། ཕྱི་ལོ་ ༡༦༣༢ ལོར་བོད་ཡུལ་དབུས་སུ་རིག་འཛིན་ངག་གི་དབང་པོས་ཕྱག་བཏབ། བཀའ་མའི་ཆོས་སྤྱི་དང་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཆོས་གཙོར་བྱས་པའི་གཏེར་ཆོས་ལ་ཕྱག་ལེན་མཛད། རིག་འཛིན་པདྨ་ཕྲིན་ལས་སོགས་སྐུ་ཕྲེང་རིམ་པས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་གཞིར་བཞེངས་སུ་མཛད། བོད་ཡོངས་སུ་བུ་དགོན་དང་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ནི་ཤིན་ཏུ་མང་ངོ༌། །
ཨོ་རྒྱན་སྨིན་གྲོལ་གླིང་ངེས་དོན་དགའ་ཚལ་གླིང་ནི། ཕྱི་ལོ་ ༡༦༧༦ ལོར་ཡུལ་དབུས་གྲྭ་ཕྱི་རུ་རིག་འཛིན་གཏེར་བདག་གླིང་པས་ཕྱག་བཏབ། མདོ་སྔགས་སྤྱི་དང་སྒྱུ་འཕྲུལ་སོགས་བཀའ་མ་དང་གཏེར་ཆེན་ཉིད་ཀྱི་གཏེར་ཆོས་རྣམས་གཙོ་བོར་ཉམས་སུ་བཞེས། སྒྲ་ཚད་མདོ་སྔགས་རིག་པའི་གཞུང་ལུགས་ལ་ཐོས་བསམ་བྱ་ཡུལ་གྱི་བསྟི་གནས་སུ་གྱུར། ཁྱད་པར་རྙིང་མའི་ཕྱག་བཞེས་ཕྲིན་སྒྲུབ་ཀྱི་རིགས་རྣམས་ནི་རྙིང་མ་ཀུན་ལ་ཁྱབ་ཆེ། ཁྲི་རབས་རིམ་བྱོན་དང༌། མཁན་རབས་རིམ་བྱོན་གྱིས་གདན་ས་བསྐྱངས་ཤིང༌། དེ་ལས་གྱེས་པའི་དགོན་སྡེ་ནི་བོད་ཡུལ་སྟོད་སྨད་ཀུན་ཏུ་ཁྱབ་བོ། །
ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང༌། ཕྱི་ལོ་ ༡༧༣༤ ལོར་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གཉིས་པ་ཆོས་རྗེ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས་ཕྱག་བཏབ། བཀའ་གཏེར་གྱི་བསྟན་པ་སྤྱི་དང༌། བྱེ་བྲག་སྨིན་གླིང་གི་གཏེར་ཆོས་སྐོར་ལ་ཉམས་བཞེས་ཀྱིས་བརྒྱུད་པ་འཛིན། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཇི་སྙེད་ཅིག་བྱོན་ཅིང་བཤད་སྒྲུབ་བསྟན་པའི་ཉི་མ་རྒྱ་ཁྱབ་ཏུ་འཕེལ་བར་གྱུར་ཏོ། །
རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི། ཕྱི་ལོ་ ༡༦༨༤ ལ་མདོ་ཁམས་སྟོད་རུ་དམ་དུ་གྲུབ་དབང་རྫོགས་ཆེན་པདྨ་རིག་འཛིན་གྱིས་ཕྱག་བཏབ། གང་གི་སྐུ་ཕྲེང་བཞི་པའི་སྐབས་རྫོགས་ཆེན་ཤྲཱི་སིདྷཱའི་བཤད་གྲྭ་བཏབ་སྟེ་མདོ་སྔགས་གཞུང་ལུགས་མང་པོའི་འཆད་ཁྲིད་ཀྱིས་མཁས་གྲུབ་ཀྱི་ཚང་ཆེན་རྡོལ། མདོ་སྒྱུ་སོགས་ཀྱི་ཆོག་ཁྲིགས་གླེགས་བམ་སྤར་དུ་བཀོད་པ་སོགས་བསྟན་རྒྱུན་ལ་བཀའ་དྲིན་ཆེ་ཞིང་གདན་ས་འདི་ཉིད་སྔ་འགྱུར་བསྟན་པའི་རྩ་ལག་གཅིག་ཏུ་གྱུར།
ཀཿཐོག་རྡོ་རྗེ་གདན་ནི། ཕྱི་ལོ་ ༡༡༥༩ ལ་མདོ་ཁམས་སྨད་དུ་ཀཿཐོག་དམ་པ་བདེ་གཤེགས་ཤེས་རབ་སེངྒེས་ཕྱག་བཏབ། མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་བཤད་སྒྲུབ་སྤྱི་དང༌། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་གཉིས་ཀྱི་གཏེར་ཆོས་གཙོ་བོར་གྱུར་པའི་ཟབ་ཆོས་ལ་ཉམས་བཞེས་མཛད། ཀཿཐོག་གསེར་ཁྲི་མངའ་བདག་རྣམས་ཀྱིས་གདན་ས་བསྐྱངས་ཤིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་ཆུ་འགོར་གྱུར།
དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། སྤྱི་ལོ་ ༨༩༠ ཙམ་ལ་མདོ་ཁམས་དཔལ་ཡུལ་དུ་ཀྱེ་རེ་མཆོག་སྐྱོང་དབང་པོས་ཐོག་མར་ཕྱག་བཏབ། ཕྱིས་ཕྱི་ལོ་ ༡༦༦༤ ལོར་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་དར་ཞིང་རྒྱས་པར་མཛད་དེ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་མཚན་ཐོགས། མདོ་སྒྱུ་སེམས་གསུམ་སྤྱི་དང་ཁྱད་པར་གཏེར་ཆེན་མི་འགྱུར་རྡོ་རྗེའི་གནམ་ཆོས་དང་རཏ་གླིང་གཏེར་ཆོས་སོགས་གཙོ་བོར་ཉམས་བཞེས་སུ་མཛད། གྲུབ་དབང་དཔལ་ཆེན་འདུས་པའི་སྐབས་དཔལ་ཡུལ་བཤད་གྲྭ་དབུ་བརྙེས། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྒྱ་ཆེར་འཕེལ། བུ་དགོན་དང་ཡང་དགོན་གྱིས་ཕྱོགས་ཀུན་ཏུ་ཁྱབ་བོ། དེ་ལ་སྟོད་ན་རྡོར་སྨིན། བར་ན་ཞེ་རྫོགས། སྨད་ན་ཀཿདཔལ་ཞེས་རྙིང་མའི་མ་དགོན་ཆེན་པོ་དྲུག་ཏུ་གྲགས་ལ། དེ་ལས་གཞན་གདན་ས་ཆེ་ཆུང་ཇི་སྙེད་བཞུགས་པ་ནི་སྐབས་འདིར་སྨོས་ཀྱིས་མི་ལང་ངོ༌།།
༡༠༽ ཕྱི་ལོ་ ༡༩༥༩ རྗེས་ཀྱི་ལོ་རྒྱུས། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་དུས་འགྱུར་སྐབས་བོད་ཀྱི་ནང་བསྟན་སྤྱི་ལ་གོད་ཆགས་ཚབས་ཆེན་ཕོག་སྟེ་བོད་ལྗོངས་སྣོད་བཅུད་དང་བཅས་པར་ཉམས་ཉེས་བྱུང་ནའང༌། སྐྱེ་དགུའི་སྤྱི་མཐུན་གྱི་ལེགས་བྱས་མཐུས་འཕགས་མཆོག་ཕྱག་ན་པདྨོ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུས་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ཞིག་རྒྱ་གར་སོགས་སུ་བཙན་བྱོལ་དུ་ཞབས་སོར་འཁོད་ཐུབ་པའི་དགེ་མཚན་ལས། ཆོས་བརྒྱུད་སོ་སོའི་དགོན་སྡེ་གྲྭ་ཚང་ཕྱག་བཏབ་སྟེ་རྒྱལ་བསྟན་སླར་གསོའི་མཛད་ཕྲིན་བསྐྱངས་པ་ལས། སྔ་འགྱུར་རྙིང་མ་པའི་བླ་ཆེན་ྋསྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ྋསྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། ྋསྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུ། ྋསྐྱབས་རྗེ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་བཅས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་རིམ་བཞེས་ཀྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་རྙིང་མ་པའི་ཟབ་ཆོས་རྣམས་མི་ཉམས་བརྒྱུད་འཛིན་དང༌། རྒྱ་བལ་གཉིས་སུ་སྔ་འགྱུར་བའི་གདན་ས་ཆེན་པོ་དྲུག་གི་གཙོས་དགོན་སྡེ་ཇི་སྙེད་ཅིག་ཕྱག་བཏབ་ཅིང་དགེ་འདུན་གྱི་སྡེ་བཙུགས། ྋགོང་ས་སྐྱབས་མགོན་ཆེན་པོ་གང་གི་ལམ་སྟོན་བཀའ་སློབ་ཟབ་མོ་དང༌། སྐབས་ཀྱི་དགོས་མཁོ་སོགས་ལ་དམིགས་ཏེ་ཐོས་བསམ་སློབ་གཉེར་གནང་ཡུལ་གྱི་བཤད་གྲྭ་ཆེ་ཆུང་དུ་མ་ཞིག་གསར་སྐྲུན་མཛད།
ཕྱི་ལོ་ ༡༩༨༩ ནས་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་བརྙེས་ཏེ་ལོ་ལྟར་བོད་ཟླ་ ༡༢ ཚེས་ ༡ ནས་ཉིན་བཅུའི་རིང་རྒྱ་བོད་བལ་འབྲུག་གིས་མཚོན་པའི་ཡུལ་གྲུ་ཁག་ནས་རྙིང་མ་པའི་དགོན་སྡེ་ཆེ་ཕྲ་བཞི་བརྒྱ་ལྷག་གི་དགེ་འདུན་རྣམས་ལྷན་འཛོམས་ཐོག་སྨོན་ལམ་འཕར་ཚོགས་གནང་བཞིན་པ་དང༌། དེང་དུས་བོད་ཕྱི་ནང་གཉིས་སུ་མ་དགོན་གསར་རྙིང་གཉིས་རེ་བཅས་ཀྱིས་གཙོར་བྱས་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོ་སོགས་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་སྡེ་གྲངས་མང་ཡོད་ཅིང༌། དེ་དག་ཏུ་གསང་ཆེན་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྒྱལ་མཚན་ཕྱོགས་ཀུན་ནས་སྒྲེང་བཞིན་པའོ། །
སྨྲས་པ། ཚིག་གི་སྦྱོར་བ་མང་དུ་མ་སྤུངས་ཤིང༌། །རྒྱ་ཆེའི་ལོ་རྒྱུས་ཡོངས་སུ་རྫོགས་མིན་ཡང༌།། སྐབས་དོན་ནོར་བུས་ཁེངས་པའི་ཟ་མ་ཏོག །དེང་གི་བློ་གསར་རྣམས་ཀྱི་རྒྱན་དུ་འོས། །འདི་ལས་བྱུང་བའི་ལེགས་བྱས་དགེ་བ་ཡིས། །བསྟན་འཛིན་སྤྱི་དང་ྋཕྱག་ན་པདྨོ་ཡི། །ྋཞབས་པད་རབ་བརྟན་སྣོད་བཅུད་འཇིག་རྟེན་ཀུན། །བཀྲ་ཤིས་དགེ་མཚན་སྣང་བས་མི་འབྲལ་ཤོག།
་་་་་་་༼ཕྱི་ལོ་ཡར་འདེད་ཀྱི་ལོ་ ༦༦༠ ལྷག་ཙམ་ན་༽བོད་ཡུལ་མཚོས་གང་བ་རིམ་གྱིས་བྲི་སྟེ་སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུའི་ཚུལ་དུ་ཆགས་ཤིང་དེ་ཉིད་མི་མ་ཡིན་གྱིས་དབང་བསྒྱུར། ༼དེ་ནས་སྤྲེའུ་དང་བྲག་སྲིན་མོ་ཞིག་འདུས་ཏེ་སྤྲེལ་ཕྲུག་དྲུག་སྐྱེས་པ་༽ལས་བོད་མིའུ་གདུང་དྲུག་ཅེས་གྲགས་ལ་དེ་ལས་བོད་ཀྱི་མི་རིགས་འཕེལ། ་་་་་་་་་་་
འདི་ནི་ཁ་རྒྱུན་དང་། ལུང་བསྟན་གཉིས་ཀ་འགྲེལ་མ་ཤེས་པར་ཤིནད་ཏུ་ནོར་བ་ཆེན་པོ་རེད་དོ།།
གཅིག་བརྗེད་འདུག ཨེ་མ་ཧོས། སློབ་དཔོན་སྔོན་དུ་སྟོན་པར་བསྟོད་པ་མཐོང་བ་དེ་ཐང་མ་དང་པོ་དེ་ཡིན། དེ་ཡང་ཡར་རྒྱས་རེད།
་་་་་་་་་་ དེ་ལྟར་རིང་བརྒྱུད་བཀའ་མའི་ཆུ་བོ་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྣམས་ཆུ་བོ་བཞི་འདུས་ཀྱི་སྒོ་ནས་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་སྟོད་ན་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ། སྨད་དུ་ཀཿཐོག་པ་དང་དམ་གཙང་བྱམས་གསུམ། བར་དུ་ཀུན་མཁྱེན་རོང་ཀློང་རྣམ་གཉིས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ནས་ད་ལྟའི་བར་དུ་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་མ་ཉམས་པར་སྔ་འགྱུར་བཀའ་མ་རིན་པོ་ཆེའི་སྣང་བས་ཁྱབ་བཞིན་པའོ།། ་་་་་་་་་་་་་
རིན་ཆེན་ཟ་མ་ཏོག་གི་ནང་དུ་བོད་ན་ཡོད་པའི་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་གཉིས་ཀྱི་མཚན་ཙམ་ཡང་མི་འདུག་ཧཧཧ
དམན་ཕྲན་རང་ཉིད་ད་ལྟ་བལ་ཡུལ་འབྲས་ལྗོངས་དང་འབྲུག་ཡུལ་སོགས་ལ་གནས་ཡོད་པའི་ཤེར་པའམ་ཤར་པའི་མི་རིགས་ཚོ་བོད་ཀྱི་མི་རིགས་ཀྱི་ཁོངས་སུ་ཡིན་པའི་ཁ་རྒྱུན་གྱི་ལོ་རྒྱུས་འགའ་རེ་རང་གི་རྣ་ལམ་དུ་ཐོས་ཡོད་པས།དེ་བདེན་ནམ་མི་བདེན་གྱི་ཁུངས་ཡག་པོ་ཞིག་ཤེས་མཁན་རེ་གིས་འདིར་བཤད་ཐུབ་ཡོད་ན་སྐུ་དྲིན་ཆེ་ཞུ་རྒྱུ་ཡིན།