༄༅། །སྐྱབས་རྗེ་འཁྲུལ་ཞིག་ཞྭ་སྤྲུལ་མཁན་ཆེན་འགྱུར་མེད་ངག་དབང་བློ་གྲོས་རིན་པོ་ཆེ་མཆོག་ནི་ཡ་འབྲོག་སྟག་ལུང་དུ་ཕྱི་ལོ་ ༡༩༢༣ ལོར་སྐུ་འཁྲུངས་ཤིང་དགུང་གྲངས་བཞིར་སོན་སྐབས་མཁན་ཆེན་ངག་དབང་བསྟན་འཛིན་ནོར་བུ་མཆོག་གིས་རང་གི་རྩ་བའི་བླ་མ་འཁྲུལ་ཞིག་བསྟན་འགྲོའི་རྡོ་རྗེ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང། དགུང་གྲངས་བཅུར་སོན་སྐབས་མཁན་པོ་ངག་དབང་མཁྱེན་རབ་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་བཅུ་དགུར་མཁན་པོ་ངག་དབང་མཁྱེན་རབ་མཆོག་དགོངས་པ་རྫོགས་རྗེས་མཁན་རིན་པོ་ཆེ་དམ་དེ་ཉིད་ཀྱི་དགོངས་བཞེད་ལྟར་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་རྫ་རོང་ཕུ་དགོན་པའི་མཁན་པོ་མཛད། དེ་རྗེས་མི་རིང་བར་སྨིན་གྲོལ་གླིང་དགོན་པར་ཐོས་བསམ་སློབ་གཉེར་གནང་ཆེད་ཕེབས། དགོན་དེར་ཕེབས་རྗེས་རང་གི་རྩ་བའི་བླ་མ་གཅུང་ངག་དབང་ཆོས་དར་རིན་པོ་ཆེ་མཆོག་དང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེ་མཆོག་གཉིས་ཀྱིས་མཁན་སློབ་མཛད་དེ་དགེ་སློང་གི་སྡོམ་པ་འབོགས་ཆོག་མཛད།
དེ་ནས་འཁྲུལ་ཞིག་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་སྨིན་གྲོལ་གླིང་དགོན་པར་བདེ་ཆེན་ཆོས་འཛིན་མཆོག་གིས་གཙོས་བླ་མ་ ༣༤ ཙམ་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཛད།
དེ་རྗེས་རིན་པོ་ཆེ་མཆོག་གིས་ལྷ་སར་ཐོས་བསམ་སློབ་གཉེར་གནང་བ་མ་ཟད། ཤུག་གསེབ་རྗེ་བཙུན་རིན་པོ་ཆེ་མཆོག་དང་སྔ་འགྱུར་རྙིང་མའི་གཙུག་རྒྱན་བདུད་འཇོམས་རིན་པོ་ཆེ་མཆོག་སོགས་བླ་མར་བསྟེན། འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་རྫོང་སར་མཁྱེན་བརྩེ་རིན་པོ་མཆོག་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག དེ་བཞིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་སྐྱེ་ཆེན་དམ་པ་བསམ་གྱི་མི་ཁྱབ་པ་དང་ལྷན་ཐོས་བསམ་སློབ་གཉེར་མཛད།
ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་འཁྲུལ་ཞིག་རིན་པོ་ཆེ་མཆོག་ཀྱང་ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༡༩ མཚན་མོར་གངས་ལ་བརྒྱུད་ཤར་ཁུམ་བུ་ཐང་སྨད་དགོན་དུ་བཙན་བྱོལ་ལ་ཕེབས་ནས་ཁུལ་དེར་ལོ་གཅིག་བཞུགས་ནས་སྤྱི་དབང་བྱང་ཆུབ་ཆོས་གླིང་དགོན་པར་སྤོ་གནང་མཛད་དེ་ཁུལ་དེར་ལོ་ལྔ་བཞུགས།
དེ་རྗེས་ཐུབ་བསྟན་ཆོས་གླིང་དགོན་པ་ཕྱག་བཏབ། དགོན་པ་དེ་ད་ཆ་བལ་ཡུལ་ཁུལ་དུ་ཡོད་པའི་དགོན་པ་ཆེ་ཤོས་ཤིག་ཆགས་ཡོད། དགོན་པ་དེར་ད་ཆ་དགེ་འདུན་པ་བོད་རིགས་ཞལ་གྲངས་ ༡༡༣ དང་ཤར་པའི་དགེ་འདུན་པ་ཞལ་གྲངས་ ༥༨ ཡོད། དེ་བཞིན་བོད་རིགས་བཙུན་མ་ ༣༥༢ དང་ཤར་པའི་བཙུན་མ་ ༧༠ ཡོད་པ་མ་ཟད། ཨ་རི་བའི་བཙུན་མ་གཅིག་བཅས་ཁྱོན་དགེ་བཙུན་བསྡོམས་ཞལ་གྲངས་ ༥༩༤ ཡོད་འདུག
ཕྱི་ལོ་ ༢༠༠༨ ལོར་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྗེས་སྔ་འགྱུར་བསྟན་བདག་བླ་ཆེན་རྣམས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༠ ལོར་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་ཆེན་སྐབས་སྔ་འགྱུར་བསྟན་པའི་སྲོག་ཤིང་དུ་གསར་དུ་བསྐོ་གཞག་གནང་རྒྱུར་བཀའ་བསྡུར་མཛད་མཐར་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་དེ་ལྟར་གསོལ་འདེབས་ཞུས་དོན་བཞིན་སྔ་འགྱུར་རྙིང་མའི་གཙུག་རྒྱན་གྱི་མཛད་འགན་བཞེས་ཡོད་པ་བཅས།།
༼གོང་གསལ་ནི་བོད་ཀྱི་བང་ཆེན་དྲ་ངོས་ནས་འདིར་བཤུ་འགོད་ཞུས་པ་ཡིན༽
སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་ཞུ།
རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།།
ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་མཛད།།
དགོངས་པ་འཕོ་མེད་རྗེས་འཇུག་བརྩེར་གཟིགས་ནས།།
ནུས་པ་འགག་མེད་ཡང་སྲིད་མྱུར་འབྱོན་ཤོག།
སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་ཞུ།
དད་ལྡན་སྙིང་ལ་བསིལ་བ་སྟེར་མཁས་བའི།།
དྲི་བྲལ་སྟོན་གྱི་ནམ་མཁའ་དྭངས་བའི་ངོགས།།
གྲངས་མེད་རྒྱུ་སྐར་ཟིལ་གྱིས་གནོན་པ་ཡི།།
ཁྱེད་སྐུ་ཟླ་བ་གཞན་དུ་གཤེགས་པ་སྐྱོ།།
སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སྐུ་གཤེགས་པའི་ཚུལ་བསྟན་པར་རང་ཅག་ཐ་མལ་པས། བསྟན་འགྲོའི་དོན་དུ་སླར་ཡང་འབྱོན་པར་མཛད་དུ་གསོལ། བོད་གངས་ཅན་པའི་སྐད་དང་རིག་གཞུང་དེ་དག་ཆེས་ཆེར་ཉམས་བཞིན་པ་འདི་སླར་གསོ་དགོས་པའི་མཛད་འཕྲིན་མང་དུ་མཆིས། དེ་དག་ལ་ཞབས་འདེགས་ཞུ་བ་པོ་བདག་ཅག་ལ་བྱིན་གྱིས་རློབས་ཤིག།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།
བྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
དགེ་སློང་གནས་བརྟན་སྡེ་པ་འགའ་ཞིག་གིས་ལོ་མང་སྔོན་དུ་ཝ་རཱ་ཎ་སཱི་ཆུ་བོ་གང་གའི་འགྲམ་དུ་ཕུང་པོ་མེར་སྲེག་སྐབས་སུ། པ་ལི་སྐད་དུ། ཆོས་ཀྱི་ཚིགས་བཅད་པ་འདི་འདོན་པ་མཐོང་།
ཀྱེ་མ་འདུས་བྱས་རྣམས་མི་རྟག
སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།
སྐྱེས་ནས་འཇིག་པར་འགྱུར་བ་སྟེ།
དེ་བས་ཉེ་བར་ཞི་བ་བདེ།།
འོན་ཀྱང་རྗེ་བཙུན་བྱམས་མགོན་གྱིས།
ཤེས་པས་སྲིད་ལ་མི་གནས་ཤིང་།
སྙིང་རྗེས་ཞི་ལ་མི་གནས་དང་།
ཐབས་མ་ཡིན་པས་རིང་བ་དང་།
ཐབས་ཀྱིས་རིང་བ་མ་ཡིན་ཉིད།།
ཅེས་གསུངས་སོ།།
ཉིན་ཤས་གོང་ལ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་སྐུ་གཤེགས་པ་དང་། ད་ཐེངས་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་སྐུ་གཤེགས་པ་སོགས་མི་རབས་རྒན་པ་ཚོ་གཤེགས་པའི་གསར་འགྱུར་མང་དུ་ཐོས་ཡོང་གིན་འདུག ཁོང་རྣམ་པས་རང་རེའི་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས་དེར་བཀའ་དྲིན་རྗེས་དྲན་ཞུ། ཁོང་རྣམ་པས་རང་རེའི་སྤྱི་ཚོགས་ནང་དུ་བྱས་རྗེས་བཟང་པོ་གང་འཚམས་མང་པོ་བཞག་ཡོད་པ་ཡིན་སྟབས་བློ་མི་བདེ་བའི་ཚོར་སྣང་རེ་ཡང་རང་ཤུགས་ཀྱིས་ཡོང་གིན་འདུག སྤྱིར་ན་མི་ནི་རང་བྱུང་ཁམས་ལས་བྱུང་ཞིང་རང་བྱུང་ཁམས་ལ་ཐིམ་རྒྱུ་ཡིན་པ་ཆོས་ཉིད་ཡིན་པའི་དྲན་གསོ་རེ་ཡང་གཏོང་གིན་འདུག ཡང་སྲིད་ངོས་འཛིན་སོགས་ཀྱི་རེ་བ་ནི་གཏན་ནས་མེད། ལྷག་མེད་མྱང་འདས་སུ་གཤེགས་ཐུབ་པའི་རེ་བ་ཡོད།
ངག་དབང་མཚོ་སྐྱེས་རྒྱལ་བའི་བསྟན་པ་ཆེ། །
དུས་མཐར་སྤེལ་མཛད་ཆོས་ཀྱི་འཁོར་ལོས་བསྒྱུར། །
བློ་གྲོས་ཤེས་བྱའི་མཁའ་དང་མཉམ་གྱུར་པའི། །
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །
མདོ་རྒྱུད་མན་ངག་གངྒྰའི་རྒྱུན་བཟང་གིས། །
བདག་བློའི་བུམ་བཟང་གཏམས་པའི་བཀའ་དྲིན་གྱི། །
ཆ་ཤས་ཙམ་ཡང་གཞལ་ཐབས་ཡོད་མིན་པའི། །
འཁྲུལ་ཞིག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །
སྐྱེ་བ་འདི་འམ་སྐྱེ་བ་གཞན་དག་ཏུ། །
བསགས་པའི་དགེ་རྩས་རྗེ་བཙུན་བླ་མ་ཡི། །
ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། །
བདག་ཀྱང་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །
ཅེས་པ་འདི་ནི་དུས་ཀྱི་མཐའ་འདིར་མཚོ་སྐྱེས་རྒྱལ་བའི་གདུང་འཚོབ་གཅིག་པུར་བཞེངས་པ། སྐྱབས་རྗེ་འཁོར་ལོའི་མགོན་པོ་གང་ཉིད་ཟག་མེད་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པའི་གནས་ཚུལ་གོ་རྗེས་རྗེ་ཉིད་ཀྱི་སློབ་བུའི་གྲལ་མཐར་ལུས་ཤིང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་ས་མཐའི་ལྡོམ་པོ་ཀླུ་སྨྱོན་ནས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའོ།།
མི་རྟག་འཆི་བའི་དུས་ཤིག་སླེབས་ན། །
བླ་མ་སངས་རྒྱས་ཡིན་ཡང་འགྲོ་དགོས། །
དེས་ན་བླ་མའི་བཀའ་དྲིན་བསམ་ན། །
བཀའ་སློབ་དག་ནི་སེམས་ལ་དྲན་དགོས། །
གཉིས་འཛིན་འཁྲུལ་བའི་བག་ཆགས་ནང་ནས་ཞིག་ཅིང་། ཀ་དག་རྫོགས་པ་ཆེན་པོའི་རྒྱལ་གཞིས་ཞབས་ཀྱིས་མནན་པ། སྔ་འགྱུར་ཡོ་ག་གསུམ་གྱི་མཁས་གྲུབ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་བསྡུས་པར། ཕངས་སེམས་ཆེན་པོ་སྐྱེས། འོན་ཏེ། འཇིག་རྟེན་གྱི་ཆོས་ཉིད་ནི་སུས་ཀྱང་ཟློག་ཏུ་མེད་པས། ད་ནས་བརྩིས་པའི་མི་ལོ་ལྔ་བཅུའི་རྗེས། ང་ཚོའི་མི་རབས་ཕལ་ཆེར་འཇིག་རྟེན་འདིར་མེད་པ་ཐག་གིས་ཆོད། ཁོང་ལྟ་བུའི་སྐྱེས་ཆེན་ཚོ་དག་པ་རབ་འབྱམས་ཀྱི་ཞིང་དུ་ཐུགས་དགོངས་ལྟར་ཕེབས་ཡོད་པར་ཡིད་ཆེས་ཡོད། ང་ལྟ་བུའི་ཉམས་ལེན་མེད་མཁན་ཚོར། འཆི་སྐབས་ག་འདྲ་ཞིག་བྱེད་འོང་ངམ་སྙམ་དུ་སྐྲག་སྣང་རེའང་སྐྱེས།
བླ་མ་ཆེན་པོ་རྣམས་ཞིང་ལ་ཕེབས་ཚུལ་ལ་ལྟས་ན་དུས་འགྱུར་ཆེན་པོ་ཞིག་འགྲོ་ངེས་རེད་འདུག
རྩོམ་མགོ་འཇུག་མེད་པ་དང་རྙོག་དྲ་མང་དག་གཅིག་བཏུམས་བསྲེས་ཀྱིས་སྤེལ་ནས་མགོ་ཡང་འཐོམ་ཏུ་འཇུག་སོང་། གང་ལྟར་གང་ཡིན་ན་ནང་དོན་ངོ་མར་ནི་དགོན་སྡེ་ཁག་ནི་དཔལ་འབྱོར་འདུ་འགོད་ཀྱིས་སྨྱོ་བསྡད་འདུག་ཟེར་བ་དེ་ཡིན་འདུག སྐྱོན་བརྗོད་དང་སྙད་གདགས་པ་ལ་དགའ་བའི་རིགས་ཡིན་ན་དཔེ་མཚོན་ཁ་ཤས་བགྲང་རྒྱུ་གང་འདྲ་བྱེད་ན་ཡང་རག་རྒྱུ་རེད། དེ་ཙམ་གྱིས་ཧ་ལས་རྒྱུ་ཅང་མེད། བྱས་ཙང་། ངོས་རང་ནི་རྩོམ་མཁན་ཁོང་ནི་ལས་ངན་བསགས་པ་དེར་སྙིང་རྗེ་གི། ད་དུང་དམིགས་བསལ་དུ་དགོན་སྡེ་ཁག་ནི་དབྱར་གནས་འཁེལ་བསྡད་པའི་སྐབས་ཡིན་པ་ལ་ད་དུང་འཁྲུག་ལོང་གི་གཞིར་གྱུར་པ་དང་ཁྱིམ་པ་སུན་འབྱིན་གྱི་ལས་བསགས་རྒྱུའི་ཆ་རྐྱེན་ཞིག་ཏུ་འགྲོ་བའི་གཏམ་སྤེལ་བ་ནི་ཡག་པོ་ཞིག་གཏན་ནས་མིན།
དགོངས་དག མཆན་འགོད་ནོར་ཤོར་སོང་། དགོངས་འགལ་མེད་པར་མཁྱེན།