དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས།
གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་མཇུག་བསྡོམས་ལེགས་གྲུབ་བྱུང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་ཕྱི་ལོ་༢༠༡༥ ཟླ་༡༡ པའི་ཚེས་༡༥ ནས་དབུ་འཛུགས་ཀྱིས་ཉིན་གྲངས་༡༣ རིང་ཚོགས་ཡོད་པ་དང་། ཚེས་༢༧ ཉིན་མཇུག་བསྡོམས་ལེགས་གྲུབ་བྱུང་བར་སྐུ་མགྲོན་གཙོ་བོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཞྭ་སེར་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་ལས་ཟུར་དང་། སེར་བྱེས་གྲྭ་ཚང་དང་། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། གྲྭ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་གསུང་བཤད་གནང་ཡོད་པ་རེད།
ཚོགས་བཅར་བ་རྒྱུད་གྲྭ་སྟོད་སྨད་གཉིས་དང་། སྲད་རྒྱུད་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་། གཞན་ཡང་། གདན་ས་ཁག་ནས་དགེ་བཤེས་ཐོན་ཟིན་གསང་ཆེན་རིག་པ་འཛིན་པའི་དོན་གཉེར་བ་དང་། རྒྱུད་གྲྭ་འགྲིམ་བཞིན་པའི་དགེ་བཤེས་མདོ་སྔགས་རབ་འབྱམས་སྨྲ་བ་བཅས་དགེ་འདུན་པ་སུམ་བརྒྱ་བརྒལ་བ་མཉམ་ཞུགས་གནང་ཡོད།
དེ་ཡང་ཟླ་༡༡ པའི་ཚེས་༢༤ ཉིན་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་ཚོགས་ཆུང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་བླང་དོར་བཀའ་སློབ་གནང་ཡོད་པ་དང་། ཚེས་༢༦ ཉིན་འཇང་དགུན་ཆོས་དང་གཅིག་མཚུངས་སྔགས་ཀྱི་མཚན་ཕུད་དམ་བཅའ་ཡང་ཚུགས་ཤིང་། དགེ་ལྡན་བསྟན་བདག་རྣམ་པ་དང་། མཁན་ལས་ཟུར་རྣམ་པ་ཚོགས་མགོན་དུ་གདན་ཞུས་ཕེབས་ཡོད་པ་རེད།
ཚེས་༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་གྲ་སྒྲིག་ཚོགས་ཆུང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དུ་སྤོས་སྣེས་གདན་ཞུས་ཀྱིས་ཐོག་མར་སྐུ་མགྲོན་ཚང་མས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་གསུམ་འདེགས་འབུལ་ཞུས་ཏེ། བཞུགས་གྲལ་དུ་འཁོད་མཚམས་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྔགས་རམས་ཉི་མ་ཚེ་རིང་ནས་མཛད་རིམ་སྒྲོག་སྦྱང་དང་འབྲེལ། སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འདེགས་འབུལ་ཞུས་རྗེས་རིམ་བཞིན་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་བློ་བཟང་ཚེ་བརྟན་མཆོག་ནས། ད་ལོ་འཛམ་གླིང་ཁྱོན་ཡོངས་ལ་གྱ་སྟོན་སྲུང་བརྩི་ཞུ་བཞིན་པ་ལྟར་ད་རེས་འདི་གར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ལྟར་ལས་རིམ་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་འདི་ཚོ་ལོ་རྒྱུས་ཐོག་འཁོད་འོས་པ་དང་། འཁོད་དགོས་པ་ཞིག་ཆགས་ཡོད་པ་དང་། ངེས་དོན་གྱི་ཅི་གསུང་བཀའ་སྒྲུབ་ཀྱི་བརྟན་བཞུགས་ཡིན་པ་དང་། བསྟན་པ་སྤྱིའི་ཞབས་ཞུར་ཐོས་བསམ་གང་གནང་བ་དེ་ཚོ་ཉམས་ལེན་ལ་སྦྱོར་གལ་ཆེ་བ་དང་། དུས་ནམ་ཞག་རྒྱུན་ལྡན་ནས་རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་དགོས་སྐོར་དང་།
སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་ནས། གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་འདི་བཞིན་མུ་མཐུད་དགོས་པ་གལ་ཆེན་ཡིན་པ་དང་། དེ་ཡང་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་ཐུགས་འགན་རྐང་བཞེས་གནང་སྟེ་མ་འོངས་པ་ཚོར་བདག་སྤྲོད་དགོས་པ་དང་། ཐོག་མཐའ་གཉིས་ལ་བྱ་བ་གཉིས་གསུངས་པ་ལྟར་ཀུན་སློང་གལ་ཆེའི་སྐོར་དང་།
རྒྱུད་སྟོད་མཁན་ཟུར་ལྭ་བ་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་མཆོག་ནས། ད་རེས་ཀྱི་སྔགས་ཀྱི་རྩོད་པའི་ཆོས་ཐོག་འདི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དང་། དེ་ཡང་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཕྱིར་སྔགས་རིམ་ཆེན་མོའི་སྤྱི་དོན་དང་། རིམ་ལྔ་གསལ་སྒྲོན་གྱིས་མཐའ་དཔྱོད་བྱས་ཏེ་དཔེ་ཀློག་གནང་གལ་ཆེ་བ་དང་། ད་རེས་གནས་དང་། ཆོས། འཁོར་སོགས་གང་ཐད་ནས་ཕྱི་ནང་གི་ཆ་རྐྱེན་ཕུན་སུམ་ཚོགས་པ་འདི་འདྲ་བྱས་ཏེ་ཚོགས་རྒྱུ་བྱུང་བ་ཡང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཡིན་པ་དུས་རྟག་ཏུ་དྲན་དགོས་པ་དང་། མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཚོགས་རྒྱུ་གལ་ཆེ་བ་དང་། དེང་སང་བོད་ཕྱི་ནང་གི་གནས་སྟངས་སྐྱོ་བོ་ཡིན་པ་འདི་ལས་གྲོལ་ཐབས་ལ་དགོངས་པ་བཞེས་དགོས་སྐོར་དང་།
རྒྱུད་སྨད་མཁན་རིན་པོ་ཆེ་བློ་བཟང་ཕན་བདེ་མཆོག་ནས། ད་རེས་འདི་དེ་སྔོན་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མཛད་རིམ་ཞིག་ཡིན་པ་དང་། ཉིན་གྲངས་༡༢ རིང་འཆར་ཅན་སྲོད་ཆོས་དམ་བཅར་མ་ཆད་པར་ཕེབས་པའི་མྱོང་ཚོར་དང་འབྲེལ་ད་རེས་ཀྱི་འདིས་ཕན་ཐོགས་ཆེན་པོ་བྱུང་བ་དང་། འདི་འདྲ་བ་འདིས་བོད་མི་རིགས་བསྟན་པ་ཆབ་སྲིད་སྤྱི་དང་། བྱེ་བྲག་རྗེ་རིན་པོ་ཆེའི་བསྟན་པ་ལ་མིག་དཔེ་བཟང་པོ་བསྐྲུན་ཡོད་པ་དང་། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཡོད་པ་དང་། མ་འོངས་པར་རིམ་ལྔ་གདན་རྫོགས་དང་། སྔགས་རིམ་ཆེན་མོ་སོགས་ལ་རྩོད་གཞུང་ཞིབ་ཕྲ་བཟོས་ཏེ། སྲོལ་རྒྱུན་གྱི་འགྲོ་སྟངས་ཙམ་མ་ཡིན་པར་སྣོན་པ་བརྒྱབ་སྟེ། ཐོས་བསམ་གྱི་སྟེང་ལ་མཚམས་ལ་བསྡད་དེ་སྔགས་བགྲང་བ་ཙམ་མ་ཡིན་པར་ཁྲིད་ཆེན་བརྒྱད་ལ་སོགས་པའི་རྫོགས་རིམ་བསྒོམ་དགོས་སྐོར་དང་། གདན་ས་ཁག་ཏུའང་ལམ་རིམ་གྱི་བློ་སྦྱོང་ཚུགས་དགོས་པ་དང་། སྤྱི་ཚོགས་ནང་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཡ་རབས་བཟང་སྤྱོད་གོང་མཐོར་སྤེལ་ཐབས། དེ་དག་ཐམས་ཅད་ཀྱི་རྩ་བ་ཐུགས་མཐུན་ཁྲིམས་གཙང་ལ་རག་ལས་པ་དང་། དེ་ཡང་ཕྱོགས་ཚང་མ་ནས་ཕྱར་གྲུ་མཉམ་འདེགས་གནང་གལ་ཆེ་སྐོར་དང་།
སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས། གོ་སྒྲིག་ཚོགས་ཆུང་གིས་སྔ་ཕྱིར་གོ་སྒྲིག་ཞུས་པའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་འདི་ཚོ་ཚད་དང་ལྡན་པ་། དོན་དང་མཐུན་པ་ཚགས་ཚུད་པོ་ཡག་པོ་གནང་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་དང་། ད་རེས་ཡང་འདི་གར་མཁས་པ་མང་པོ་བསྡུ་བསྐོངས་ཐོག་རྟགས་གསལ་གཏོང་མཁན་དང་། དམ་བཅའ་འཇོག་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་གསུང་གི་དབུགས་དབྱུང་དང་འབྲེལ་སྐུ་གསུམ་ལམ་ཁྱེར་དང་། དཀྱིལ་འཁོར་བྲི་ཐིག ཆོ་ག་ཕྱག་ལེན། བདག་འཇུག་བཞེས་པ་སོགས་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་སློབ་པའི་གོ་རིམ་དང་། ཕྱིའི་མཐུན་རྐྱེན་འཛོམས་པའི་སྐབས་འདིར་སློབ་གཉེར་བ་ཚོའི་ནང་གི་མཐུན་རྐྱེན་ཚང་བ་བྱས་ཏེ། ཚང་མས་ཁུར་མཉམ་ལེན་ཐོག་སེམས་ཤུགས་མ་ཆག་པ་གནང་དགོས་སྐོར་དང་།
སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་ཞེས་གསུངས་པ་ལྟར་གྱི་སངས་རྒྱས་ཀྱི་བསྟན་པ་འདི་སྟོན་པ་མྱ་ངན་ལས་འདས་ནས་ལོ་༢༥༠༠ ལྷག་ཕྱིན་ན་ཡང་། བཤད་སྒྲུབ་ཟུང་འབྲེལ་དང་ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་ཐོག་ནས་ཕེབས་ཀྱི་ཡོད་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་ཇོ་བོ་རྗེ་ཨ་ཏི་ཤ་ལ་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར་ཁོང་བོད་ལ་ཕེབས་ཤིང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རྗེས་སུ་བཟུང་བ་ལས་རིམ་པར་རྒྱལ་བ་སྐུ་ཕྲེང་ན་རིམ་དང་། སྐུ་མདུན་སྐུ་གོང་མས་ཐུགས་བསྐྱེད་སྨོན་ལམ་ལྟར་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བསམ་བཞིན་བདག་ཅག་གི་མགོན་དུ་ཕེབས་ཏེ། བཀའ་དྲིན་ཆེན་པོ་ཡིན་སྐོར་དང་། ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་གཙོ་བོ་ཁོང་གི་གསུང་ལ་ཡིད་ཆེས་བློ་གཏད་གནང་དགོས་པ་དང་། ཁོང་གིས་རང་བཙན་རྩོད་ཀྱི་མེད་། ཆོས་རིག་རང་སྐྱོང་གི་གནས་བབ་དང་རང་དབང་དགོས་སྐོར་བཀའ་གནང་བཞིན་པར་ཤར་བསྐྱོད་བྱེད་གལ་ཆེ་སྐོར་སོགས་བླང་དོར་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་དང་།
དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ད་རེས་ཀྱི་མཛད་རིམ་འདི་ང་ཚོས་ཆེད་མངགས་དུས་ཚོད་བསྒྲིགས་པ་མིན་ཀྱང་མ་བསྒྲིགས་རང་འགྲིག་གིས་རྒྱུད་སྨད་གྲྭ་ཚང་གི་ཆོས་ར་གསར་བཞེངས་ལེགས་གྲུབ་བྱུང་བ་དང་། རིང་མིན་ཉིན་ཤས་ནས་༸རྒྱལ་བ་དོན་གྱི་བདག་པོ་ཆིབས་བསྒྱུར་གྱིས་དཔལ་གསང་བ་འདུས་པའི་དབང་ཆེན་གནང་གི་ཡོད་པ། དགེ་ལྡན་བསྟན་བདག་རྣམ་པ་ལྷོ་ཕྱོགས་སུ་བཞུགས་གདན་འཇགས་ཏེ་དབུ་འབྱེད་དང་མཇུག་བསྡོམས་ལ་ཕེབས་ཐུབ་པ་བྱུང་བ། ལམ་རིམ་པ་ལྔའི་རྩོད་པའི་ཆོས་ཐོག་གི་ནང་ལོགས་ལ་དཔལ་ལྡན་བཀའ་བློན་ཁྲི་ཟུར་རིན་པོ་ཆེ་ཕེབས་ཏེ་རྗེ་རིན་པོ་ཆེའི་གསུང་བཟང་རྨད་དུ་བྱུང་བ་ལམ་གཙོ་རྣམ་གསུམ་གྱི་ཁྲིད་རྒྱ་ཆེར་གནང་བ་སོགས་རྟེན་འབྲེལ་གྱི་རྣམ་གཞག་མང་པོ་ཞིག་རང་འགྲིག་ཆགས་པ་འདི་ཚོ་དངུལ་ཡོད་པ་ཙམ་དང་། དབང་ཡོད་པ་ཙམ་གྱིས་ཡོང་ཐུབ་པ་ཞིག་མིན་པ་དང་། ད་རེས་སྐུའི་གྱ་སྟོན་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་ཡིན་པ་དང་དགེ་ལྡན་བསྟན་བདག་རྣམ་པ་ཚོའི་གསུང་གི་གནང་བ་དང་བྱིན་རླབས་ཡོད་ཙང་ཡོད་ཚད་འབད་མེད་ལྷུན་གྲུབ་ལྟ་བུར་ཆགས་སོང་བས་ཕྱོགས་ཐམས་ཅད་ནས་ཕུན་སུམ་ཚོགས་པོ་བྱུང་ཡོད་པ་དང་།
དབུ་འབྱེད་དང་མཇུག་བསྡོམས་གཉིས་ཀའི་སྐབས་སུ་དགེ་ལྡན་བསྟན་བདག་རྣམ་པ་དང་། དཔལ་ལྡན་བཀའ་བློན་ཁྲི་ཟུར་རིན་པོ་ཆེ། མཁན་རིན་པོ་ཆེ་རྣམ་པའི་མ་འོངས་རྒྱུན་མཐུད་དགོས་སྐོར་བཀའ་སློབ་ནན་ཏན་གནང་བ་གཞིར་བཟུང་མ་འོངས་པར་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ནས་ཐུགས་འགན་རྐང་བཞེས་ཀྱིས་རྒྱུན་མཐུད་གནང་རྒྱུའི་དམ་བཅའ་ཞིག་ཡིག་ཐོག་ནས་རིང་མིན་༸གོང་ས་མཆོག་ཕེབས་སྐབས་གསེར་སྙན་རིན་པོ་ཆེར་བསྒྲོན་འབུལ་ཞུ་ཐུབ་ན་ལེགས་པ་དང་།
དེ་བཞིན་མཛད་རིམ་འདིའི་ཐོག་མཐའ་བར་གསུམ་ཚང་མར་འབྲེལ་ཐོགས་པའི་རྒྱུ་སྦྱོར་བ་དང་། སྐུ་མགྲོན། ཚོགས་བཅར་བ། གྲྭ་ཚང་དང་སློབ་གྲྭ། ལས་དོན་བྱེད་མཁན་དང་། པར་པ་བཅས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་ཏེ་གྲོལ་བ་དང་གོ་སྒྲིག་ཚོགས་ཆུང་ནས་ཚང་མར་དགའ་སྤྲོའི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་དང་། གཞན་ཡང་། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། རིང་མིན་ལྷོ་ཕྱོགས་ཀྱི་གཞིས་ཆགས་སློབ་གྲྭ་ཁག་དང་། བར་ལྡིང་གཞོན་སྐྱེས་ཚོར་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་གདན་ཞུས་ཀྱིས་ཡ་རབས་བཟང་སྤྱོད་དང་། ནང་ཆོས་ཀྱི་གོ་རྟོགས་སྤེལ་བའི་མཛད་རིམ་ཞིག་ཀྱང་སྤེལ་འཆར་ཡོད་པ་རེད།
་་་་་་་་ དེ་ཡང་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཕྱིར་སྔགས་རིམ་ཆེན་མོའི་སྤྱི་དོན་དང་། རིམ་ལྔ་གསལ་སྒྲོན་གྱིས་མཐའ་དཔྱོད་བྱས་ཏེ་དཔེ་ཀློག་གནང་གལ་ཆེ་བ་དང་། ་་་་་་
་་་་་་་་་ མ་འོངས་པར་རིམ་ལྔ་གདན་རྫོགས་དང་། སྔགས་རིམ་ཆེན་མོ་སོགས་ལ་རྩོད་གཞུང་ཞིབ་ཕྲ་བཟོས་ཏེ། སྲོལ་རྒྱུན་གྱི་འགྲོ་སྟངས་ཙམ་མ་ཡིན་པར་སྣོན་པ་བརྒྱབ་སྟེ། ཐོས་བསམ་གྱི་སྟེང་ལ་མཚམས་ལ་བསྡད་དེ་སྔགས་བགྲང་བ་ཙམ་མ་ཡིན་པར་ཁྲིད་ཆེན་བརྒྱད་ལ་སོགས་པའི་རྫོགས་རིམ་བསྒོམ་དགོས་་་་་་་་་
་་་་་་་་ ད་རེས་ཡང་འདི་གར་མཁས་པ་མང་པོ་བསྡུ་བསྐོངས་ཐོག་རྟགས་གསལ་གཏོང་མཁན་དང་། དམ་བཅའ་འཇོག་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་གསུང་གི་དབུགས་དབྱུང་དང་འབྲེལ་སྐུ་གསུམ་ལམ་ཁྱེར་དང་། དཀྱིལ་འཁོར་བྲི་ཐིག ཆོ་ག་ཕྱག་ལེན། བདག་འཇུག་བཞེས་པ་སོགས་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་སློབ་པའི་གོ་རིམ་དང་། ཕྱིའི་མཐུན་རྐྱེན་འཛོམས་པའི་སྐབས་འདིར་སློབ་གཉེར་བ་ཚོའི་ནང་གི་མཐུན་རྐྱེན་ཚང་བ་བྱས་ཏེ། ཚང་མས་ཁུར་མཉམ་ལེན་ཐོག་སེམས་ཤུགས་མ་ཆག་པ་གནང་དགོས་སྐོར་དང་། ་་་་་་་་་་་་་་
གསང་སྔགས་ཟེར་བ་དེ་སྒོམ་དགོས་པ་ལས་རྩོད་དགོས་ཀྱི་མ་རེད། དགེ་ལུགས་པ་ཚང་གིས་ཅི་བྱེད་འདི་བྱེད་ཤེས་ཀྱི་མེད་པ་འདྲ། དགེ་ལུགས་པར་རྩོད་པའི་ཕོངས་ཀྱིས་མེད། ཉམས་ལེན་པས་ཕོངས་ཡོད་པ་རེད། དགེ་ལུགས་པར་གདམས་ངག་གི་ཕོངས་མེད། བྱིན་བརླབ་ཀྱིས་ཕོངས་ཡོད། དགེ་ལུགས་པའི་གདམས་ངག་ནི་བྱིན་བརླབས་མེད་པ་ཤིང་སྡོང་སྐམ་པོ་ལྟ་བུ་ཞིག་རེད། བྱིན་བརླབས་མེད་པ་བཟོ་མཁན་སུ་རེད་ཟེར་ན། དགེ་ལུགས་པའི་བླ་ཆེན་ཚོ་ཡིན་པ་ལས་གཞན་གང་ཡང་མིན། རྒྱུ་མཚན་ཇི་ལྟར་ཡིན་ཟེར་ན། དགེ་ལུགས་པའི་བླ་ཆེན་ཚོས་གཞན་ལ་དབང་སྐུར་ཤེས་པ་ལས་ཉམས་ལེན་བྱེད་ཤེས་ཀྱི་མེད། དེའི་སྐྱོན་གྱིས་བྱིན་བརླབས་མེད་པ་རེད། དགེ་ལུགས་པ་ཚོས་རྗེ་ཙོང་ཁ་བའི་རྣམ་ཐར་ཀློག་གི་ཡོད་དམ། དེ་ཡོད་ན་ཅི་ཕྱིར་ཉམས་ལེན་བྱེད་ཀྱི་བརྗེད་དེ་འགྲོ རྗེ་ཙོང་ཁ་བས་ཞབས་ཕྱག་སེར་ཁས་འགྲོ་བཞིན་ཕྱག་དང་མན་དལ་ཕུལ་ཡོད། དེང་དུས་ཀྱི་བླ་ཆེན་དུ་གྲགས་པ་ཚོས་ཕྱག་འབུམ་རེ་ཙམ་ཡང་འཚལ་ཨེ་ཡོད་ན་སྙམ་ཀི་ཡ། ཨ་ཙ་མ། འཁོར་བ་ཟེར་བ་འདི་འདྲ་རེད། ཇོ་བོ་རྗེ་དང་ཙོང་ཁ་བ་རྣམ་གཉིས་མི་མངོན་དབྱིངས་ན་ཉིན་མཚན་མེད་པར་བཤུམས་ཏེ་ཡོད་ལས་ཆེ། །
བསྐྱེད་རིམ་རྫོགས་རིམ་སོགས་བསྒོམ་རྒྱུ་ལས་རྩོད་རྒྱུ་མ་རེད། རྩོད་མཁན་དེ་ཚོའི་གྲལ་ལ་བདུན་ཕྲག་གཅིག་ལ་བསྐྱེད་རྫོགས་སྒོམ་མྱོང་མཁན་ཡོད་དམ། གསང་སྔགས་ཟབ་མོ་ཁ་ལ་ཁྱེར་ཏེ་ཉམས་ལེན་བོར་བ་ནི་དུས་སྙིགས་མའི་རང་རྟགས་མིན་ན་གང་ཡིན།
རང་གི་ཆོས་དེ་གྱིས། གཞན་ཆོས་ལ་བརྟེན་ནས། ཁ་སྡིག་མ་གསོག
xxxxདགེ་བཤེས་ཤིག་ཡིན་ན། ཇོ་བོ་བཀའ་གདམས་པའི་གསུང་གི་ཉིང་བཅུད་ཉམས་ལེན་མི་ཐུབ་ཀྱང་། དོན་ཤེས་དགོས་ཚོད་དུ་སྣང་ཡང་དེ་ལྟ་མ་ཡིན་པ་ནི་སྐྱོ་དགོས་པ་ཞིག་རེད། མི་འགྱང་བར་འདི་ལྟ་བུ་རྣམས་བཞག་སྟེ། མྱུར་དུ་བསྟན་པ་སྤེལ་བ་ནི་རང་རྒྱུད་ལ་བསྟན་པའི་རོ་བཅུད་སྐྱེས་ཤིང་འཕེལ་བར་བྱེད་པའི་ཚུལ་ཤེས་ནས་དེ་དོན་ཉམས་སུ་བསྟར་བ་མཁྱེན་པར་གནང་རྒྱུ།
བཀའ་གདམས་པའི་ལུགས་སྲོལ་ཏེ་ཕུལ་ཏུ་བྱུང་བའི་ལུགས་སྲོལ་ཞིག་རེད། ཇོ་བོ་རྗེ་ད་ལྟ་དངོས་སུ་བཞུགས་ཡོད་ན་ག་འདྲ་ཞིག་ཡིན་ནམ། བཀའ་གདམས་པའི་དགེ་བཤེས་ཚོས་སྔགས་ཉམས་སུ་ལེན་གྱི་ཡོད་པ་རེད། འོན་ཀྱང་ཐུན་མོང་སྣང་ངོར་དགེ་བཤེས་ཚོའི་ཕྱག་ན་རྡོར་དྲིལ་བཟུངས་ཡོད་པ་མི་གཅིག་གིས་ཀྱང་མཐོང་ཨེ་ཡོད་ན། དེ་ནི་བཀའ་གདམས་པའི་ཁྱད་ཆོས་ལགས། དེང་དུས་དགེ་ལུགས་པའི་བླ་མ་ལོ་གཞོན་ཚོས་ཕན་ཚུན་ལ་འགྲན་བསྡུར་ལྟ་བུས་གང་ས་གང་ནས་དུས་འཁོར་དབང་ཆེན་སྐུར་གྱི་ཡོད་པ་འདྲ། ཁོང་ཚོས་དབང་སྐུར་ཤེས་པ་ཙམ་ལས་སྦྱོར་དྲུག་གི་གྲངས་ཀ་ཙམ་ཡང་བགྲང་ཤེས་ཀྱི་མེད་ཚོད་རེད། རྒྱལ་བ་ཇོ་ནང་ཚང་གི་བླ་མ་ཚོས་དུས་འཁོར་དབང་ཆེན་སྐུར་ཤེས་ཀྱི་ཡོད་པ་མ་རེད། ཡིན་ཡང་ཁོང་ཚོས་སྦྱོར་དྲུག་ཉམས་ལེན་ཡག་པོ་བྱེད་ཀྱི་ཡོད་ཚོད་སྣང་། གལ་ཏེ་དུས་འཁོར་ཁྲོམ་བསྒྲགས་བྱེད་ན་ཇོ་ནང་ཚང་གིས་བྱེད་ན་འོས་ཤིང་འཚམས་པ་ཞིག་ལགས་སོ། །
མཁན་ཆེན་ཞི་བ་ཚོའི་འདུལ་བསྟན་གཙང་ཤོས་ཉར་མཁན་དགེ་ལྡན་པ་རེད་སྙམ་ཞིང། སློབ་དཔོན་ཀླུ་སྒྲུབ་རྗེས་འབྲངས་སམ། དཔལ་ན་ལེནཌའི་ལུང་རྟོགས་ཀྱི་བསྟན་པ་དངོས་སུ་འཛིན་མཁནས་མང་ཤོས་དེ་ཡང་དཔལ་ལྡན་དགེ་ལུགས་པ་ཡིན་པ་ལ་ཐེ་ཚོམས་སྤུ་ཙམ་མི་འདུག་གདའ། དེས་ན་ངས་ཁ་སྡིག་མ་གསོག་ཟེར་དགོས་དོན་ཡང་དེ་ཡིན་ནོ།།
ཀརྡོ་གསུངས་པ་བདེན་པ་འདྲ་བོ་རེད། མཁན་ཆེན་ཞི་བ་ཚོ་དང་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲངས་ལ་དགེ་ལུགས་ལས་ལྷག་ཅིག་ཨེ་ཡོད་མི་ཤེས། །
དེང་དུས་ང་ཚོ་ཚང་མ་བཤད་རྒྱུས་ཕོང་མེད་ཅིང་། ལྟ་སྒོམ་ཚང་མ་ཁ་བཤད་ཁོ་ནའི་ཐོག་ཏུ་ཤོར་བའི་དབང་གིས་བཤད་པ་དང་། ལག་ལེན་གཉིས་ཀྱི་བར་ལ་སྟོང་ཆ་ཆེན་པོ་ཆགས་ཏེ། ཆོས་དང་སྲིད་ཟུང་འབྲེལ་བྱས། ཆོས་དང་ཚན་རིག་མཉམ་བསྲེ་བྱས་ཏེ་ཆོས་པ་ཟེར་ན་སྲིད་དོན་པ་འདྲ་བོ། སྲིད་དོན་པ་ཟེར་ན་ཆོས་ཁྲིར་འགྱིངས་ཏེ་ཁ་ལག་མི་མཚུངས་པའི་བཀའ་ཆོས་ཆར་བཞིན་ཕབ་མཁན། ཚན་རིག་སྦྱངས་འབྲས་ལ་སྟོན་པ་བཅོམ་ལྡན་འདས་ལྟ་བུར་ཡང་མངོན་ཤེས་མེད་ཟེར་བ། ལས་འབྲས་དང་སངས་རྒྱས་ཀྱི་གོ་འཕང་མེད་པར་ཁས་ལེན་པའི་གྲྭ་གཟུགས་ཉིན་རེ་ནས་ཇེ་མང་དུ་འགྲོ་བ་བཅས་ནི་ཆོས་པ་ཚོས་ཉམས་ལེན་མ་བྱས་པའི་སྐྱོན་ལོས་ཡིན། དུས་རབས་འདིར་ཆོས་པའི་སྤུས་ཚད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བསམ་ན་ཆོས་པའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་པ་ནི་གདན་ས་ཁག་དང་བླ་ཆེན་ཚོའི་མདུན་ཏུ་ལྷགས་པའི་ཛ་དྲག་གི་གནས་སྟངས་སུ་གྱུར་འདུག་སྙམ། དེ་ཡང་གདན་ས་ཁག་གཙོ་བོར་མཛད་ནས་རྣལ་འབྱོར་སྒྲུབ་པའི་སྡེ་གོང་འཕེལ་གཏོང་མ་ཐུབ་ན་ཆོས་པ་ཁྲ་ཁྲ་ཚོ་ལ་ཁ་བཤད་མ་གཏོགས་འགྲོ་དོན་སྒྲུབ་པའི་ཉམས་རྟོགས་ནམ་མཁའི་མེ་ཏོག་གི་སྤུན་དུ་གྱུརད་ཏོ།།
གང་ལ་དཀྲུག་ཤིང་ཞིག་རྒྱག་ས་རག་ན་དེ་ལ་ཤ་རུལ་ལ་འབུ་བཞིན་དུ་འཚངས་ཡོང་བའི་དྲ་འབུ་ལས་ངན་རང་བྱུང་རིག་པའི་རྡོ་རྗེ་ཟེར་བ་དེ་ཡང་འདིར་སླེབས་བྱུང་། འདི་ནི་ཁོ་རང་ཚོའི་ལས་ངན་གྱི་རྒྱུ་གསོག་ཅིང་འབྲས་བུ་ལ་སྤྱོད་པའི་བྱེད་པ་དང་མྱོང་བ་རྒྱུ་མཐུན་པའི་རང་རྟགས་མངོན་དུ་གྱུར་པ་རེད། འདི་ནི་ངས་ལོ་ཤས་རིང་ལ་ཁ བརྡ་དྲ་བར་ལྟ་ཞིབ་བྱས་པའི་མཐོང་འབྲས་ཡིན།
དགེ་ལུགས་ཚང་ལ་རྩོད་ཆོས་ལས་སྒྲུབ་ཆོས་ལ་རྩིས་ཆེ་འཛིན་ནི་མ་རེད། ཁོང་ཚོའི་ཆོས་ཕྱོགས་ཀྱི་སློབ་གཉེར་ཡོངས་རྫོགས་ཕྱིའི་ལུགས་ཀྱི་སྐད་ཡིག་སློབ་གསོ་དང་ཁྱད་པར་ཡོད་ནི་མ་རེད། ལག་འཁྱེར་སོགས་ཨང་ཐོབ་ལ་གཙོ་གཉེར་ལས་ནང་སེམས་རྒྱུད་འདུ་ཐབ་ཀྱི་འཐོས་བསམ་ནི་ཕལ་ཆེར་ཡོད་ནི་མ་རེད། རང་ཉིད་ཀྱིས་ཉམས་ལེན་མེད་ཁར་མི་གཞན་ལ་ཆོས་ཀྱི་སློབ་གསོ་སྤྲོད་རྒྱུའི་བཤད་ཆོས་མཁན་ཡང་ཤིན་ཏུ་དཀོན་ནི་རེད།
྇སྤྱིར་བཏང་སྒྲོལ་མ་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་ཀྱང་། སྒྲོལ་མ་ཡིན་བྱ་རྒྱུད་ཀྱི་ལྷ་ཡིན་པས་ཁྱབ་པ་ག་ལ་ཡོད།
སྔགས་རྩོད་དགོས་དོན་དེ་གསང་སྔགས་ཤེས་པའི་ཕྱིར་དུ། རྩོད་བགྱིད་ཡོད་རེད། གསང་བ་ཕྱིར་བསྒྲགས་སམ། སྔགས་མཁས་འདོད་ཆེད་དུ་མ་རེད། སྒྲོལ་མ་བྱ་རྒྱུད་ལྷ་ཡིན་མིན་མི་ཤེས་པའི་རྨོངས་བསལ་ཕྱིར་དུ་རྩོད་དགོས་པ་ལྟར་རེད། དོན་དམ་པའི་སུས་བྱས་དང་། སུས་མི་སུས་ལབ་ཐུབ་བགྱིད་རེད། དེ་ལས་ཀུན་ལ་དག་སྣང་སྦྱངས་ན། ཁེ་སང་ཆེ་ཤོས་དེ་རེད།
སྐྱེ་རིམས་དང་རྫོགས་རིམས་སོགས་ཀྱི་མཚན་པའི་གསང་སྔགས་ཀྱི་དབང་དང་ལས་ཆོག། རྒྱུད་སྡེའི་ས་མཚམས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མངོན་བྱང་གི་ཉམས་རྟོགས་དང་གསང་སྔགས་ཀྱི་དབང་ལུང་ཙམ་ཡང་མེད་པར་ཁྲོམ་སྒྲགས་སམ་ཚོགས་ཡོངས་སུ་གླེང་བ་ནི་རྟགས་ཙམ་གྱི་གསང་སྔགས་ཀྱི་ཉམས་ལེན་མེད་པའི་མངོན་པ་རེད།
སྤོབས་རྒན་ལགས། ཁྱོད་ཀྱིས་ཁ་བརྡ་ནང་དུ་འཚོལ་དང་ངས་ཆོས་ལུགས་ཤིག་ལ་སྐུར་བ་བཏབས་པ་ཞིག་གཏན་ནས་མེད། ཁྱོད་དང་ཁྱོད་ལྟ་བུ་གྲུབ་མཐའི་ཆགས་སྡང་གིས་མྱོས་པའི་གང་ཟག་སྒེར་བ་རེ་གཉིས་ལ་ཚིག་ཟུར་རེ་འཕངས་ཡོད་ན་མ་གཏོགས་སྐྱེ་བུ་སུ་ཞིག་ལ་ངན་སྨས་དང་ཧམ་བཤད་བྱས་མྱོང་མེད། འདི་ནི་ངའི་ཁྱད་ཆོས་ཡིན། ཁྱོད་ལ་མཚོན་ན་ནམ་ཡང་རང་སྐྱོན་ངོས་འཛིན་བྱེད་ཐབས་བྲལ། །
ཧ་ཧ་་་ཧ་ཧ་་་་སྤྱི་ཚོགས་དང་དྲྭ་གནས་གང་སར་བུ་མེད་རྒན་མོ་འཕང་བཟུང་མ་ཞིག་གི་བྱ་སྤྱོད་ལས་ཀྱང་ཐབས་སྐྱོ་བའི་སྤྱོད་ཚུལ་འདི་དག་ཉམས་ལེན་དང་བྱིན་བརླབས་ཟེར་བ་དེ་ཚོ་ཡིན་པ་འདྲ།
སྲད་རྒྱུད་གྲྭ་ཚང་ཞེས་པའི་་་སྲད་རྒྱུད་་་ཅེས་པའི་གོ་དོན་གང་ཡིན་ནམ།
སྲད་ནི་ལུང་པའི་མིང་། ལུང་པའི་མིང་ལ་བརྟེན་ནས་དེ་ལྟར་ཐོགས་པ་རེད། །