རླངས་སྔགས་སྐལ་བཟང་རྡོ་རྗེ།
གཅིག གླེང་སློང་བའི་ཆིངས།
འཕགས་པ་སངས་རྒྱས་སྙིང་པོའི་མདོ་[1]ན། “ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་འཁོར་རྣམ་བཞི་རྣམས་ལ་སྟོན་ཅིག ཤོད་ཅིག ཡལ་བར་མི་དོར་བར་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ།། ཇི་ཙམ་དུ་ཕོངས་པར་གྱུར་པ་རྣམས་དང་། སྒྲིབ་པ་དང་ལྡན་པ་རྣམས་ལ་དེ་བཞིན་གཤེགས་པའི་གསུང་བསྐྱང་ཞིང་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ།།” ཞེས་གསུངས་ཡོད། ཡིན་ནའང་། སྐྱེ་བོ་འགའ་རེས་དེའི་དོན་ཡང་དག་པར་བློ་ངོར་མ་ངེས་པའི་དབང་གིས།
རང་ཉིད་འཚར་ལོངས་བྱུང་ས་དང་སློབ་གཉེར་བྱ་སའི་ཁོར་ཡུག་ན་མདོ་སྔགས་ཀྱི་བསྟན་པ་ཉམས་བཞེས་གནང་མཁན་སྟོན་པའི་འཁོར་རྣམ་བཞིའི་ནང་གསེས་དགེ་བསྙེན་ཁྱིམ་སྔགས་པ་མེད་པ་དག་གིས་སྔགས་པ་ཞེས་མིང་གོ་མ་ཐག་གཤིས་འཇགས་ཀྱི་རྣམ་རྟོག་ཞིག་དང་འབྲེལ་བའི་ངོས་འཛིན་ཡན་གར་བ་ཞིག་བྱེད་ཀྱིན་ཡོད། དེ་དག་གིས། སྔགས་པ་ནི་ངན་སྔགས་སྒྲུབ་མཁན། མི་ལ་གནོད་འཚེ་གཏོང་མཁན། མཐུ་གཏད་འདྲེ་འདུལ་བྱེད་མཁན་ཞིག་ལས་ནང་པའི་ཆོས་སྒོར་ཚུད་པའི་སྡོམ་ལྡན་པ་ཞིག་ཏུ་མཇལ་ཐུབ་ཀྱི་མེད། ཡུལ་རེ་འགའ་ན་སྔགས་པ་ཚོ་འདོན་རྟ་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ། བཅའ་བཅོས་ཕྱག་བཞེས་དང་སྨན་རྩིས་སོགས་ཆོ་ག་ཙམ་གྱིས་སྔགས་པའི་བརྟུལ་ཞུགས་ལ་རློམ་པའི་ཆེ་བ་ཅན་དུ་བརྩི་རྐྱེན། སྔགས་པ་ནི་གྲོང་ཆོག་དང་སེར་སྲུང་། གཏོ་བཅོས་ཀྱི་ཆེད་ལས་པ་ཞིག་ཏུ་ངོས་འཛིན་པ་ལས་མདོ་སྔགས་ཟུང་འཇུག་གི་ལམ་ལ་སྤྱོད་པའི་བསླབ་པ་གསུམ་ལྡན་ཅན་ཞིག་ཏུ་དེ་བས་ངོ་འཕྲོད་ཀྱི་མེད། ཁ་ཤས་ཤིག་གིས་སྔགས་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་ཁེ་ཕན་ལེན་མཁན། སྲུང་བྱ་དང་བསླབ་སྡོམ་མེད་པའི་ཕུང་གསུམ་པ་ཞིག་ཏུ་བརྩི་བར་མ་ཟད། འདུལ་ཁྲིམས་ལ་གཏོར་བརླག་བྱེད་མཁན་ཞིག་ཏུ་ཡང་མཐོང་གིན་ཡོད། ཡང་། ཁ་ཅིག་གིས་སྔགས་པ་ནི་བོད་ནས་དར་བ་ལས་རྒྱ་གར་ལ་བྱུང་མེད་པར་འདོད་ཀྱིན་ཡོད་པ་སོགས་ལས་འཕྲོས་ཏེ་རང་སྣང་གང་དྲན་དང་བྱུང་རྒྱལ་དུ་སྨྲ་བ་མང་པོ་ཡོང་གིན་ཡོད། རྒྱུ་མཚན་འདི་འདྲར་བརྟེན། ངེད་ནས་རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་ཚད་མ་རྣམས་སུ་སྔགས་པ་ཞེས་པ་ཇི་ལྟ་བུ་ཞིག་ཏུ་གསུངས་ཡོད་པ་དང་། དེའི་ཆོས་ཚུལ་སོགས་ཀྱི་སྐོར་བསྡུས་པའི་ལུགས་སུ་བྱས་ནས་གླེང་བར་འཇུག་གོ། ། དེ་ཡང་ཇི་ལྟར་ན། རྣམ་སྣང་མདོ་སྡེ་དབང་པོ་ལས[2]། “སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །”ཅེས་པ་ལྟར། ཁོ་བོས་བླ་མ་བཀའ་དྲིན་ཅན་དག་གི་མདུན་ནས་མདོ་རྒྱུད་ལ་ཐོས་བསམ་ཅུང་ཙམ་བྱས་པ་དེ་ཉིད་ཆུད་ཟོས་སུ་མི་འགྲོ་བར་རང་རྒྱུད་ལ་གོམས་པའི་ཆེད་དང། དེ་དག་གིས་འཆད་པའི་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་ཡིན་མིན་སྙམ་པའི་འོལ་ཚོད་བློ་ཡི་སོམ་ཉིའི་དྲྭ་བ་རྩད་བས་བཅད། ལམ་དེ་ལ་འཇུག་པར་ཡིད་གཉིས་དོགས་པ་དང་ཐེ་ཚོམ་གྱིས་བཏང་བའི་སྤོབས་པ་སྔོན་དུ་བཏང་སྟེ། མ་སྐུལ་དྭང་ལེན་ངང་རྒྱུད་ལུང་གཙོ་བོར་བྱས་ཏེ་དགེ་བསྙེན་ཁྱིམ་སྔགས་པའི་བྱུང་བ་ཞིག་འབྲི་བར་འདོད། གང་འབྲི་བར་བྱ་བའི་ཆོས་འདིའི་ཆེ་བའི་ཡོན་ཏན་གང་བརྗོད་པ་ཐམས་ཅད་ཆོས་དབང་བཙན་དུ་བྱས་པ་ལས་གང་ཟག་དབང་བཙན་དུ་བྱས་པ་མ་ཡིན་པས། བདག་རང་ལ་ཀུན་ནས་ཚང་བའི་འདུ་ཤེས་ལྡན་པའི་ངང་བྲིས་པ་མིན་པ་འདི་ལུགས་ཀུན་གྱིས་ཐུགས་ཀློང་དུ་མངའ་བ་ཞུ། སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལས་རང་ངོས་ནས་སྤྱོད་པའི་སོ་མཚམས་གང་ངེས་པ་དེ་སྐྱོང་བར་བསམ་པའི་ཀུན་སློང་གཙོར་བཟུང་པ་ཡིན། སྤྱིར་རང་ས་ནས་ལྟ་བ་གདེངས་བརྙེད་དེ་མངོན་དུ་གྱུར་པ། སྒོམ་པའི་མྱོང་བ་ཉམས་སུ་ཐོན་ཏེ་བྱང་ཆུབ་པ་མེད་པས་འོག་གི་རྗོད་བྱེད་ཀྱི་ཆ་ནས་གབ་པ་མ་གྲོལ་བ་དང་། འཐོར་བ་མ་བསྡུས་པ། ཚིག་ལ་སྐྱོན་ཤོར་བ། སྦྱོར་བ་གསལ་ཁ་མ་ཐོན་པ། བརྗོད་བྱ་གནད་དུ་མ་འཁེལ་བ། ཚིག་གིས་དོན་མ་ཐེག་པ། དཔྱད་པའི་འགྲེལ་འཁྱོག་པ་སོགས་ཅི་ཡང་ཡོད་སྲིད་པས་ཐོག་མ་ནས་ཀུན་ལ་བཟོད་པར་གསོལ་ཞེས་ཀྱང་ཞུ་བར་འདོད།
གཉིས། སྔགས་པའི་མཚན་དོན།
དེ་ཡང་སྔགས་པ་ཞེས་པའི་ཐ་སྙད་དང་འདི་ཇི་ལྟར་བྱུང་བའི་རིམ་པ་རྒྱ་གཞུང་ལ་གཞི་བཅོལ་ཏེ་ལུང་གཙོ་བོར་བཞག་ནས་ཅུང་ཙམ་གླེང་བ་ལ་གང་ངེས་པར་བྱ་བའི་ཕྱིར། ཐོག་མར་མདོ་སྔགས་ཀྱི་བསྟན་པ་འདིའི་བྱེད་པོ་བདག་ཅག་གི་སྟོན་པ་གོའུ་ཏ་མས་འགྲོ་བའི་དབང་པོ་དང་མོས་པ། བསམ་པ་དང་ཁམས་སད་རྟོགས་ཀྱི་གོ་རིམ་དང་བསྟུན་ནས་ཆོས་ཀྱི་གནས་ཚུལ་གཅིག་ལ་སྣང་ཚུལ་མ་འདྲ་བ་གསུམ་གསུངས་པ་ལ་ཆོས་འཁོར་གསུམ་ཞེས་ཡོངས་སུ་གྲགས།
ཇི་ལྟར་ན། གཟུངས་དབང་རྒྱལ་པོས་ཞུས་པའི་མདོ་ལས[3]། “རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་ཞེན་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ།། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོམ་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ།། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་བའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ།།” ཞེས་གསུངས་པས་ཆོས་འཁོར་གསུམ་ལ་གཏམ་གསུམ་གྱིས་སྟོན་པར་མཛད། སློབ་དཔོན་ཀླུ་སྒྲུབ་ཀྱིས། “དང་པོ་བདག་སྟོན་པའི་འཁོར་ལོ། །བར་དུ་བདག་མེད་སྟོན་པའི་འཁོར་ལོ། ཐ་མ་ལྟ་བ་ཀུན་བཟློག་པའི་འཁོར་ལོ” ཞེས་ཀྱང་གསུངས་ཡོད་པས། ཁོང་གི་སློབ་རྒྱུན་དག་གིས་ཀྱང་དེ་བཞིན་དུ་བཞེད།
ཆོས་འཁོར་དེ་གསུམ་མཐར་ལུང་རྟོགས་གཉིས་ཀྱི་ཚུལ་དུ་རིགས་ཅན་གསུམ་གྱིས་རང་ངོས་ནས་ལམ་བགྲོད་པའི་ཆ་ལག་ཡོངས་སུ་རྫོགས་པའི་བྱང་གྲོལ་གྱི་ལམ་ཟབ་མོའི་སྲོལ་འདི་དར། འདི་ཡང་བསྟན་པ་སྤྱི་མཚན་ལ་ཁྱབ་བརྡལ་དུ་གསུངས། །གསང་སྔགས་ནི་དུས་དང་གནས། འཁོར་ལ་སོགས་པ་ངེས་པ་མེད་པས་ཐུན་མོང་མ་ཡིན་པས། རེ་འགར་ཡོད་པ་དང་རེ་འགའ་ལ་མེད་པའི་རང་བཞིན་དུ་གྲུབ་པས་གང་ཟག་སྒོས་མཚན་དུ་གོ་དགོས། གང་ཟག་ཐུན་མོང་མ་ཡིན་པ་ཞིག་གི་ཁམས་དང་དབང་པོ་མོས་པའི་ངོར་སྟོན་པས་གསུངས་པ་གང་ཞིག་ཁྱབ་བརྡལ་དུ་མ་གྱུར་པས་ཐུན་མོང་གི་སྣང་ངོར་ཆོས་འཁོར་གསུམ་ལྟར་ཡོངས་གྲགས་སུ་དར་ཞིང་མ་སྤེལ་མོད། སྤྱིར་སྟོན་པས་གསུངས་ལ། ཞལ་ནས་གསུངས་པའི་བཀའ། རྗེས་སུ་གནང་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ་གསུམ་ཡོད་པ་ལས་མཐའ་མ་གཉིས་ཀྱི་ཁོངས་སུ་འདུ། འོན་ཀྱང་བཞེད་ཚུལ་ལ། སློབ་དཔོན་བི་མ་ལས[4]། “མངོན་པའི་སྡེ་སྣོད་ལ་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པར་བཞེད། རྫོགས་པ་ཆེན་པོ་དུང་ཡིག་ལས། ”སྡེ་སྣོད་རིན་པོ་ཆེ་ལས་མངོན་པ་སྟེ། ཞེས་དང་། དེ་ཁོ་ན་ཉིད་བསྡུས་བའི་རྒྱུད་[5]ལས་ཀྱང་། “མདོ་སྡེ་འདི་ནི་ལེགས་བཤད་པས། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། ཐེག་པ་ཆེན་པོ་མངོན་པར་བསྡུས།” དེ་ལྟར་གསུངས། སློབ་དཔོན་ཤཱནྟི་པས[6]”ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་ན་མདོ་སྡེར་བཞེད།”ཅེས་དང་། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུའི་འགྲེལ་བ[7]་ལས། “ཏནྟྲ་བཅོ་བརྒྱད་ལ། སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད།” ཅེས་གསུངས། རྣམ་འཇོམས་ལས[8]་ཀྱང་། “མདོ་སྡེ་འདི་ནི་ཉན་བྱེད་ན།” ཞེས་དང་། དཔུང་བཟང་གི་རྒྱུད་[9]ལས། “རང་སྔགས་མདོ་སྡེའི་རྗེས་འབྲངས་དད་བསྐྱེད་ན། །མ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ། །”ཞེས་མདོ་སྡེའི་ལུགས་སུ་བཤད་མོད། ཡང་དཔུང་བཟང་[10]ལས། “འབུམ་ཕྲག་ལྔ་དང་བྱེ་བ་ཕྲགགསུམ་དག རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། ཞེས་རིག་འཛིན་སྡེ་སྣོད་བཞི་བར་ཡང་གསུངས་ཡོད་པ་དང་། གཞན་ཨཱརྱ་དེ་ཝ་དང་། ཤཱརྡྷ་ཀ་རས[11]། “དེ་ལ་གསང་སྔགས་ཀྱི་ཐེག་པ་ནི་སྡེ་སྣོད་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བར་གྲགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ།།” ཞེས་དང་། སངས་རྒྱས་གསང་བས[12]། “སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །”ཞེས་ཀྱང་གསུངས།། ཡང་། ཀུན་བྱེད་[13]ལས་ཀྱང་དེ་ལྟར། “དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་བ་ཉི་ཁྲི་ཆིག་སྟོང་གསུངས། །”ཞེས་རིག་འཛིན་སྡེ་སྣོད་བཞི་བར་བཤད།
གང་ལྟར་མདོ་ཡི་ལྟ་བ་དང་ཡ་བྲལ་བའི་གསང་སྔགས་ཀྱི་ལྟ་བ་ཞིག་མེད་པས་ན། གསང་སྔགས་མདོ་ཡི་ལུགས་སུ་འདོད་པ་ཡང་ཡོད། དཔེར་ན་དགོས་པ་ནི་འདི་ལྟར། ཤེས་རབ་ཕ་རོལ་ཕྱིན་པ་ལས། “ལྷག་པའི་ལྟ་ཞིག་ཡོད་གྱུར་ན། །ལྟ་དེ་སྤྲོས་བ་པ་ཅན་དུ་གྱུར་ཅེས་གསལ་བར་མངོན་ཀྱང་། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ།” ཞེས་ཐེག་ཆེན་མདོ་སྔགས་ཟུང་འཇུག་གི་ལམ་ལ་དབང་དུ་བསྒྱུར་བའི་སྐྱེས་ཆེན་དག་གིས་རྒྱ་བོད་གཉིས་ན་ཐུན་མོང་དུ་བརྩི། འདི་ལྟར་འགལ་མེད་དུ་འཛིན་པའི་དབང་དུ་བྱས་ཏེ། ཧེ་རུ་ཀ་གལ་པོ་ལས[14]། “མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིེད་སངས་རྒྱས་ཉིད་དུ་འགྲུབ།”ཅེས་པ་བཞིན། འབྲས་བུ་ལམ་བྱེད་གཙོ་བོར་བསྡོམ་པས་ན། དགོངས་པ་ལུང་བསྟན་ལས[15]། “སངས་རྒྱས་འཇུག་པ་རབ་བསྒོམ་ན། །སངས་རྒྱས་མཆོག་དང་འདྲ་བར་འགྱུར།།” ཞེས་པའི་འབྲས་བུ་ཐེག་པ་ནི། ཚུལ་གསུམ་སྒྲོན་མེ་ལས[16]། “བདེན་པའི་དེ་ཉིད་ཚུལ་དོན་གང་། །ཕ་རོལ་ཕྱིན་ཚུལ་དོན་གང་ཡིན། །གསང་སྔགས་ཆེན་པོའི་ཚུལ་དོན་ཡང་། །བསྡུས་ནི་འདིར་ནི་བཤད་པ་ཡིན།།” ཞེས་མདོ་སྔགས་ཡ་མ་བྲལ་པའི་ལྟ་བ་ངེས་བཟུང་པའོ། ཡིན་ནའང་། མཚན་བརྗོད་ལས[17]། “བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོ་ཚུལ་གྱི་མཆོག།” ཅེས་ཐེག་ཆེན་ལམ་གྱི་མཆོག་དང་ཕུལ་ཡིན་པར་གསུངས། དེ་སྤྱི་མཐུན་དུ་མ་གསུངས་པ་ཡང། འདི་ལྟར། ཀུན་འདུས་རིག་པའི་མདོ་ལས[18]། “འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པའི་བླང་དོར་མེད་སྦྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལངས་བའི། །ངེས་པའི་ཐེག་ཆེན་ཡོངས་མ་གསུངས།” ཞེས་པ་ལྟར། ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་ན། རིན་ཆེན་འཕྲེང་བ[19]་ལས་ཀྱང་། “སོ་སོའི་སྐྱེ་བོ་ལ་གསང་བ། །གང་ཡིན་དེ་ནི་ཟབ་པའི་ཆོས།།”ཞེས་གསུངས། གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་[20]ལས། “ཤེབ་རབ་དམ་པའི་ཆེད་དུ་ཡང་། །མདོ་སྡེ་འདི་ནི་ལེགས་པར་བཤད། །སངས་རྒྱས་སྔ་མས་མ་གསུངས་པའོ།།” ལ་སོགས་པ་མང་པས་གོ་ནུས།
འོ་ན་རིགས་ཅན་གསུམ་ཐེག་པ་གསུམ་གྱི་ལམ་ནས་གོ་འཕང་བརྙེས་པ་དག་ཤེས་རབ་དམན་པ་སོ་སྐྱེས་བ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་སྲིད་ཀྱང་དེ་ནི་མི་དགོས་སོ།། དགོངས་པ་ལུང་བསྟན[21]་ལས། “བྱ་བ་ཉན་ཐོས་ཐེག་པའོ། །དེ་ཉིད་རྐྱེན་གྱི་ཐེག་པ་སྟེ། །ཚིག་དེ་བསྟེན་པར་མཛད་པ་འདི། །གང་ཞིག་རྡོ་རྗེ་ཐེག་པར་གནས།།” གསུངས་པ་ལྟར་རྐྱེན་གྱི་ཐེག་པའི་ལམ་ལ་བསྟེན་པ་གང་ཞིག་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་གནས་པར་འགྱུར་ཞེས་ཤིན་ཏུ་གསལ། རྒྱུད་རྡོ་རྗེ་རྩེ་མོ་ལས[22]། “སེམས་ཙམ་ལས་ནི་རྟོགས་པའི་ཕྱིར། །དེ་ནི་རྣལ་འབྱོར་བསྒྲུབ་པ་ཡིན།།” ཞེས་ཐེག་ཆེན་སེམས་ཙམ་པའི་ལྟ་བའི་དབང་དུ་བྱས་ནས་བདེ་སྟོང་རྒྱུད་ལ་སྦྱོར་བའི་ལུགས་འདོད་པས་ཀྱང་གསང་བ་རྣལ་འབྱོར་གྱི་ལམ་བསྒྲུབ་པར་འགྱུར་པར་ངེས་སོ་ཞེེས་བསྟན། ཡང་དགོངས་བ་ལུང་བསྟན་[23]ལས། “ཕ་རོལ་ཕྱིན་པ་སྔགས་ཀྱི་ཚུལ། །རྡོ་རྗེ་ཞེས་བྱའི་ཏིང་འཛིན་ལ། །” ཞེས་དང་། ཡང་དེ་ཉིད་ལས་། “སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱིས། །བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། །” ཞེས་གསུངས་པས་བདེ་བླགས་ངང་རྟོགས་ཐུབ།
དེ་ཙམ་དུ་མ་ཟད་དཔུང་བཟང་གི་རྒྱུད་[24]ལས། “ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བརྟེན་པར་བྱ། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་། །” ཞེས་འཕགས་ལམ་ཡན་ལག་བརྒྱད་བསྒོམ་པས་ཀྱང་གསང་སྔགས་གྲུབ་པའི་ལམ་མཆོག་ཏུ་འགྱུར་པར་བཤད། དེ་བས་ན་མདོ་སྔགས་ལ་ཁྱད་པར་མེད་པས་གསང་བ་ཇི་ལྟར་འགྱུར་སྙམ་ན། རྒྱུད་རྡོ་རྗེ་དཔལ་མཆོག་[25]ལས། “དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་ལས། །དབང་བོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕཊ། །”ཞེས་གསུངས་ཡོད་པས། ལྟ་བའི་ངོས་ནས་གཏན་ལ་དབབ་བྱའི་ཡུལ་ཆོས་ཀྱི་དབྱིངས་དོན་གཅིག་ན་ཡང་ཡུལ་ཅན་ཡིད་དཔྱོད་ཀྱི་ཤེས་བ་ལས་ཡེ་ཤེས་དབྱིངས་དཔྱད་ཀྱི་སྣང་པ་གཙོར་ཆེ་བས་ལྟ་བ། སྒོམ་པ་ཐབས་ཀྱི་ཁྱད་པར་བསྐྱེད་རྫོགས་ལ་བརྟེན་ནས་སྣང་བ་རྒྱལ་བའི་སྐུ་གསུང་ཐུགས་སུ་ད་ལྟ་ནས་སྒྲུབ་རུང་བ། ཉོན་མོངས་ལས་གྲོལ་བར་བྱེད་པ་ཡང་གཉེན་པོ་བསྟེན་ཏེ་འགོག་པ་དང་། སྤོང་བ། སྦྱངས་པ་ལས། ཐབས་ཀྱིས་ལམ་དུ་བསྒྱུར་བ། ཤེས་རབ་ཀྱིས་དེའི་རང་བཞིན་ཤེས་པ་སོགས་ལམ་གྱི་ཐབས་མང་བ། སྤྱོད་པའི་ཁྱད་པར་འདོད་ཡོན་ཐར་བའི་གྲོགས་སུ་ཁྱེར་བའི་ཞེན་མེད་རིག་པའི་བརྟུལ་ཞུགས་སྐྱོང་བའི་དཀའ་བ་མེད་པ། དབང་པོའི་ཁྱད་པར་དང་པོ་ནས་དབང་བཞིས་རྒྱུད་སྨིན་པར་བྱས་ཏེ་གྲོལ་བྱེད་ཀྱི་གདམས་པ་རང་གནས་གཉུག་མའི་ཡེ་ཤེས་ཆིག་རྫོགས་སུ་བསྩལ་ཏེ་མྱོང་བ་རྒྱུད་ལ་ཐེབས་པའི་མན་ངག་ལ་དབང་ཐོབ་པའི་དབང་པོ་རྣོན་པོའི་ཡུལ་ཅན་ཡིན་པ་སོགས་ཀྱིས་ཁྱད་པར་བཞི་ཡིས་འཕགས་སོ།།
གསུམ། སྔགས་པའི་བྱུང་རིམ།
དེ་ལྟ་བུའི་གསང་སྔགས་ཐེག་པ་འདི་ཉིད་ཉམས་སུ་ལེན་པའི་སྣོད་ལྡན་ནི་དབང་པོ་འདོད་ཡོན་གྱིས་མ་གདུང་བ། སེམས་པ་རྣམ་རྟོག་གིས་མ་གདུང་བ། སྤྱོད་པ་དཀའ་ཐུབ་ཀྱིས་མ་གདུང་བ་ཞིག་ལ་དགོངས་པས་གདུལ་བྱ་ཐོག་མ་ནི་རྒྱལ་བོ་ཨིནྟྲ་བྷུ་ཏི་ཡིན་པར་བཞེད། རྒྱལ་པོ་ཨིནྟྲ་བྷུ་ཏི་གསུམ་བྱོན་པ་ལས་ཐོག་མ་ཡིན་པར་གྲགས། རྟོགས་གྲོལ་དུས་མཉམ་ཨིནྟྲ་བྷུ་ཏི་ཞེས་བཀའ་ཐུབ་སྡུག་ཡུས་ཀྱིས་མ་གདུང་པར་ཤུགས་ཀྱིས་བསྟན། ཡང་ནའང་གསང་སྔགས་ཀྱི་བསྟན་པ་དར་རྒྱས་སུ་འཕེལ་པ་ནི་རྒྱལ་བོ་ཛཱ་ནས་འགོ་བཙུགས། དེ་ནི་ཨིནྟྲ་བྷུ་ཏི་བར་མ་ཡིན་པ་མདོ་རྒྱུད་དང་ཆོས་འབྱུང་། ལོ་རྒྱུས་རྣམ་ཐར་ཀུན་ན་ཤིན་ཏུ་གསལ། དེ་ཡང་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུའི་འགྲེལ་བ་[26]ལས། “སྔོན་སངས་རྒྱས་མི་ཡུལ་ལ་ལོ་བརྒྱད་བཅུ་བཞུགས་པའི་ཚེ་ན། སརྦ་བུ་དྡྷ་ཡོ་ག་དང་། གུཧྱ་མཉྩ་ལ་སོགས་པས་འདུལ་ཞིང་ཐེག་པ་དེ་དག་གི་སྣོད་དུ་གྱུར་པའི་སྐལ་ལྡན་ཆེར་མེད་པས།” ཞེས་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་[27]ལས། “ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག། །འཛམ་གླིང་ཤར་གྱི་ཕྱོགས་འཚམས་ཀྱི། །རྒྱལ་བོ་ཛ་ཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བས། །གསང་བའི་བདག་པོས་སྣང་པར་འགྱུར། །”ཞེས་ལུང་བསྟན།
སྤྱིར་རྒྱ་གར་ལ་རྒྱལ་བོ་ཨིནྟྲ་བྷུ་ཏི་གསུམ་བྱོན་པའི་བར་མ་དེ་ཡིན་པར་གྲགས་པ་ཁོང་དང་འབྲེལ་བའི་དུས་ཀྱི་རྒྱ་གར་ཡུལ་དབུས་ཀྱི་སློབ་དཔོན་ཨཱ་ཙཱརྱ་ཀུ་ཀུ་ར་དང་གཞན་ཡང་ཡོད། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུའི་འགྲེལ་བ་[28]ལས། “སླད་ཀྱི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཟ་ཧོར་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་བའི་ཆོས་ལ་དད་པ་དག་ཅིག་འདུག་པ་དེའི་འདུལ་སྐལ་དུ་བྱུང་ཅིང་སྣོད་གྱུར་ནས། སརྦ་བུ་དྡྷ་ས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་(ཏནྟྲ་ཆེན་པོ་བཅོ་བརྒྱད)་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས་ཟ་ཧོར་ཡུལ་དུ་གཤེགས་པ་ན། ཟ་ཧོར་རྒྱལ་བོ་ཨིནྟྲ་བྷུ་ཏིས་མདོ་སྡེ་རྣམས་བལྟས་ནས་བརྡ་མ་འཕྲོད་པས་ཡུལ་དབུས་སུ་ཨཱཙཱ་རྱ་ཀུ་ཀུ་ར། བདག་གི་གདུལ་སྐལ་དུ་ཕོ་ཉ་དང་གླེགས་བམ་བཏང་སྟེ་སློན་དཔོན་གཤེགས་སུ་གསོལ་ཡང། ཨཱ་ཙཱ་རྱ་ཀུ་ཀུ་རས་གླེགས་བམ་དག་གཟིགས་ཀྱང་དོན་ཇི་ལྟར་མ་གོ་བས་ཡིད་གདུང་བའི་སྨྲེ་མངགས་འདོན་པའི་ཚེ་ན། དཔལ་རྡོ་རྗེ་སེམས་དཔའི་ཞལ་མཐོང་བའི་མོད་ལ། ས་རྦ་བུ་དྡྷ་ས་མ་ཡོ་གའི་གླེགས་བམ་དག་གི་དོན་ཁུང་དུ་ཆུད་དེ་ཟ་ཧོར་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་བཅས་ལ་དྷརྨཱ་བཤད་དེ། རྒྱལ་པོ་འཁོར་དང་བཅས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་སྒོམ་དུ་བསྩལ་པས། རྒྱལ་པོས་མདོ་སྡེ་དོན་བདེ་བླགས་ངང་་ཤེས་ཏེ་གྲོལ། རྒྱལ་བོ་ཛཱ་རང་ཉིད་ཀྱིས་མཛད་པའི་སྒྱུ་འཕྲུལ་རྣམ་བཀོད་[29]ལས། “ཤར་ཕྱོགས་ཨིནྟྲ་བྷུ་ཏི་ལུང་བ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྟྲ་བྷུ་ཏི་ངས་། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །” ཅེས་གསུངས་པས་ཀྱང་གསལ། གསང་ཆེན་ལམ་གྱི་རིམ་པའི་འཇུག་སྒ྄ོའི་ཐབས་གཙིགས་སུ་ཆེ་བས་ན། འཕགས་པ་ཐབས་ཞགས་ཀྱི་རྒྱུད་[30]ལས། “ལམ་གྱི་ནང་ན་ཉེ་ལམ་བདེ་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། །བསྒྲུབ་ན་ཚེ་འདིས་སངས་རྒྱས་ཆེ་བ་ཡང་། །བླང་དོར་མེད་པའི་སྐུ་གསུམ་རྡོ་རྗེ་འཐོབ། །སོགས་གསུངས་པའི་སྔགས་ཀྱི་ཆེ་བ་ཤིན་ཏུ་མང་། །”ཞེས་གསུངས། དེ་ལྟ་བུའི་སྔགས་ཀྱི་མཚན་ཉིད་ནི། རྒྱུད་རྡོ་རྗེ་རྩེ་མོ་[31]ལས། “སྔགས་རྣམས་ཀྱི་མཚན་ཉིད་ནི། །བདེ་བར་གཤེགས་པའི་ཐུགས་ཉིད་དོ།།” ཞེས་དང་། གསང་སྙིང་ལས། “དུག་གསུམ་གཏིང་འབྱིན་ཕྱིར་ན་སྔགས། །“ཞེས་པའོ། ། གཞན་ཡང་འཕགས་པ་ཞི་བའི་བློ་གྲོས་ཀྱིས་དྲིས་པ་[32]ལས། “དཔེར་ན་སྐྱེས་སྟོབས་ཆུང་པས་ཡུན་རིང་དུ་བགྲོད་པ། ཆེ་བས་མྱུར་དུ་འགྲོ་བར་བྱེད་དོ།། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་རིགས་ཀྱི་བུ་དག་བསྐལ་བ་རབ་འབྱམས་དག་གིས་འདའ་བའི་ས་དེ་དག །རིགས་སྔགས་འཆང་བ་རབ་ཏུ་བརྟུལ་བས་འཇུག་པས་ཀྱང་ཚེ་འདི་ཉིད་ལ་འཐོབ་པ་ནི་མཐུ་མི་མཉམ་པ་ལ་བརྟེན་པ་ཡིན་པའི་ཕྱིར།” ཞེས་གསུངས་སོ། ། གཞན་ཡང་ཚུལ་གསུམ་སྒྲོན་མེ[33]་ལས། “དེ་ཉིད་ལ་ནི་འཇུག་པའི་ཕྱིར། །བདེན་པ་བཞི་ནི་རྣམ་བསྒོམ་ལ། །རྡོ་རྗེ་སེམས་སོགས་བསྒོམ་པ་ཡི། །རྣལ་འབྱོར་བ་ལ་འགལ་བ་མེད།།” ཅེས་ཚིག་གབ་པ་མེད་པར་གསལ་བར་གསུངས་ཡོད་པས་ན། དེ་ལྟ་བུའི་གསང་སྔགས་ཟབ་མོའི་ཆོས་འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ལ་སྔགས་པ། སྔགས་དོན་ཇི་བཞིན་རྒྱུད་ལ་འབྱོར་བ་ན་རྣལ་འབྱོར་དང་། རིག་པ་འཛིན་པ། རིགས་སྔགས་འཆང་པ། རྡོ་རྗེ་འཛིན་པ། སོགས་ཞེས་རྒྱ་བོད་གཉིས་ལ་ཡོངས་སུ་གྲགས།
གསང་སྔགས་ལ་འཇུག་པ[34]་ལས། ‘སྔགས་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟུལ་བ་ཅན་གྱི་རྣལ་འབྱོར་པ་ཡིན་གྱི་གསང་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱིས་ནི་མ་ཡིན་ནོ།།”ཅེས་ཀྱང་གསུངས། རྟེན་རབ་བྱུང་ཡིན་ན་སྔགས་བཙུན་དང་། རྟེན་དགེ་བསྙེན་ཡིན་ན་ཁྱིམ་སྔགས་ཞེས་པའི་མིང་ཐོབ། སྤྱིར་དམ་པའི་ཆོས་སྒྲུབ་པའི་རྟེན་ལ་རབ་བྱུང་མཆོག་ཏུ་བསྔགས། མདོ་སྡེའི་རྒྱན་[35]ལས་ཀྱང༌། “རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས།།” ཞེས་གསལ་པར་གསུངས་པས་ན་ཕྱོགས་ལྷུང་གིས་སྒྲུབ་ག་ལ་དགོས། སྤྱིར་སྔགས་པ་རབ་བྱུང་དང་ཁྱིམ་སྔགས་གཉིས་ལ་རྩ་བའི་སྲུང་བྱའི་དམ་ཚིག་ལ་མང་ཉུང་དང་། ཉམས་སུ་ལེན་བྱའི་ཆོས་ལ་བཟང་ངན། ལམ་ལ་མྱུར་དལ་སོགས་ཀྱི་ཁྱད་པར་མེད་པར་ཕྱི་སྡེ་སྣོད་གསུམ་དང་ནང་བསླབ་པ་གསུམ། གསང་བ་སྒོ་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་སྒྲུབ་པས་འབྲས་བུ་ལམ་དུ་བྱེད་པ་ཡང་གཅིག་གྱུར་ཡིན།
བཞི། སྔགས་ཆས་བཤད་པ།
དེ་ཡང་ཚོགས་འཁོར་ཡིད་བཞིན་ནོར་བུ་[36]ལས། “གསང་སྔགས་ཐེག་པའི་ཆོ་ག་འདིར། །སློབ་དཔོན་རྣམ་པ་གསུམ་ཡིན་ལ། །ཁྱིམ་པ་དགེ་ཚུལ་དགེ་སློང་སྟེ། །ཐ་མ་འབྲིང་དང་མཆོག་ཡིན་ནོ། །” ཞེས་པ་ལྟར་རོ།། དཔལ་བདེ་མཆོག་འབྱུང་རྒྱུད[37]་ལས་ཀྱང་འདི་ལྟར། “ཁྱིམ་པ་དང་ནི་དགེ་ཚུལ་ལམ། །དེ་བཞིན་དགེ་སློང་སློབ་དཔོན་ཏེ། །སློན་དཔོན་ཁ་ཅིག་འཇིག་རྟེན་པ། །ཁ་ཅིག་ཡོན་ཏན་ལྡན་པའམ། །བསྟན་ལ་གནས་པའི་དགེ་སློང་མ། །དེ་གཞིན་མངོན་ཤེས་ཐོབ་པ་རུང་། །” ཞེས་ཀྱང་གསུངས་པས། ཁྱད་པར་ནི་རྟེན་དང་ཁ་དོག་ཁོ་ན་ལས་དབྱེའོ།། རབ་བྱུང་ཡིན་ན་དགེ་ཚུལ་དང་དགེ་སློང་། ཁ་དོག་ངུར་སྨྲིག་དང་སྔོན་པོ་བཙག། ཁྱིམ་སྔགས་ཡིན་ན་དགེ་བསྙེན་ཡིན་དགོས། དགེ་བསྙེན་རིགས་བཞི་ལས་ཚངས་སྤྱོད་ཡིན་ཀྱང་ངུར་སྨྲིག་གི་གོས་མི་གོན་པ་རྒྱ་གར་པའི་གསང་སྔགས་པ་རྣམས་ཀྱི་རྟགས་ཐུན་མོང་མ་ཡིན་པ་ཡིན།
དེ་ཡང་དཔུང་བཟང་གིས་ཞུས་པའི་རྒྱུད[38]་ལས། “རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །” ཞེས་པ་ལྟར་ཁྱིམ་སྔགས་རྣམས་ཀྱིས་རབ་བྱུང་གི་རྟགས་ངུར་སྨྲིག་གི་གོས་གོན་པ་དང་ལས་གྱི་ཆོ་ག་སོགས་མི་རུང་པར་གསུངས། དགེ་བསྙེན་ཁྱིམ་སྔགས་པའི་རྟགས་ནི། མ་བཅོས་གསུམ་དང་ལྡན་པ། སྐྲ་མ་བཅོས་རལ་བ་ལྕང་ལོ། གོས་མ་བཅོས་གོས་དཀར་གཙང་མ། སེམས་མ་བཅོས་གཉུག་མ་ལྷན་སྐྱེས་ཟེར་བ་ཡིན་དགོས། ”ཁ་དོག་ནི་སྔགས་པ་ཁྱིམ་པའི་ལྷའི་བརྟུལ་ཞུགས་འཛིན་པས་དཀར་པོ་འབའ་ཞིག་བགོ་བར་བྱའོ།། གཞན་ཡང་གོས་ནི་ཁྲ་བོའམ། ཡང་ན་དཀར་པོ་ནི་བརྟུལ་ཞུགས་ལ་དབང་བའི་ཁྱད་པར་ཀྱིས་སོ།” ཞེས་གསུངས། གཞན་ཡང་ལེགས་གྲུབ་ཀྱི་རྒྱུད[39]་ལས། “སྔགས་བཟློས་ཁྱིམ་པ་མཁས་པ་ཡི། །ཁ་དོག་བསྒྱུར་པའི་གོས་མི་བགོ །” ཞེས་དང་། ཡང་དེ་ཉིད་ལས། “ཉལ་དང་ཁྲུས་བྱེད་མ་ཡིན་པར། །སྔགས་པས་མཐིང་གོས་མི་སྤང་ཞིང་། །དཀར་ལ་ཤིན་ཏུ་འཇམ་པོ་དེ། །ཉིན་རེ་བཞིན་དུ་བཀྲུ་བར་བྱ།།” ལ་སོགས་ཤིན་ཏུ་ནན་གྱིས་གསུངས་པ་མང་བས། སྔགས་པ་ཁྱིམ་པས་གོས་དམར་པོ་དང་ངུར་སྨྲིག སེར་པོ་སོགས་སློབ་དཔོན་གྱིས་དབང་ཆོག་གི་ལྟ་གོན་དང་སྦྱིན་སྲེག་སྐབས་རེ་ཟུང་མ་གཏོགས་གོན་ན་སྔགས་འདུལ་བའི་ལུགས་དང་འགལ་ལོ། ། བསྟན་འགྱུར་གྱི་དེ་ཉིད་མཐོང་བའི་ལམ[40]་ལས། “ཁྱིམ་པའི་རྟགས་གཙུག་ཕུད་དང་གོས་དཀར་པོ། རབ་བྱུང་གི་རྟགས་སྐྲ་དང་ཁ་སྤུ་བྲེགས་ནས་ངུར་སྨྲིག་གོན་པའོ་ཞེས་སོགས་ཧ་ཅང་སྤྲོས་ཆོག་མོད། རེ་ཞིག་དེ་ཙམ་མོ།། སྔགས་པ་ནི་རང་སྣང་གང་དྲན་ལ་མཐོ་སྙེགས་བྱེད་མཁན། གཞན་གྱིས་མྱི་ཁ་ལ་འཛེམས་ཟོན་བྱེད་མཁན། ཐོ་ཅོའི་སྤྱོད་པ་ལ་བརྟུལ་ཞུགས་སུ་རློམ་མཁན་པ་ཞིག་གིས་མི་ཡོང་བར་ལྟ་སྤྱོད་ཀྱི་སྡོམ་ངེས་དགོས།
༼ལུང་སྦྱོར་དཔེ་ཁུངས།༽
1] འཕགས་པ་སངས་རྒྱས་སྙིང་པོ་གཟུངས་ཀྱི་མདོ། བཀའ་འགྱུར། པོད་(༡༠༦-འ) ཤོག་གྲངས་(༧༣-ས) ༼རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ། ལོ་ཙྪ་བ་བནྟེ་ཡེ་ཤེས་སྡེས་བསྒྱུར།
[2] རྣམ་སྣང་མདོ་སྡེ་དབང་པོ། བཀའ་འགྱུར་རྒྱུད་འབུམ། པོད་གྲངས་(༩༣-ཐ) ཤོག་གྲངས་༡༥༢-༤། ༼རྒྱ་གར་གྱི་མཁན་པོ་ཤཱི་ལེན་ཏྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་ཏེ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར།
[3] གཟུངས་དབང་རྒྱལ་བོས་ཞུས་པའི་མདོ། བཀའ་འགྱུར། པོད་(༥༢-པ) ཤོག་གྲངས་༡༦༥-༡།༼རྒྱ་གར་གྱི་མཁན་པོ་ཤཱི་ལེན་ཏྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་ཏེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་གཏན་ལ་ཕབ།
[4] རྫོགས་པ་ཆེན་པོ་དུང་ཡིག སྔ་འགྱུར་བཀའ་མ། པོད་གྲངས་(༤༤) ཤོག་གྲངས་༥༩༩-༡། བི་མ་ལའི་གསུངས།
[5] དེ་ཁོ་ན་ཉིད་བསྡུས་པའི་མདོ། རྒྱུད་འབུམ། པོད་གྲངས་(༩༡-ཉ) ཤོག་གྲངས་(༥༡-༧) པཎྜི་ཏ་ཤྲངྡྷཱ་ཀཱ་ར་ཝརྨྨ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར་བར་གྲགས་ཤིང་རྒྱུད་དཔེ་རྙིང་འགྱུར་མི་འདྲ་བ་གསུམ་ཡོད།
[6] སློབ་དཔོན་ཤཱནྟི་པ། བཀའ་འགྱུར་དཀར་ཆག པོད་གྲངས་(༡༠༣-༨༢)།
[7] ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ། བསྟན་འགྱུར། པོད་གྲངས་(༦༨-ཇུ) ཤོག་གྲངས་(༥༤༥-༣) ༼རྒྱ་གར་གྱི་མཁན་པོ་ཛྙཱ་ན་མི་ཏྲས་མཛད། ལོ་ཙྪ་པའི་མཚན་མི་འདུག
[8] རྡོ་རྗེ་རྣམ་འཇོམས། རྒྱུད་འབུམ། པོད་གྲངས་(༡༠༡-) ཤོག་གྲངས (༦༦-༡) ༼རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ། ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར།
[9] དཔུང་བཟང་གི་རྒྱུད། རྒྱུད་འབུམ། པོད་གྲངས་(༡༠༡-ཚ) ལེའུ་༡༠། ཤོག་གྲངས་(༢༡༤-༡༣) ༼བསྒྱུར་མཚན་མི་འདུག
[10] དཔུང་བཟང་། པོད་(༡༠༡-ཚ) ཤོག་གྲངས་(༢༡༣-༡༠)
[11] ཨརྱ་དེ་ཝ་དང་། ཤཱརྡྷ་ཀ་རས། བཀའ་འགྱུར། པོད་གྲངས་(༡༠༣) ཤོག་གྲངས་(༨༢) དཀར་ཆག
[12]སངས་རྒྱས་གསང་བ། བཀའ་འགྱུར། པོད་གྲངས་(༡༠༣) ཤོག་གྲངས་(༨༢) དཀར་ཆག
[13] ཀུན་བྱེད། རྒྱུད་འབུམ། པོད་གྲངས་༡༠༢-ཛ) ཤོག་གྲངས་(༡༥-༦) ༼རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་དང། ལོ་ཙྪ་བ་བེེ་རོ་ཙ་ནས་བསྒྱུར།
[14] ཧེ་རུ་ཀ་གལ་བོ། རྒྱུད་འབུམ། ལེའུ་༢༣་བཞུགས། པོད(༣༦-གི) ཤོག་་གྲངས(༢༢༥-ཉ) ༼རྒྱ་གར་མཁན་པོ་པདྨ་སམབྷ་ཝ་དང་། ལོ་ཙྪ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར།
[15] དགོངས་པ་ལུང་བསྟན། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༢༩༢-༡༡)༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་དྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར།
[16] ཚུལ་གསུམ་སྒྲོན་མེ། བསྟན་འགྱུར། བོད་(༧༨-) ཤོག་གྲངས་(༥༡-༧) ༼མཐོ་བཙུན་ཏྲི་བི་ཏྲ་ཀ་མ་ལའི་གསུངས། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ལོཙྪ་བ་རིན་ཆེན་བཟང་པོས་བསྒྱུར།
[17] འཇམ་དཔལ་མཚན་བརྗོད། རྒྱུད་འབུམ། པོད་(༨༤-ཀ) ཤོག་གྲངས་(༡) ༼སྔོན་གྱི་ལོ་ཙྪ་བ་ཆེན་པོ་དག་གིས་བསྒྱུར་བར་གྲགས་མོད། འོན་ཀྱང་སྒྲ་འགྱུར་གྱི་ལོ་ཙྪ་བ་བློ་གྲོས་བརྟན་པས་བསམ་གཏན་གླིང་གི་དབེན་གནས་སུ་བསྒྱུར།
[18] ཀུན་འདུས་རིག་པའི་མདོ། ལེའི་༧༥་ཡོད། རྒྱུད་འབུམ། པོད(༡༠༢-ཛ) ཤོག་གྲངས་(༨༤-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་བྷོ་དྷི་དང་། རིང་ལུགས་ཆེན་པོ་དཱ་ན་རཀྵི་ར་ད། ལོ་ཙྪ་ན་ཆེས་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་ཞུས་ཏེ་བསྒྱུར།
[19] རྒྱུད་རིན་ཆེན་ཕྲེང་བ། རྙིང་མ་རྒྱུད་འབུམ། ༼བདག་གི་ཟིན་བྲིས་ལྟར་བཙལ་ཡང་མ་བརྙེད་པས་སྤྱན་འབུལ་ཞུ་ཐབས་བྲལ།
[20] རྡོ་རྗེ་སྙིང་པོ་རྒྱན། རྒྱུད་འབུམ། པོད(༩༣-ཐ) ཤོག་གྲངས་(༧༩-ས) ༼ རྒྱུད་འདི་ལོ་ཙྪ་བ་དཔལ་ལྡན་ཆོས་རྗེ་ཡིས་བསྒྱུར་མ་རྫོགས་པས། ལོ་ཙྪ་བ་བློ་གྲོས་བརྟན་པས་ཡོངས་སུ་རྫོགས་པའོ།
[21] དགོངས་བ་ལུང་བསྟན། ལེའུ་༡༢་བཞུགས། རྒྱུས་འབུམ། པོད(༨༨-ཅ) ཤོག་གྲངས་(༢༨༣-) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། ཕྱིས་སུ་ཐང་ཆེན་པོ་རྒྱང་མཚན་རིང་མོས་ཞུས་དག་བགྱིས།
[22] རྒྱུད་རྡོ་རྗེ་རྩེ་མོ། ལེའི་༤བཞུགས། རྒྱུད་འབུམ། པོད་(༩༡-ཉ) ཤོག་གྲངས་(༢༡༦-ཉ) ༼རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཚེན་པོ་ཀརྨ་བཛྲ་དང་། ལོཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར།
[23] དགོངས་པ་ལུང་བསྟན། ལེའི་༡༢་བཞུགས། རྒྱུད་འབུམ། པོད(༨༨-ཅ) ལེའུ་༩ ཤོག་གྲངས་(༢༨༣-ཉ) ཡང་དེ་ལས་སྔགས་ཀྱི་སྤྱོད་དོན་སོགས (༢༧༠-ས) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར།
[24] དཔུང་བཟང་གི་རྒྱུད། ལེའུ་༡༡་བཞུགས། རྒྱུད་འབུམ། པོད (༡༠༡-ཚ) ཤོག་གྲངས་(༢༠༩-ས) ༼བསྒྱུར་མཚན་མི་འདུག
[25] རྒྱུད་རྡོ་རྗེ་དཔལ་མཆོག ལེའུ་༧༧་བཞུགས། རྒྱུད་འབུམ། པོད་(༨༩-ཆ) ཤོག་གྲངས་(-) ༼རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། ལོ་ཙྪ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར། ཡང་སྨྲི་རི་ཛྙཱ་ན་ཀིརྟིས་རང་འགྱུར་ཞིག་ཀྱང་ཡོད་པར་སྣང་།
[26] ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུའི་འགྲེལ་བ། བསྟན་འགྱུར། པོད་(༦༨-ཇུ) ཤོག་གྲངས་(༥༤༥-ཉ) ༼རྒྱ་གར་གྱི་མཁན་པོ་ཛྙཱ་ན་མི་ཏྲས་མཛད།
[27] བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ། ལེའུ་༧༥་བཞུགས། རྒྱུད་འབུམ། པོད་(༡༠༢-ཛ) ཤོག་གྲངས་(༡༩༨-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་པ་ཆེན་པོ་དཱ་ན་རཀྵི་ཏ། ལོ་ཙྪ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བསྒྱུར།
[28] ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུའི་འགྲེལ་བ། བསྟན་འགྱུར། པོད་(༦༨-ཇུ) ཤོག་གྲངས་(༥༤༥-ཉ) ༼རྒྱ་གར་གྱི་མཁན་པོ་ཛྙཱ་ན་མི་ཏྲས་མཛད།
[29] སྒྱུ་འཕྲུལ་རྣམ་བཀོད། བདུད་འཇོམས་ཆོས་འབྱུང་ལས། པོད་(༡-ཀ) ཤོག་གྲངས་(༨༡-ཉ) ༼རྒྱུད་འདིའི་མ་དཔེ་བཙལ་ཏེ་ཞུ་བའི་སྐལ་བ་ད་རུང་མ་བྱུང་།
[30] འཕགས་པ་ཐབས་ཀྱི་ཞགས་པའི་རྒྱུད། ལེའུ ༤༠་བཞུགས། རྒྱུད་འབུམ། པོད་(༡༠༣-ཝ) ཤོག་གྲངས་(༢༩༥-ཉ) ༼བསྒྱུར་མཚན་མི་འདུག
[31] རྒྱུད་རྡོ་རྗེ་རྩེ་མོ། ལེའུ་༤་བཞུགས། རྒྱུད་འབུམ། པོད་(༩༡-ཉ) ཤོག་གྲངས་(༡༧༥-ཉ) ༼རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲ་དང་། ལོ་ཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར།
[32] འཕགས་པ་ཞི་བའི་བློ་གྲོས་ཀྱིས་དྲིས་པ། གསང་སྔགས་འཇུག་པས་ཞུས། ལེའུ པོད་(༧༨-ཙུ) ཤོག་གྲངས་(༣༩༤-ས)
[33] ཚུལ་གསུམ་སྒྲོན་མེ། བདག་གི་དཔེ་ཀློག་ཟིན་བྲིས་ནང་མཚན་བྱང་འདི་བྲིས་འདུག འོན་ཀྱང་བཙལ་དུས་བརྙེད་མ་སོང་པས་ར་འཕྲོད་གསལ་པོ་བྱ་ཐབས་བྲལ།
[34] གསང་སྔགས་ལ་འཇུག་པ། བསྟན་འགྱུར། པོད་(༧༨-ཙུ) ཤོག་གྲངས་(༣༩༤-ས) ༼རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཨཱ་ཀར་དང་། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་པས་བསྒྱུར།
[35] མདོ་སྡེ་རྒྱན། བྱམས་ཆོས་སྡེ་ལྔའི་ནང་གསེས། བསྟན་འགྱུར། ལེའུ ༢༡བཞུགས། པོད་(༡༢༣-ཕི) ཤོག་གྲངས་(༧༡-ས) ༼རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང་། ལོ་ཙྪ་བ་བནྟེ་དཔལ་བརྩེགས་ཀྱིས་བསྒྱུར། སླད་ཀྱི་པཎྜི་ཏ་པ་ར་ཧི་ཏ་དང་། བྲམ་ཟེ་ཆེན་པོ་སད་ཛན་དང་། ལོ་ཙྪ་བ་དགེ་སློང་ཤེས་རབ་ཀྱིས་ཅུང་ཛད་ལེགས་པར་བཅོསོ།
[36] ཚོགས་འཁོར་ཡིད་བཞིན་ནོར་བུ། ལེའུ བསྟན་འགྱུར། པོད་(༥༣-ཟི) ཤོག་གྲངས་(༤༩༨-ས) ༼པནྟི་ཏ་རཏྣ་རཀྵི་ཏས་མཛད། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙྪ་ན་དགེ་སློང་རྡོ་རྗེ་འཛིན་པ་གྲུབ་པ་དཔལ་བཟང་པོས་བསྒྱུར།
[37] དཔལ་བདེ་མཆོག་སྡོམ་འབྱུང་གི་རྒྱུད། ལེའུ་ རྒྱུད་འབུམ། པོད་(༨༦-ག) ཤོག་གྲངས་(༡༥༥-ཉ) ༼རྒྱ་གར་གྱི་མཁན་པོ་གཞན་ཕན་མཐའ་ཡས་དང་། ལོ་ཙྪ་བ་རྒྱུས་བནྡེ་སྨོན་ལམ་གྲགས་ཀྱིས་བསྒྱུར། སླར་ཡང་པནྟི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་རྒྱ་དཔེ་ལ་གཏུགས་ནས་ལོ་ཙྪ་བ་གཞོན་ནུ་དཔལ་གྱིས་ཀྱང་ཞུས།
[38] དཔུང་བཟང་གི་རྒྱུད། ལེའུ་༡༡་བཞུགས། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༡༩༤-ས) ༼བསྒྱུར་མཚན་མི་འདུག
[39] ལེགས་གྲུབ་ཀྱི་རྒྱུད། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༥༤-ས) ཡང་དེ་ཉིད་ལས་(༢༧༤-)ཉ ༼བསྒྱུར་མཚན་མི་འདུག
[40] དེ་ཉིད་མཐོང་པའི་ལམ། བསྟན་འགྱུར། པོད་(༧༨-ཙུ) ཤོག་གྲངས་(༢༤༡-ཉ) ༼རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱན་བཛྲ་དང། ལོ་ཙྪ་བ་རྙོག་བུདྡྷ་པཱ་ལས་བསྒྱུར།
་་་་་་་་་ གསང་སྔགས་ལ་འཇུག་པ[34]་ལས། ‘སྔགས་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟུལ་བ་ཅན་གྱི་རྣལ་འབྱོར་པ་ཡིན་གྱི་གསང་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱིས་ནི་མ་ཡིན་ནོ།།”ཅེས་ཀྱང་གསུངས། རྟེན་རབ་བྱུང་ཡིན་ན་སྔགས་བཙུན་དང་། རྟེན་དགེ་བསྙེན་ཡིན་ན་ཁྱིམ་སྔགས་ཞེས་པའི་མིང་ཐོབ། ་་་་་་་་་
་་་་་་་་ ཁྱིམ་སྔགས་ཡིན་ན་དགེ་བསྙེན་ཡིན་དགོས། དགེ་བསྙེན་རིགས་བཞི་ལས་ཚངས་སྤྱོད་ཡིན་ཀྱང་ངུར་སྨྲིག་གི་གོས་མི་གོན་པ་རྒྱ་གར་པའི་གསང་སྔགས་པ་རྣམས་ཀྱི་རྟགས་ཐུན་མོང་མ་ཡིན་པ་ཡིན། ་་་་་་་་
་
འདི་ལ་འཇམ་དབྱངས་མཁྱེན་བརྩེ་སྤྲུལ་སྐུས་ལན་ཅི་འདེབས་སམ། ལགས།
་་་་་་་་ཁྱིམ་སྔགས་རྣམས་ཀྱིས་རབ་བྱུང་གི་རྟགས་ངུར་སྨྲིག་གི་གོས་གོན་པ་དང་ལས་གྱི་ཆོ་ག་སོགས་མི་རུང་པར་གསུངས། དགེ་བསྙེན་ཁྱིམ་སྔགས་པའི་རྟགས་ནི། མ་བཅོས་གསུམ་དང་ལྡན་པ། སྐྲ་མ་བཅོས་རལ་བ་ལྕང་ལོ། གོས་མ་བཅོས་གོས་དཀར་གཙང་མ། སེམས་མ་བཅོས་གཉུག་མ་ལྷན་སྐྱེས་ཟེར་བ་ཡིན་དགོས། ”ཁ་དོག་ནི་སྔགས་པ་ཁྱིམ་པའི་ལྷའི་བརྟུལ་ཞུགས་འཛིན་པས་དཀར་པོ་འབའ་ཞིག་བགོ་བར་བྱའོ།། ་་་་་་་་་
་་་་་་་་་ སྔགས་པ་ཁྱིམ་པས་གོས་དམར་པོ་དང་ངུར་སྨྲིག སེར་པོ་སོགས་སློབ་དཔོན་གྱིས་དབང་ཆོག་གི་ལྟ་གོན་དང་སྦྱིན་སྲེག་སྐབས་རེ་ཟུང་མ་གཏོགས་གོན་ན་སྔགས་འདུལ་བའི་ལུགས་དང་འགལ་ལོ། ། ་་་་་་་་
རླངས་སྔགས་སྐལ་བཟང་རྡོ་རྗེས་ཕྱོགས་བསྒྲིགས་གནང་བའི་གསུང་འདི་སེམས་ལ་ཤིནད་ཏུ་ཕན་པ་ཅིག་བྱུང་བས་བཀའ་དྲིན་ཆེའོ།།
སྔ་འགྱུར་སྙིང་མའི་ལུགས་ལ་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་ཡོད་དམ། ཡོད་ན་སྲོལ་དེ་གཏོད་པ་པོ་སུ་ཡིན་ནམ་ལགས།
སྔ་འགྱུར་སྙིང་མའི་ལུགས་ཡིན་ན། མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་ཡིནཔས་ཁྱབ་དགོས། སྲོལ་དེ་གཏོད་པ་པོ་ཞི་འཚོ་ཡབ་སྲས་ཏེ། ཡབ་ཞི་བ་འཚོ། སྲས་ཀ་མ་ལ་ཤི་ལ་སྟེ། པདྨའི་ངང་ཚུལ། དེའི་སྟེང་སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་ལ་སོགས་པའི་རྗེ་འབངས་ཉེར་ལྔ་ལ་སོགས་པའོ།།