རླངས་སྔགས་སྐལ་བཟང་རྡོ་རྗེ།
ལྔ། སྔགས་པའི་འདུལ་བ།
དེ་བས་ན་གསང་སྔགས་ལམ་གྱི་སྒོ་རུ་ཞུགས་པའི་སྔགས་པའི་འདུལ་བ་ནི། རྡོ་རྗེ་རྩེ་མོ་[41]ལས། ”རབ་ཏུ་བྱུང་དང་ཁྱིམ་པ་ཡི། །ཕྱོགས་གཉིས་པོ་འདིས་བསྒྲུབ་པར་བྱ།”ཞེས་དང་། ཡང་དེ་ལས། “ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་པ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །” ཞེས་ཕྱི་སོ་ཐར་གྱི་སྡོམ་པ་དང་། ནང་བྱང་སེམས་ཀྱི་བསླབ་པ། གསང་བ་ཡེ་ཤེས་ཀྱི་དམ་ཚིག་གསུམ་པོ་རང་ས་ནས་ཐུན་མོང་དུ་སྲུང་རྒྱུ་ལས་སྒྲུབ་པོའི་རྟེན་གཉིས་ལ་ཁྱད་པར་མེད།
ཡང་། ལེགས་གྲུབ་ཀྱི་རྒྱུད་[42]ལས། “སྒྲུབ་པས་གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་ལ། །གསང་སྔགས་རང་བཟོ་མི་བྱ་ཞིང་། །རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་དང་། །སྤྱོད་པ་ངན་པར་གྱུར་ན་ཡང་། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་གནན་དང་བཅིང་བ་དང་། །བཅད་པ་དང་ནི་ཚར་བཅད་དང་། །དྲག་སྤྱོད་དེ་དང་མི་བྱའོ། །གཞན་གྱི་རྗེས་སུ་མ་གནང་པར། གསང་སྔགས་གཟུང་བར་མི་བྱའོ། །བསྙེན་བཀུར་མ་བྱས་པ་ལ་ཡང་། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང་། །ཆོ་ག་ཕྱག་རྒྱ་ཞིབ་མོ་དང་། །རྒྱུད་དང་དཀྱིལ་འཁོར་བཤད་པ་དང་། །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང་། །དེ་བཞིན་སེམས་ཅན་འདྲ་བ་དང་། །ཕྱག་རྒྱ་སྣ་ཚོགས་འདྲ་བ་དང་། བཟའ་བར་མི་བྱ་འགོང་མི་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དམན་རྣམས་སྨད་པར་མི་བྱ་སྟེ། དེ་ནས་ཡང་། །ཐེག་པ་ཆེན་པོ་པ་དག་དང་། །ཤེས་རབ་ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ནི་མི་དབྱུང་ངོ་། །སྔགས་ཀྱི་སྒྲུབ་པ་པོ་དག་དང་། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་བ་ཆུང་ངུ་དག་ལ་ཡང་། ཁྲོས་ནས་དྲག་ཤུལ་སྤྱོད་མི་བྱ། །ཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་བར་བྱ་ཕྱིར་འཕྲེང་བ་དང་། །ཁ་དོག་བཅང་བར་མི་བྱའོ། །འགོང་བ་དང་ནི་མཆོང་བ་དང་། །རྒྱུགས་པ་དང་ནི་ཙབ་ཧྲལ་དང་། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤངས་བར་བྱ། །བདེན་པའི་ཆོས་ལ་གནས་པ་ཡིས། །ལོག་པར་ལྟུང་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བ་དང་། །དོན་མེད་གཏམ་ཡང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང་། །རྩོད་པ་དག་ཀྱང་མི་བྱའོ། །” ཞེས་དང་། “ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལ་བལྟ་མི་བྱ། །བུད་མེད་ཀུན་ལ་འཇོལ་ཉོག་ཏུ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །” ཞེས་དང་། ཡང་དེ་ཉིད་[43]ལས། “རང་གི་སྔགས་སམ་གཞན་གྱི་སྔགས། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་ལ་དགོས་པ་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །” ཞེས་དང་། “ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ། །མ་ཡེངས་པར་ཡང་འགྲོ་བར་བྱ། །སྡོམ་པ་དག་ནི་བཟུང་བར་བྱ། །ནན་ཏན་དུ་ནི་དམ་ཚིག་བསྲུང་། །སྒྲུབ་པ་པོ་ཡི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་དུ་ཡང་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་ག་སྤྱད་པ་དེ་དང་དེ། །ཇི་འདོད་པར་ནི་ཅི་ནུས་བྱ། །”ཞེས་དང་། ཡང་དེ་ལས། ”ཡང་དག་ལྟ་ལ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་ལ། དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་བཟུང་བར་བྱ། །” ཞེས་དང་། “ཟབ་མོའི་ཆོས་ནི་བཤད་པ་དག །ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི །མཐུ་ལ་རབ་ཏུ་དགའ་བར་བྱ། །” ཞེས་དང་། དེ་བཞིན་དུ། “རིག་སྔགས་མཆོག་དང་རང་སྡོམ་དང་། །རིགས་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ནི་ནན་གྱིས་གནས། །རིག་སྔགས་འདུལ་བ་རིམ་པར་ཕྱེ་བའོ། །” ལ་སོགས་ཞིབ་རྒྱས་སུ་བཀོད་ན་དེ་ལས་ཀྱང་ཧ་ཅང་མང་། གང་ལྟར་སྔགས་ཀྱི་འདུལ་བ་ཤེས་ནས་ཚུལ་བཞིན་རྒྱུད་ལ་བསྟེན་ཏེ་སྲུང་བ་ནི་སྔགས་སྡོམ་ཡིན། འདི་ལྟ་བུའི་གསང་སྔགས་ཟབ་མོ་སྤྱོད་པའི་ཡན་ལག་ཙམ་ལ་ཡང་ངེས་པ་མ་རྙེད་པར། ང་ཚོས་རང་འགར་གསང་སྔགས་རང་གཤིས་གྱོང་པོའི་བག་ཆགས་ལ་ཚུར་བཀབ་སྟེ་འདོད་ཡོན་ལམ་ཁྱེར་སྔགས་ཀྱི་མཚན་ཉིད་ཞེས། དེར་བསྙད་བཏགས་ཏེ་བློ་སྣ་ཅུང་ཙམ་ཡང་ལྟ་སྒོམ་གྱིས་མ་བསྒྱུར་པར་སྣང་བ་ཐ་མལ་ཁོ་ནའི་དབང་དུ་བྱས་ནས་ཉམས་སུ་བླངས་ན་ཕན་པ་ལས་ཉེས་བ་ཆེ་བས་གཟབ་དགོས།
དེ་ཡང་ཅི་ལྟར་ན། “སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད།” ཞེས་པ་ལྟར། དེ་ཕྱིར་སྔགས་འདུལ་བའི་ལུགས་ལྟར་རྒྱུད་དོན་འཆད་ཉན། ལྷའི་མཚན་ཉིད་དང་གོ་དོན། དཀྱིལ་འཁོར་དང་ཆོ་ག། ཟློས་བརྗོད་སྐབས་གང་ཡིན་རུང་། ལུས་ངག་ཡིད་གསུམ་རྒྱུད་ཀྱི་དགོངས་དོན་ལ་འཇུག་པ་ཚུལ་བཞིན་དུ་སྡོམ་ལུགས་ཤེས་ནས་ཉམས་སུ་བླངས་ན་གསང་སྔགས་སྒྲུབ་པ་པོའི་མཚན་ཉིད་ཚང་བ་ཡིན་པས་སྔགས་སྤྱོད་སྐྱེ་བོའི་གྲལ་དུ་འཚུད་ཅིང་། དེ་མིན་ང་ཚོ་སྔགས་ལ་མོས་པ་པོ་ལས་སྔགས་པ་མཚན་ཉིད་པ་ཡིན་པར་འཇོག་མི་ནུས། བྱ་རྒྱུད་ནས་རྣལ་འབྱོར་བླ་མེད་བར་དུ་སྔགས་སྡོམ་ནི་མེད་དུ་མི་རུང་པ་ཡིན།
དཔུང་བཟང་གི་རྒྱུད་[44]ལས། “སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཡིན།།” ཞེས་པ་ལྟར། དེ་མེད་པར་དབང་བཞིའི་སྣོད་དུ་ཡང་མི་རུང་། སྨིན་བྱེད་དབང་གི་སྣོད་དུ་མ་གྱུར་ཚེ་གྲོལ་བྱེད་ཁྲིད་ཀྱི་གདམས་པ་བསྐྱེད་རྫོགས་ལམ་དུ་སྒོམ་པའི་སྐལ་བ་དེ་བས་ཀྱང་མེད་པས་གསང་སྔགས་སྒྲུབ་པའི་སྔགས་པ་ཡིན་མི་སྲིད། གོང་གི་སྔགས་སྡོམ་དང་ལྡན་ན་དམ་ཚིག་དང་འདྲེས་ཡོད་པས། “དམ་པས་ཚུལ་བཞིན་སྤྱད་པས་ན། །མི་མཐུན་ཕྱོགས་རྣམས་འཚིག་པར་འགྱུར། །” ཞེས་པ་ལྟར། སྔགས་པའི་འདུལ་བ་ཇི་བཞིན་ངེས་པར་བྱས་ཏེ་སྒོ་གསུམ་ཐ་མལ་དུ་མ་བཏང་བར་དམ་པོར་བཟུང་བས་ངན་རྟོག་གིས་རང་རྒྱུད་མ་འཚིག་པར་དྲན་བྱེད་ཡེངས་མེད་བག་ཡངས་སུ་སྐྱོང་དགོས་པས་ན་དམ་ཚིག་གི་འཆིང་གིས་བཅིངས་ཏེ་སྡོམ་དགོས་སོ། །
དྲུག སྔགས་པའི་དམ་ཚིག
ད་ནི་སྔགས་པའི་དམ་ཚིག་ནི། དེ་ཡང་སྡོམ་པ་དང་དམ་ཚིག་གཅིག་ཏུ་རློམ་མི་རུང་། དམ་ཚིག་ནི་ནམ་ཡང་འདའ་བ་མེད་པར་སྲུང་དགོས། སྡོམ་པ་ནི་”འདི་བྱའོ་འདི་ནི་མི་བྱའོ།” ཞེས་བསྲུང་བར་བྱ་བ་དང་དགོས་པ་བྱུང་ན་མི་བྱ་བའི་ངེས་པ་ཡང་ཡོད། ལེགས་སྦྱར་སྐད་དུ། ས་མ་ཡ་སྟེ། “ས་ཞེས་བྱ་བ་བསྐྱེད་པ་ལ། །མ་ཞེས་བྱ་བ་མ་ཉམས་ན། །དངོས་གྲུབ་ཐམས་ཅད་སྟེར་བ་ཡིན། །ཡ་ཞེས་ཉམས་ན་ཡལ་བར་འགྱུར། །” གཞན་ཡང་། བོད་སྐང་དུ། །”དམ་ཉིད་ཞེས་བྱ་བཅིངས་པ་སྟེ། །དེ་ཉིད་གྲོལ་ན་ཉམས་པ་ཉིད། །ཚིག་ཅེས་བྱས་དེ་འདས་ན། །མེ་ཡི་སྡུག་བསྔལ་མྱོང་བར་འགྱུར། །” ཞེས་གསུངས་ཡོད། དེ་ལ་རྒྱུད་སྡེ་སོ་སོའི་གྲངས་འདྲེན་མི་འདྲ་ཡང་། རྩ་བའི་ཆ་ནས་སྤྱིའི་དམ་ཚིག་དང་ཁྱད་པར་གྱི་དམ་ཚིག ལྷག་པའི་དམ་ཚིག་ནི་སྤྱི་ལྟར་ཡིན། ཇི་ལྟར་ན། [45] “སྣ་ཚོགས་བརྡ་ཡི་གསུངས་པ་ཡང་། །གཞུང་དང་ལྷ་དང་གང་ཟག་རྣམས། །སྤྱི་དང་ཁྱད་པར་ལྷག་པ་ཡི། དམ་ཚིག་རྣམས་སུ་འདུས་པར་འདོད། །” ཅེས་གསུངས། དམ་ཚིག་གི་དོན་ནི་ཀུན་ཐོབ་ཅིང་འགྲོ་བ་ལ་སོགས་པ་དུ་མ་ལ་འཇུག་མོད། མི་ནུས་པ་ལ་སོགས་པ་མི་གནང་ཞིང་འདའ་བར་མི་རུང་བའི་བཀའི་མཚན་ཉིད་དོ།།
གཞུང་སྤྱིའི་དམ་ཚིག་ནི། བྱ་སྤྱོད་རྣལ་འབྱོར་ཐུན་མོང་པའི་རྩ་བའི་དམ་ཚིག་ནི། ངན་སོང་སྦྱོང་རྒྱུད་[46]ལས། “ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པ་ཡང་བླངས་མི་བྱ། །རྫུན་དང་འདོད་པ་སྤྱོད་པ་དང་། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པར་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ།།” ཞེས་དང་། གཞན་ཡང་རྡོ་རྗེ་རྩེ་མོ་རྒྱུད་[47]ལས། “ཁྱོད་ཀྱི་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླངས་མི་བྱ། །རྫུན་པའི་ཚིག་ཉིད་སྨྲ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ཡིན། །མྱོད་བྱེད་བཏུང་བ་རྣམ་པར་སྤང་། །བྱ་བ་མ་ཡིན་སྤང་བ་ཉིད། །རྣལ་འབྱོར་པ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་གསུམ་ངག་གི་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །རྟག་ཏུ་སྤང་ཞིང་བསྲུང་བར་བྱ། །” ཞེས་གསུངས། དེ་བཞིན་དུ། ངན་སོང་སྦྱོང་བའི་ཚེ་དཀྱིལ་དམ་བསྒྲགས་[48]ལས། “སྲོག་ཆགས་རྣམས་ནི་བསད་མི་བྱ། །མ་བྱིན་པ་ཡང་བླངས་མི་བྱ། །རྫུན་དུ་སྨྲ་བ་བྱ་བ་མིན། །གཞན་གྱི་བུད་མེད་སྤྱད་མི་བྱ། །” ཞེས་པ་འདི་ལས་ཆང་སོགས་གཞན་དག་མ་གསུངས་སོ། ། རྣལ་འབྱོར་རྒྱུད་ཀྱི་སྤྱིའི་དམ་ཚིག་ནི་རྩ་ལྟུང་བཅུ་བཞི་དང། སྦོམ་པོ་བརྒྱད་སོགས་ཡིན།
རྡོ་རྗེ་སྙིང་པོ་རྒྱན་[49]ལས། “ཐུན་མོང་མ་ཡིན་ཕས་ཕམ་པ། །བཅུ་བཞིར་གྲགས་པ་གང་འདི་ནི། །སྔགས་པས་དོན་ཀུན་འགྲུབ་བྱེད་པས། །སྤང་ཞིང་དོར་བར་མི་བྱའོ། །སློབ་དཔོན་སྙིང་ནས་སྨོད་པ་དང་། །བདེ་གཤེགས་བཀའ་ལས་འདའ་བྱེད་པ། །ཞེ་སྡང་གིས་ནི་མཆེད་སུན་འབྱིན། །བྱམས་སེམས་མེད་པར་སེམས་ཅན་སྤངས། །བྱང་ཆུབ་སེམས་ཆེན་འདོར་བ་དང་། །བདག་གཞན་གྲུབ་པའི་མཐའ་སྨོད་བྱེད། །སྣོད་མི་རུང་ལ་གསང་བ་བསྟན། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །དག་པའི་ཆོས་ལ་སོམ་ཉི་བྱེད། །གསུམ་ལྡན་ཁྲོ་ལ་བྱམས་ལྡན་ཏེ། །སྟོང་བ་ཐལ་བྱུང་ལ་རྟོག་པ། །དད་ལྡན་སེམས་ནི་སུན་འབྱིན་བྱེད། །དམ་ཚིག་དང་ལྡན་བརྩེ་མི་བྱེད། །ཤེས་ལྡན་བུད་མེད་སྨོད་པར་བྱེད། །སྔགས་པས་དེ་དག་ཡོངས་སྤངས་ནས། ངེས་བར་དངོས་གྲུབ་ཐོབ་པར་བྱེད། །དེ་ལ་སྔགས་པ་ཡོངས་འདས་ནས། །ངེས་པར་བདུད་དང་ཕྲད་པར་འགྱུར། །སྦོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་། །དེ་དང་འདྲ་བར་ཤེས་བར་བྱ། །དམ་ཚིག་མི་ལྡན་རིག་མར་བསྟེན། །ཚོགས་ཀྱི་འཁོར་ལོར་རྩོད་པ་བྱེད། །གསང་བའི་ཆོས་ནི་སྟོན་པ་དང་། །དད་ལྡན་རྣམས་ལ་གཞན་དུ་སྟོན། །ཉན་ཐོས་ནང་དུ་ཡུན་རིང་གནས། །སྣོད་མི་རུང་ལ་གསང་བ་བསྟན། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །སྔགས་པ་དེ་ནི་དམ་སྡོམ་ཟད། །ཟད་པས་འགྲུབ་པར་ཡོངས་མི་འགྱུར། །” ཞེས་པ་འདིས་རྣལ་འབྱོར་སྤྱིའི་དམ་ཚིག་གི་རིམ་པ་བསྟན་པ་ཡིན་། ཁྱད་པར་གྱི་དམ་ཚིག་ནི་སྔགས་པ་སོ་སོའི་བློའི་རྩལ་འཕང་མཐོ་དམན་དང་བསྟུན་ནས་ལྟ་སྒོམ་སྤྱོད་པ་རང་རང་གི་ཉམས་རྟོགས་དང་སྦྱར་ཏེ་བསྲུང་དགོས་པ་དག་ཡིན།
ཡང་རྡོ་རྗེ་སྙིང་པོ་རྒྱན་[50]ལས། །”བྱང་ཆུབ་སེམས་དང་ཉན་ཐོས་དང་། །བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །དགོངས་གསུངས་རྣམས་ཀྱིས་དེ་ལྟ་མིན། །དེ་ལྟ་བས་ན་སྡོམ་པའི་མཆོག །ང་ཡིས་ཡང་དག་བསྟན་པར་བྱ། །དྲི་ཆེན་དྲི་ཆུ་རཀྟ་དང་། །ཤེས་དང་བྱང་ཆུབ་སེམས་དང་ནི། །བཟའ་བའི་སྦྱོར་བ་ཡང་དག་བཟའ། །ལྟོ་ཡི་ཡེ་ཤེས་མེས་སྦྱངས་བས། །ཕྱི་རོལ་ཟས་ལ་ཁྱད་པར་འགྱུར། །དེ་བཞིན་གླང་ཆེན་རྟ་ཤ་དང་། །བ་ལང་ཁྱི་ཤ་ཤ་ཆེན་ཆེན་རྣམས། །ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །དེ་བཞིན་སེམས་ཅན་གསད་པར་བྱ། །མ་བྱིན་པ་ཡང་བླང་བར་བྱའོ། །བུད་མེད་ཐམས་ཅད་འདོད་པ་སྤྱོད། །བརྫུན་ཚིག་དག་ཀྱང་སྨྲ་བར་བྱ། །དེ་ལྟར་བྱས་པས་སངས་རྒྱས་དགའ། །བྱང་ཆུབ་སེམས་དཔའ་མཉེས་པར་འགྱུར། །སེམས་ཅན་རྣམས་ཀྱང་ཚིམ་ཞིང་དགའ། །” ཞེས་དང་ གཞན་ཡང་། “བླ་མ་དམ་པ་ཐུགས་རྗེ་ཆེས། །ཡང་དག་བསྟན་པ་ལ་དམིགས་པས། །ཕྱིན་ཅི་ལོག་ཁུར་ཡོངས་འདོར་ཏེ། །རྡོ་རྗེ་འཛིན་པ་ང་འདྲར་འགྱུར། །” ཞེས་གསུངས། དེ་ལྟ་བས་ན། དམ་ཚིག་རྣམས་ནི་སྒོ་གསུམ་རྡོ་རྗེ་གསུམ་དུ་གྲུབ་ཅིང་སྣང་སྲིད་དག་པ་རབ་འབྱམས་སུ་མ་འཆར་བར་དུ་སྒྲ་ཇི་བཞིན་པར་ནམ་ཡང་བཟུང་མི་རུང་། འདི་ལྟ་བུའི་ལྟ་སྒོམ་གྱི་དགོངས་སྤྱོད་ཟབ་མོའི་ཉམས་འོག་ཏུ་ཆུབ་ཚེ་སྒྲ་ཇི་བཞིན་དུ་མི་འཛིན་པས། “དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག” །ཞེས་པའི་གོ་དོན་རྟོགས་ཐུབ། སྔགས་བླ་མེད་སྐབས་ཀྱི་ཁྱད་པར་གྱི་དམ་ཚིག་ནི་རྩ་བ་དང་ཡན་ལག་གཉིས་ཡིན། སྤྱི་མདོ་ལྟར་ན་རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ་ཕྱི་ནང་གསང་གསུམ་ལ་དགུ་ཚན་དགུ་ཉེར་བདུན་གསུངས་ཡོད།
སྒྱུ་འཕྲུལ་མེ་ལོང་[51]ལས། ”ཐུན་མོང་མ་ཡིན་གང་ཟག་གིས། །ཐབས་ཆེན་ཐུན་མོང་མ་ཡིན་པ། །ཉོན་མོངས་ལྔ་དང་སྤྱད་པ་ལ། །བདུད་རྩི་ལྔ་དང་ཤེས་པ་ལྔ། །གྲུབ་པ་ལྔ་ནི་ཆོས་རྣམས་ཉིད། །སྐྱེས་བུ་རིག་བྱེད་སྤྱོད་ཡུལ་ཏེ། །ཐུན་མོང་རྣལ་འབྱོར་ཡུལ་མིན་པས། །ཐུན་མོང་མ་ཡིན་ཞེས་སུ་གྲགས། །” ཞེས་དང་། ཡང་དེ་ཉིད་[52]ལས། ”དང་པོ་ལས་ཅན་རྣལ་འབྱོར་པས། །རྩ་བ་ཐུན་མོང་དམ་ཚིག་བསྟན། །བརྟན་ནས་ཉམས་ལྡན་གང་ཟག་ལ། །ཐུན་མོང་མིན་པའི་དམ་ཚིག་བསྟན། །” སོགས་གསུངས་པ་གཙོ་བོ་སྒྲུབ་པ་པོ་སྔགས་པའི་ལྟ་བའི་གོ་བ་དང་སྒོམ་པའི་ཉམས་མྱོང་ལ་རྩལ་ཐོན་མིན་ལས་རིགས་སྣ་ཚོགས་སུ་ཡོད་པ་ལས་ཀུན་ལ་མཐའ་གཅིག་ཏུ་ཐུན་མོང་མིན། ཡན་ལག་གི་དམ་ཚིག་ཉེར་ལྔ་སྔགས་གསར་རྙིང་སྤྱི་མཐུན་དུ་འདོད།
དེ་ཡང་གསང་སྙིང་རྩ་རྒྱུད་[53]ལས། “གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། ཞེས་པ་ལྟར། ཇི་ལྟར་མི་སྤོང་བ་ཞེ་ན། རྣམ་པ་གསུམ་ཏེ་རང་བཞིན་ཤེས་པ། ཐབས་ཀྱིས་ཟིན་པ། ཆེན་པོ་མི་སྤོང་པའོ།། ཆོས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་རང་བཞིན་མངོན་དུ་རྟོགས་པའི་དུས་ན་ཉོན་མོངས་ལྔ་ཡང་རང་མཚན་དུ་གྲུབ་པ་རྡུལ་ཙམ་མེད་པར་ངེས་པས་སྤང་གཉེན་མི་དགོས་པར་ཆོས་ཉིད་མཉམ་པའི་དབྱིངས་དང་དེ་བཞིན་གཤེགས་པའི་རང་བཞིན་དུ་ཤེས་པའི་ཉོན་མོངས་བྱང་ཆུམ་ལམ་དུ་ཁྱེར་ཏེ། སློབ་པ་ལམ་གྱི་སྐབས་འཁོར་བ་འདི་ཉིད་ན་ཡང་སྒྱུ་མའི་ཚུལ་དུ་བདེ་བར་སྤྱོད་པའི་ཐབས་དང་ཤེས་རབ་ཀྱིས་ཟིན་པས་དཔེར་ན། རྨ་བྱས་དུག་ཟོས་པ་ལྟར་རྒྱན་དང་གྲོགས་སུ་ཤེས་པས་སྤང་བྱ་མེད་པས་མི་སྤང་པའི་ཐ་སྙད་བཏགས།
སྡོམ་པ་ཉི་ཤུ་[54]ལས། “ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར།།” ཞེས་སོ། དྭང་ལེན་ལྔ་ཞེས་བྱ་བ་བྱང་སེམས་དཀར་དམར་དང་། དྲི་ཆེན་དང་ཤ་ཆེན། དྲི་ཆུ་སྟེ་བདུད་རྩི་ཆེན་པོ་དག་ནི་མདོ་ལམ་མ་ཟད་བྱ་སྤྱོད་གཉིས་ན་ཡང་སྤང་བྱར་གསུངས་པ་གང་ཞིག་བླ་མེད་འདི་ན་རིགས་ལྔ་ཡེ་ཤེས་ལྔའི་དམ་རྫས་ཁྱད་པར་ཅན་གྱི་རྟེན་དུ་ངེས་པའི་བླང་བྱར་བརྩི་བས། གཟུང་འཛིན་གྱི་རྣམ་རྟོག་བཟློག་ཕྱིར་ཆོས་ཉིད་མཉམ་པའི་བརྟུལ་ཞུགས་ཀྱི་སེམས་དང་ལྡན་པའི་དྭང་དུ་ལེན་པའོ། ། དྭང་དུ་ལེན་ཚུལ་ཡང་ཆོས་ཉིད་རོལ་བ་ཆེན་པོའི་རྒྱན་དུ་གཙང་དམེ་གཉིས་འཛིན་མཚན་མའི་རྣམ་རྟོག་གི་ཞེན་པ་མེད་པར་ཤེས་ཏེ་བླང་ངོ་། །
གསང་སྙིང་རྩ་རྒྱུད་[55]ལས། “བདུད་རྩི་སྨན་ནི་རྟག་ཏུ་སྤྱད། །བླ་མེད་འགྲོ་བའི་གསོས་ཡིན་པས། །གཙང་སྨེ་མེད་པར་བཟའ་བར་བྱ། །” ཞེས་གསུངས་སོ། ། སྤྱད་པར་བྱ་བ་ལྔ་ནི། སྦྱོར་བ་དང་སྒྲོལ་བ། མ་བྱིན་ལེན་དང་རྫུན་སྨྲ་བ། །ངག་བརླིང་པོ་བཅས་སོ། ། སྦྱོར་བ་ཤེས་རབ་ཀྱི་སྤྱོད་པ་ནི། དབང་པོ་གཉིས་སྦྱོར་བུད་མེད་ལ་བརྟེན་ནས་བདེ་བ་ཆེན་པོ་བསྐྱེད་པ་གཙོ་བོར་གསུངས་ཀྱང་། ཆགས་མེད་ཡེ་ཤེས་རྡོ་རྗེའི་བདེ་བ་ཆེན་པོས་ཟིན་པས་ཉོན་མོངས་པ་འདོད་པའི་དབང་དུ་མ་གྱུར་པ་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྒྱན་དུ་ལོན་ཅིང་སྤྱོད་པ་གཞན་དབང་དུ་མ་གྱུར་པའི་ངང་སྤྱད་པར་བྱ་བ་ཞིག་ཏུ་གོ་དགོས། སྒྲོལ་བ་སྙིང་རྗེའི་སྤྱོད་པ་ནི་ཉམས་པ་ཞིང་བཅུ་ལྟ་བུ་གང་གིས་བསྒྲལ་བ་རྣལ་འབྱོར་བ་རབ་ཡེ་ཤེས་ལྷ་ལས་དངོས་གྲུབ་བརྙེས་པ། སེམས་ཅན་གནས་སྟོབས་པའི་རྟགས་དང་ལྡན་པ། ཐ་མ་ཡང་རང་ལམ་གྱི་ལྟ་བའི་གདེང་དང་ལྡན་ཞིང་རྡོ་རྗེའི་ཕྲ་མོའི་ཏིང་འཛིན་ལས་སུ་རུང་བས་སེམས་མཉམ་པར་འཇོག་པ་ལ་དབང་ཐོབ་པ་ཞིག་གི་སྤྱད་བྱའོ།། དེ་བས་ན། ཤེས་རབ་དང་སྙིང་རྗེ་ནི་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པས་ཅི་ནུས་སུ་སྤྱད་པར་བགྱི། ཨུ་རྒྱན་ཆེན་[56]པོས། “སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ།།” གསུངས་པས་སྙིང་རྗེ་ནི་མེད་དུ་མི་རུང་བ་ཡིན། དེ་མིན་རང་འགར་ཞེ་སྡང་རང་མཚན་པ་གཞིར་བཞག་ཐོག་འཚེངས་པ་གསུམ་དང་མི་ལྡན་པར་མཐུ་གཏད་བྱས་ན་སྲོག་བཅད་པའི་ཉེས་པ་འབྱུང་བས་གཟབ་དགོས། སྲོག་བཅད་ལྟ་བུའི་རྩ་བའི་སྡོམ་པ་དང་འགལ་བ་ཞིག་ནང་པའི་སྒོར་ཞུགས་པ་ཀུན་ལ་མེད། དེ་བས་ན་སྔགས་ལ་ཞུགས་པ་ཀུན་གྱིས་སྤྱོད་ཡུལ་མིན་པ་ཡང་ཤེས་ཐུབ།
གསང་བ་རྒྱན་གྱི་བཀོད་པའི་རྒྱུད་[57]ལས། “འཇུངས་བ་རྣམས་ཀྱི་ནོར་འཕྲོག་བྱ། །ལྟ་བ་ངན་ལ་བརྫུན་དུ་སྨྲ། །” ཞེས་གཞན་གྱིས་སྲོག་སྐྱོབ་པ་དང་མི་དགེ་བའི་ལོག་ལམ་ནས་ལྟ་ངན་པ་འཚེ་བ་ཅན་དགེ་བའི་ལམ་ལ་འཁོད་པའི་ཆེད་རྫུན་དང་རྩུབ་མོའི་ངག་སོགས་སྤྱད་པ་བྱ་བ་ནི་ཐབས་དང་ལས་ལ་མཁས་ཤིང་། ལྟ་སྒོམ་དང་ཉམས་རྟོགས་ཁྱད་པར་ཅན་དང་ལྡན་པའི་སྔགས་པ་རྣམས་ཀྱི་སྐལ་བ་ཁོ་ནའོ། ། ཤེས་བར་བྱ་བའི་དམ་ཚིག་ནི་ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུལ་ལྔ། ཡུལ་རྣམས་སེམས་མ། དབང་ཤེས་རྣམས་སེམས་དཔའ་དང་། ཕུལ་ཁམས་གཤེགས་པ་གཤེགས་མ། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོ་སོགས་གདན་གསུམ་ཚང་པའི་ལྷའི་དཀྱིལ་འཁོར་གྱི་རང་བཞིན་དུ་ཤེས་པར་བྱའོ། ། སྒྲུབ་བྱ་ལྔ་ནི་བཤད་མ་ཐག་པའི་ཤེས་བྱ་ལྔ་བོ་དེ་རྟོགས་ཤིང་གོམས་པའི་སྟོབས་དང་མཐུ་ཡིས་རང་རྒྱུད་ལ་མངོན་པར་སྒྲུབ་བྱེད་ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ཡོངས་སུ་གྲུབ་པ་ནི་སྒྲུབ་པར་བྱ་བའོ། ། དེ་ལ་ཡང་ནང་གསེས་སུ་རྒྱུད་སོ་སོའི་དགོངས་པའི་དབྱེ་ཚུལ་མང་ཡང་དེ་ཙམ་གྱིས་ཡན་ལག་གི་དམ་ཚིག་བསྡུའོ། །
༼ལུང་སྦྱོར་དཔེ་ཁུངས༽
[41] རྒྱུད་རྡོ་རྗེ་རྩེ་མོ། ལེའུ་༤་བཞུགས། རྒྱུད་འབུམ། པོད་(༩༣-ཉ) ཤོག་གྲངས་(༢༢༣-ཉ) ཡང་དེ་ཉིད་ལས། (༢༢༣-ཉ) བདག་གིས་སྔ་མོ་ཞུས་པ་ན་ཁྱིམ་པའི་ཚུལ་དུ་ཞེས་པ་དང་། འདིར་ཁྱིམ་པའི་སྡོམ་པ་ཞེས་པ་གཉིས་མ་འདྲ་བ་འདུག ༼རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲ་དང་། ལོ་ཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར
[42] ལེགས་གྲུབ་ཀྱི་རྒྱུད། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༥༣-ས) ཡང་དེ་ཉིད་ལས། ཤོག་གྲངས(༢༥༤-ཉ) ༼བསྒྱུར་མཚན་མི་འདུག
[43] ལེགས་གྲུབ་ཀྱི་རྒྱུད། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༥༤-ས) ཡང་དེ་ཉིད་ལས་(༢༥༥-ཉ) ཡང་(༢༥༥ཉ-) ཡང་(༢༥༦-ས) ཡང་(༢༥༧-ཉ)
[44] དཔུང་བཟང་གི་རྒྱུད། ལེའུ་༡༡་བཞུགས། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༡༦-ས) ༼བསྒྱུར་མཚན་མི་འདུག
[45] ༼སྣ་ཚོགས་༽བདག་གིས་སྔ་མོའི་དཔེ་ཀློག་ཟིན་བྲིས་ནང་ཡོད་ཀྱང་མཚན་བྱང་ད་རུང་རྙེད་མ་སོང་།
[46] འཕགས་པ་ངན་སོང་སྦྱོང་རྒྱུད། ལེའུ་ རྒྱུད་འབུམ། པོད་(༩༢-ཏ) ཤོག་གྲངས་(༥༩-ཉ)
[47] རྒྱུད་རྡོ་རྗེ་རྩེ་མོ། ལེའུ་༤་བཞུགས། རྒྱུད་འབུམ། པོད་(༩༢-ཉ) ཤོག་གྲངས་(༥༩-ཉ) ༼རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲ་དང་། ལོ་ཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར
[48] ངན་སོང་སྦྱོང་རྒྱུད། རྒྱུད་འབུམ། པོད(༩༢-ཏ) ཤོག་གྲངས(༨༡-ས) ༼རྒྱ་གར་གྱི་མཁན་པོ་ཤཱན་ཏིང་གརྦྷ་དང་། ལོ་ཙྪ་བ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར།ཨཱ་ཙྱ་རིན་ཆེན་མཆོག་གིས་སྐད་གསར་བཅོས་ཀྱིས་གཏན་ལ་ཕབ།
[49] རྡོ་རྗེ་སྙིང་པོ་རྒྱན། ལེའུ་༡༦་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས(༣༣༡-ཉ) ༼རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུབ་ཏ་དང་། ལོ་ཙྪ་བ་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར།
[50] རྡོ་རྗེ་སྙིང་པོ་རྒྱན། ལེའུ་༡༦་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས(༣༣༡-ས) ཡང་དེ་ལས(༣༣༡-ས) ༼རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུབ་ཏ་དང་། ལོ་ཙྪ་བ་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར།
[51] སྒྱུ་འཕྲུལ་མེ་ལོང་། ལེའུ་༡༣་བཞུགས། རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) ཤོག་གྲངས་(༦༢༠-ས) ༼རྒྱ་གར་གྱི་མཁན་པོ་བི་ལ་མི་ཏྲ་དང་། ལོ་ཙྪ་བ་བེ་རོ་ཙ་ནས་བསྒྱུར།
[52] སྒྱུ་འཕྲུལ་མེ་ལོང་། ལེའུ་༡༣་བཞུགས། རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) ཤོག་གྲངས་(༦༢༡-ཉ) ༼རྒྱ་གར་གྱི་མཁན་པོ་བི་ལ་མི་ཏྲ་དང་། ལོ་ཙྪ་བ་བེ་རོ་ཙ་ནས་བསྒྱུར།
[53] གསང་སྙིང་དེ་ཁོ་ན་ཉིད་ངེས་པ། ལེའུ་༨༠་བཞུགས། རྒྱུད་འབུམ། པོད་(༡༠༣-ཝ) ཤོག་གྲངས་(༢༤༨-ཉ) ༼
[54] སྡོམ་པ་ཉི་ཤུ། བདག་གི་དཔེ་ཀློག་ཟིན་བྲིས་ནང་མཚན་བྱང་འདི་བྲིས་འདུག འོན་ཀྱང་བཙལ་དུས་བརྙེད་མ་སོང་པས་ར་འཕྲོད་གསལ་པོ་བྱ་ཐབས་བྲལ།
[55] སྒྱུ་འཕྲུལ་ཐལ་བ། ལེའུ་༣༣་བཞུགས རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) ཤོག་གྲངས་(༤༡༣-ཉ) ༼རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་འཕན་ཡུལ་དུ་བསྒྱུར།
[56]ཨྱོན་ཆེན་པོའི་གསུངས། དཔེ་དེབ་ཀྱི་མཚན་བྱང་ད་རུང་ལག་ཏུ་མ་སོན་པས་
[57] གསང་བ་རྒྱན་གྱི་བཀོད་པའི་རྒྱུད། རྒྱུད་འབུམ། པོད(༩༢-ཏ) ཤོག་གྲངས་(༣༡༤-ཉ) ༼རྒྱ་གར་གྱི་མཁན་པོ་བརྡ་སྤྲོད་པ་ཆེན་པོ་བདེ་གཤེགས་དཔལ་དང་། སྒྱུར་བྱེད་མཁས་པ་སྒྲ་ཡི་གཞུང་ལུགས་ལ་བློ་དཀར་བ་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར།
་་་་་་་་ ཕྱི་སོ་ཐར་གྱི་སྡོམ་པ་དང་། ནང་བྱང་སེམས་ཀྱི་བསླབ་པ། གསང་བ་ཡེ་ཤེས་ཀྱི་དམ་ཚིག་གསུམ་པོ་རང་ས་ནས་ཐུན་མོང་དུ་སྲུང་རྒྱུ་ལས་སྒྲུབ་པོའི་རྟེན་གཉིས་ལ་ཁྱད་པར་མེད། ་་་་་་་་་་
་་་་་་་་ ཡང་རྡོ་རྗེ་སྙིང་པོ་རྒྱན་[50]ལས། །”བྱང་ཆུབ་སེམས་དང་ཉན་ཐོས་དང་། །བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །དགོངས་གསུངས་རྣམས་ཀྱིས་དེ་ལྟ་མིན། །དེ་ལྟ་བས་ན་སྡོམ་པའི་མཆོག །ང་ཡིས་ཡང་དག་བསྟན་པར་བྱ། །དྲི་ཆེན་དྲི་ཆུ་རཀྟ་དང་། །ཤེས་དང་བྱང་ཆུབ་སེམས་དང་ནི། །བཟའ་བའི་སྦྱོར་བ་ཡང་དག་བཟའ། །ལྟོ་ཡི་ཡེ་ཤེས་མེས་སྦྱངས་བས། །ཕྱི་རོལ་ཟས་ལ་ཁྱད་པར་འགྱུར། །དེ་བཞིན་གླང་ཆེན་རྟ་ཤ་དང་། །བ་ལང་ཁྱི་ཤ་ཤ་ཆེན་ཆེན་རྣམས། །ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །དེ་བཞིན་སེམས་ཅན་གསད་པར་བྱ། །མ་བྱིན་པ་ཡང་བླང་བར་བྱའོ། །བུད་མེད་ཐམས་ཅད་འདོད་པ་སྤྱོད། །བརྫུན་ཚིག་དག་ཀྱང་སྨྲ་བར་བྱ། །དེ་ལྟར་བྱས་པས་སངས་རྒྱས་དགའ། །བྱང་ཆུབ་སེམས་དཔའ་མཉེས་པར་འགྱུར། །སེམས་ཅན་རྣམས་ཀྱང་ཚིམ་ཞིང་དགའ། །” ་་་་་་་་་
དེ་མ་ཐག་ཏུ་མུ་མཐུད་ནས།
་་་་་་་་ ཞེས་དང་ གཞན་ཡང་། “བླ་མ་དམ་པ་ཐུགས་རྗེ་ཆེས། །ཡང་དག་བསྟན་པ་ལ་དམིགས་པས། །ཕྱིན་ཅི་ལོག་ཁུར་ཡོངས་འདོར་ཏེ། །རྡོ་རྗེ་འཛིན་པ་ང་འདྲར་འགྱུར། །” ཞེས་གསུངས། དེ་ལྟ་བས་ན། དམ་ཚིག་རྣམས་ནི་སྒོ་གསུམ་རྡོ་རྗེ་གསུམ་དུ་གྲུབ་ཅིང་སྣང་སྲིད་དག་པ་རབ་འབྱམས་སུ་མ་འཆར་བར་དུ་སྒྲ་ཇི་བཞིན་པར་ནམ་ཡང་བཟུང་མི་རུང་། ་་་་་་་
་་་་་་་་་སྒྲ་ཇི་བཞིན་པར་ནམ་ཡང་བཟུང་མི་རུང་། ་་་་་་་
་་་་་་་་་ སྡོམ་པ་ཉི་ཤུ་[54]ལས། “ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར།།” ཞེས་སོ། དྭང་ལེན་ལྔ་ཞེས་བྱ་བ་བྱང་སེམས་དཀར་དམར་དང་། དྲི་ཆེན་དང་ཤ་ཆེན། དྲི་ཆུ་སྟེ་བདུད་རྩི་ཆེན་པོ་དག་ནི་མདོ་ལམ་མ་ཟད་བྱ་སྤྱོད་གཉིས་ན་ཡང་སྤང་བྱར་གསུངས་པ་གང་ཞིག་བླ་མེད་འདི་ན་རིགས་ལྔ་ཡེ་ཤེས་ལྔའི་དམ་རྫས་ཁྱད་པར་ཅན་གྱི་རྟེན་དུ་ངེས་པའི་བླང་བྱར་བརྩི་བས། གཟུང་འཛིན་གྱི་རྣམ་རྟོག་བཟློག་ཕྱིར་ཆོས་ཉིད་མཉམ་པའི་བརྟུལ་ཞུགས་ཀྱི་སེམས་དང་ལྡན་པའི་དྭང་དུ་ལེན་པའོ། ། དྭང་དུ་ལེན་ཚུལ་ཡང་ཆོས་ཉིད་རོལ་བ་ཆེན་པོའི་རྒྱན་དུ་གཙང་དམེ་གཉིས་འཛིན་མཚན་མའི་རྣམ་རྟོག་གི་ཞེན་པ་མེད་པར་ཤེས་ཏེ་བླང་ངོ་། ། ་་་་་་་་་
གསང་བ་ཁྲོམ་དུ་སྒྲོགས་པ་ནི་དུས་ངན་ཡིན་པའི་རྟགས་རེད།
གསང་བ་ཁྲོམ་སྒྲོག་ཡིན་མིན་མི་ཤེས་ཀྱང་། རྒྱུད་སྡེ་ནས་གསུངས་པའི་སྔགས་པའི་མཚན་ཉིད་ཚང་བར་གསུང་བཞིན་པ་འདི་ལ་ང་ནི་ཡིད་འཕྲོག་སོང་། དེ་རིང་གི་ཁ་བརྡ་ནི་ནང་ཆོས་ཀྱི་གླེགས་བམ་ཞིག་ཏུ་གྱུར་པ་དང་ཁྱད་མེད་དུ་སོང་བས། ཁ་བརྡ་དང་རྩོམ་པ་པོ་གཉིས་ཀར་བཀའ་དྲིན་ཆེ་ཞེས་ཞུའོ།། །།