རླངས་སྔགས་སྐལ་བཟང་རྡོ་རྗེ།
དགུ སྔགས་པའི་བརྟུལ་ཞུགས།
ད་ནི་སྔགས་པའི་བརྟུལ་ཞུགས་ནི། བྲ་ཏཾ་ཞེས་བྱ་བ་བསྒྱུར་བའི་དོན་ཡིན་ཏེ། ཡོན་ཏན་འབྲས་བུ་འདོད་པའི་ཕྱིར། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཐ་མལ་པའི་གནས་ལས་གཞན་དུ་བསྒྱུར་བའི་མཚན་ཉིད་དོ། ། སྒྱུ་འཕྲུལ་ཐལ་བ་[72]ལས། “གང་དུ་རྣལ་འབྱོར་སྐལ་ལྡན་པས། །ཐབས་བྲལ་རྣམས་ཀྱིས་གང་སྤངས་པ། །དུག་ལྔ་འདོད་ཡོན་ལ་སོགས་པས། །སྐྱེས་བུ་ཐབས་ཀྱི་ཕ་རོལ་ཕྱིན། །མི་མཐུན་ཐབས་ཀྱིས་མཐུན་འགྱུར་བཞིན། །ཐབས་ཆེན་གསང་བའི་རྣལ་འབྱོར་བ། །སྒོ་གསུམ་བྱ་བའི་སྤྱོད་པ་ལ། །བདེ་ཆེན་སྟོང་གསུམ་འགྱུར་མེད་པ། །རང་ལུས་རྡོ་རྗེའི་ཕྱག་རྒྱ་ཆེ། །གནས་ཤིང་རྟོག་སྟེ་གོམས་པ་ལ། །སྒོ་གསུམ་རང་བཞིན་དྲི་མེད་དེ། །ཐམས་ཅད་རྒྱལ་བའི་མཛད་པར་སྣང་། །འགྲོ་དང་འདུག་དང་ཟ་དང་ཉལ། །གར་དང་སྟབས་གླུ་བྲོ་ལ་སོགས། །མཛེས་དང་ཆགས་དང་དྲག་ཤུལ་སྤྱོད། །ཐབས་ལྡན་སྐྱེས་བུའི་བརྟུལ་ཞུགས་ཉིད། །” ཞེས་དང་། ཡང་དེ་ཉིད་ལས། “ཤ་ལྔ་དང་ནི་བདུད་རྩི་ལྔ། །བཅུད་དང་སྦྱར་རམ་བསྡམས་ཀྱང་རུང་། །བཟའ་བཏུང་མུར་བ་ལ་སོགས་པ། །འདི་དག་རྟག་ཏུ་བརྟེན་པར་བྱ། །” ཞེས་གསུངས། གསང་སྙིང་རྩ་རྒྱུད[73]་ལས། “བདུད་རྩི་སྨན་ནི་རྟག་ཏུ་སྤྱད། །བླ་མེད་འགྲོ་བའི་གསོས་ཡིན་པས། །གཙང་དམེ་མེད་པར་བཟའ་བར་བྱ། །ཡིད་བཞིན་བདུད་རྩི་དབང་བྱེད་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་ནི། །སངས་རྒྱས་ལྔ་པོ་དེ་ཡིན་པས། །མི་སྤང་རྟག་ཏུ་བསྒྲུབ་པར་བྱ། །” ཞེས་དང་། ཡང་གསང་སྙིང་རྩ་རྒྱུད་ལས། “ཉོན་མོངས་བྱང་ཆུབ་ལམ་དུ་ཁྱེར། །འཁོར་བ་ཉིད་ན་བདེ་གནས་སོ། །ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ། །དབྱེར་མེད་ཡང་དག་ཉིད་དུའོ། །” ཞེས་སོ། ཡང་རྡོ་རྗེ་གདན་བཞི་[74]ལས། “སེམས་ཅན་དོན་འགྱུར་དུས་སུ་ནི། །སྡོམ་དང་སྤྱོད་པ་སྔོན་བཞིན་ནོ། །”ཞེས་བརྟུལ་ཞུགས་ལ་ཁེགས་བཞག་ནས་སྡོམ་པ་རྩིས་མེད་དུ་བྱ་མི་རུང་པའི་དོན་ཡིན་ནོ། ཡང་དེ་ཉིད་ལས། “སྤྱོད་པ་སྤྱོད་དགུར་རྣལ་འབྱོར་པས། །བསོད་ནམས་ལག་ཏུ་བླངས་བར་བྱ། །ཐམས་ཅད་བསླངས་ཀྱང་ཉེས་མེད་དེ། །” ཞེས་དང་། ཡང་དཔལ་གདན་བཞི་[75]ལས། “སངས་རྒྱས་ལུས་ནི་སྒྱུ་མ་སྟེ། །རྟག་ཏུ་སངས་རྒྱས་ཆོས་ཀྱིས་སྐྱོབ། །ཀྱེ་མ་སྟོང་པ་ཉིད་ཀྱི་མཐུས། །དངོས་ཀུན་རྣམ་པར་མནན་པའོ། །སངས་རྒྱས་འབྲས་བུ་རབ་སྟེར་བའི། །མཁས་པ་ཡི་ནི་གཟུང་བར་བྱ། །རྨོངས་བ་བཅད་པའི་དོན་དུ་ནི། །དུས་གསུམ་དུ་ནི་ཚིགས་བཅད་བརྗོད། །འཆག་དང་ཉལ་དང་འགྲོ་བ་དང་། །འདུག་དང་འགྲོ་བ་ཐམས་ཅད་དུ། །སྔགས་ཀྱི་སྦྱོར་བ་བརྟན་པར་བྱ། །སེམས་དང་སེམས་ཀྱིས་ཉལ་བར་བྱ། །སྐྱེ་དང་སྐྱེ་བར་བརྒྱུད་པ་ཡི། །འབྱུང་བ་ལྔ་ཡི་ལུས་ཀྱི་སྡིག །ཉིན་མཚན་གཉིས་ཀྱི་སྤྱོད་པ་ཡིས། །ལུས་ཀྱི་དྲི་མ་དག་པ་ཉིད། །ཟླ་བ་དྲུག་ཏུ་སྤྱད་བྱས་པས། །རང་འདོད་ལྷ་ནི་འགྲུབ་པའོ། །བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པས། །མི་ཤེས་པས་ཀྱང་ཡེ་ཤེས་འཐོབ། །དེ་ལྟར་ཡོན་ཏན་རང་བཞིན་ཞིང་། བརྟུལ་ཞུགས་སྤྱོད་པ་ཡི་ནི་རྒྱུ། །བརྟུལ་ཞུགས་སྦྱོར་པས་སྦྱོར་བ་ཡིས། །ཐམས་ཅད་རྨོངས་པ་རྣམ་པར་སྤངས། །ཐབས་ཀྱི་མཚན་ཉིད་མཚོན་པ་ཡིས། །མཉམ་ཉིད་ལྟ་བ་རྫོགས་བྱས་ནས། །རྣམ་དག་ལྟ་བ་འབའ་ཞིག་གོ།” གཞན་ཡང་། “སེམས་ཆེན་པོ་ཡི་སེམས་ཀྱིས་ནི། །རྙིངས་དང་རས་ནི་བསགས་པ་ཡིས། །དེ་ཡི་གོས་ནི་རབ་ཏུ་བགོས། །ཀེང་རུས་ཀྱི་ནི་ཡན་ལག་ཀུན། །ཤིནཏུ་མཛེས་པའི་དབྱུག་པ་བཟུང་། །པ་ཏ་ཧ་ཡི་ཆོས་ཀྱིས་བརྡུང་། །རྡོ་རྗེའི་གླུ་ནི་བླངས་བ་ཉིད། །སེམས་ཅན་སྒྲོལ་བའི་རྒྱུ་རུ་ནི། །གྲོང་ནས་གྲོང་དུ་ཀུན་ཏུ་རྒྱུ། །དམིགས་པ་མེད་པའི་རང་བཞིན་གྱིས། །བརྟུལ་ཞུགས་སྤྱོད་པས་མཉམ་པར་བཞག །དག་པའི་སེམས་ནི་མི་དམིགས་པས། །དགའ་བ་ཡི་ནི་བསྲུང་བར་བྱ། །སྤྱོད་པ་ཡིས་ནི་རྒྱུར་གྱུར་པས། །རྣལ་འབྱོར་སྤྱོད་པ་དོན་གྱི་རྒྱུ། །སྡིག་པ་ཐམས་ཅད་རྣམ་བསལ་ཞིང་། །ཉེས་བ་ཀུན་ནས་རྣམ་སྤངས་ལ། །བརྟུལ་ཞུགས་ཟླ་དྲུག་སྤྱད་པ་ཡིས། །རང་འདོད་ཡེ་ཤེས་འགྲུབ་པར་འགྱུར། །” ཅེས་གསུངས་པའི་རང་ལམ་གྱི་སྡོམ་དང་དམ་ཚིག་གཙང་ཞིང་ལྟ་སྒོམ་ལ་གདེངས་སུ་གྱུར་པའི་སྔགས་པས་རང་གི་ཉམས་རྟོགས་ཀྱི་རྩལ་འཕང་དང་བསྟུན་ནས་རིག་པའི་བརྟུལ་ཞུགས་སྤྱོད་རྒྱུ་ལས་གསང་སྔགས་ལ་མོས་པའི་རྗེས་སུ་ཞུགས་པ་ཙམ་གྱིས་མི་ཡོང་པས། རང་ཉིད་རང་ལ་ལྐོག་ཏུ་མ་གྱུར་པའི་རྣམ་གྲོལ་གསང་སྔགས་གྱི་ལམ་ལ་མཁས་ཤིང་དེའི་བསླབ་སྡོམ་ཚུལ་བཞིན་སྲུང་བའི་ཐབས་དང་ལྡན་པ། བརྟུལ་ཞུགས་སྤྱོད་པའི་ཡུལ་དང་དུས། གནས་སོགས་ཕ་རོལ་པོའི་རྒྱུད་ཀྱི་རྨོངས་པ་གཅོད་པའི་རྟོགས་པའི་ཡེ་ཤེས་ཀྱིས་བདག་རྒྱུད་གྲོལ་བ། གཞན་ལ་དམིགས་པའི་སྙིང་རྗེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་དབང་འབྱོར་བ་དག་གི་ཡུལ་ཁོ་ནའོ། ། དེ་བས་ན། མཚན་བརྗོད་[76]ལས། “བཟང་ངན་ཤེས་ཤིང་དུས་ཤེས་པ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་པ་མཁས་པའོ། །” ཞེས་ཀུན་རྫོབ་ཐ་སྙད་ལ་མཁས་ཤིང་ཚུར་མཐོང་འཁྲུལ་བའི་དྲི་མ་ཡོངས་སུ་དག་པའི་ཐ་སྙད་དག་གཟིགས་ཚད་མས་སྣང་ངོས་ནས་དངོས་སུ་དག་པར་སྤྱོད་པ། དོན་དམ་པའི་དེ་ཉིད་རིག་ཅིང་དོམ་དམ་དཔྱོད་པའི་རིགས་པ་ཡུལ་ཅན་ཡེ་ཤེས་ཀྱི་སྟོབས་ཀྱིས་དག་པར་སྤྱོད་པ། དེ་ལྟར་ཆོས་རྣམས་ཀུན་གྱི་རང་བཞིན་ལ་གཅིག་དང་དུ་བྲལ་སོགས་ཀྱི་གཏན་ཚིགས་བཞི་ཡིས་ཆོས་ཉིད་གཞི་མེད་རྩ་བྲལ་དུ་རྟོགས་པའི་སྟོང་ངོས་ནས་མཉམ་པར་སྤྱོད་པ། རྣལ་འབྱོར་བའི་སྣང་ངོས་ནས་དག་པ་དང་། སྟོང་ངོས་ནས་མཉམ་པར་གྲུབ་པ་དེ་གཉིས་ཆོས་ཉིད་དབྱེར་མེད་པ། མཐའ་ཀུན་དང་བྲལ་བའི་མཉམ་པ་ཉིད་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་གསང་སྔགས་ཟབ་མོའི་དགོངས་སྤྱོད་རྨད་པོ་ཆེ་ཡིན་པས། འདི་ལྟ་བའི་དགོངས་ཉམས་ལོན་པའི་ངང་ནས་བརྟུལ་ཞུགས་སྐྱོང་རྒྱུ་གནད་ཀྱི་དོན་པོ་ཡིན།
གསང་སྙིང་རྩ་རྒྱུད་[77]ལས། “ལྟ་སྤྱོད་ཡ་ཆར་མ་གྱུར་པས། །སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། །” ཅེས་པ་བཞིན་ཡ་མ་བྲལ་བར་ལེན་དགོས། སྤྱོད་པའི་ངོས་ནས་སྔགས་པ་རྣམས་ལ་སྤྱོད་པ་འཆོལ་པོ་ཡོང་བཞིན་ཡོད་པས་ལྟ་སྤྱོད་ཀྱི་སོ་འཛུགས་དགོས། ལྟ་བ་སྤྱོད་པའི་ཕྱོགས་སུ་ཤོར་ན་དགེ་མེད་སྡིག་མེད་ཀྱི་ཆད་ལྟ་སྐྱེས་ནས་གསོར་མི་རུང་པའི་ལྟུང་བ་ལྷུང་། སྤྱོད་པ་ལྟ་བའི་ཕྱོགས་སུ་ཤོར་ན་དངོོས་པོ་མཚན་མས་བཅིངས་ནས་གདམས་ངག་གིས་རྒྱུད་གྲོལ་བར་མི་འགྱུར། གསུངས་པའི་ཞལ་རྒྱུན་ཡོད་པས། ལས་དང་པོ་ནས་སྔགས་ལམ་གྱི་གནད་འཛིན་ས་ནི་ལྟ་བ་སྤྱོད་པའི་ཕྱོགས་སུ་མི་ནོར་བར་གཏིང་ཚུགས་འཛིན་རྒྱུ་དེ་ཡིན། དེ་མིན་བརྟུལ་ཞུགས་ཀྱི་སྤྱོད་པ་ནི་ཕྱི་ཚུལ་ཙམ་དུ་མི་ཐ་ཤལ་པའི་བྱ་སྤྱོད་ལྟར་སྨད་པའི་ཡུལ་དུ་གྱུར་པ་ཡང་ཡོད་སྲིད་མོད། ཀུན་བཟང་ཀློང་དྲུག་[78]ལས། “རིག་པའི་མཛད་སྤྱོད་རོལ་བ་དང་། །འགྲོ་དྲུག་འཁྲུལ་བའི་སྣང་བ་གཉིས། །འདྲ་འོ་འདྲའོ་ནོར་ར་རེད” ཞེས་གསུངས་པའི་གནད་ཡང་འདི་ལ་ཐུག་ཡོད། ཡིན་ནའང་བརྟུལ་ཞུགས་གཞན་སྣང་དབང་བཙན་དུ་བྱས་ནས་སྤྱོད་མི་རུང་པར་སྔགས་པའི་རང་ཉམས་གཙོར་བྱས་ཏེ་སྤྱོད་དགོས་རྐྱེན། སྒྱུ་འཕྲུལ་ཐལ་བ་[79]ལས། “རྣལ་འབྱོར་ཐབས་ཆེན་རྟོགས་པ་ལ། །གཙང་དམེ་བླང་དོར་མི་གནས་པས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །” ཞེས་དང་། གཞན་ཡང་། དགོངས་པ་ལུང་བསྟན་[80]ལས། “དེ་བཞིན་ཉིད་ཀྱི་སྦྱོར་ལྡན་པས། །སྔགས་པ་རྣམས་ཀྱིས་ཤིན་ཏུ་མཐོང་། །” ཞེས་དང་། ཡང་དེ་ལས། “མཚམ་མེད་ལྔ་ཡི་སྦྱོར་བ་ལས། །སྔགས་པས་འགྲོ་ལ་ཕན་པར་བསྟེན། །”ཞེས་ཆོས་ཉིད་ཅི་ལྟ་བ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་དང་ལྡན་པས་རྒྱུད་ཀུན་ནས་གྲོལ་བའི་སྔགས་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱིས་བསྲུང་བྱ་བསྲུང་མཚམས་ཀྱི་གནས་ཤིན་ཏུ་ཕྲ་བ་མཐོང་བས་མཚམས་མེད་པ་ལྔ་བྱས་པའི་ལས་ངན་མཐུ་བོ་ཆེ་ལྟ་བུའི་སྦྱོར་པའི་ལས་གང་ཡིན་པ་དེ་ཡང། ཤེས་རབ་དང་ཏིང་འཛིན་གྱི་སྟོབས་ལ་དབང་པའི་སྔགས་པས་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བའི་ཆེད་བརྟུལ་ཞུགས་དེ་ཉིད་བསྟེན་པར་འོས་སོ། ། དེ་ལྟར་དོགས་མེད་དུ་སྤྱོད་པར་དཔལ་བདེ་མཆོག་སྡོམ་འབྱུང་[81]ལས། “རྣམ་པར་མི་རྟོག་རབ་སྦྱོར་བས། །རྣལ་འབྱོར་པ་ནི་ཅི་བདེར་གནས། །དོགས་པ་ཐམས་ཅད་རྣམ་སྤངས་ཏེ། །སྒྲུབ་པོས་སེང་གེ་བཞིན་དུ་སྤྱད། །”ཞེས་གསུངས་པས་བརྟུལ་ཞུགས་པ་རྣམས་གཞན་གྱིས་བརྫི་མི་ཐུབ་པ་ཞིག་དགོས་པས་སྔགས་སྤྱོད་ཀུན་གྱིས་དགའ་མགུར་དྭང་དུ་བླང་བར་བྱའོ། སྔགས་ཀྱི་འདུལ་བ་དང་། དམ་ཚིག བརྟུལ་ཞུགས་སོགས་བྱ་རྒྱུད་ནས་ཨ་ཏི་རྫོགས་པ་ཆེན་པོའི་བར་རང་ལམ་གྱི་ལྟ་སྒོམ་སྤྱོད་གསུམ། ཡི་དམ་ལྷའི་དཀྱིལ་ཆོག་དང་བཟླས་བརྗོད། དབང་དང་དམ་ཚིག་སོགས་སྤྱི་ཙམ་མ་གཏོགས་ཞིབ་ཚགས་སུ་བཀོད་ན་ཧ་ཅང་མང་ཡང་ཡིག་ཚོགས་ཀྱི་དཔུང་བསྒྲིགས་པ་བསྐྱུངས་ནས། སྔགས་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་དང་ཡོན་ཏན་ལས་དམ་ཚིག་གི་ཆ་སྐོར་འདི་ཙམ་ལ་འདུས་བར་བྱས་པ་ལགས།
དེ་ལྟ་བུའི་གསང་འཛིན་སྔགས་པ་ནི་ཐབས་ལ་དབང་བའི་རིག་འཛིན་ནང་གི་དགེ་འདུན་ཞེས་བཞེད་ཚུལ་ཡང་ཡོད། དགོངས་པ་ལུང་བསྟན་[82]ལས། “སྔགས་ཀྱི་རིགས་པ་ཞེས་བསྒྲགས་པ། །དེ་ནི་སངས་རྒྱས་སྐྱེས་བུ་ཡིན། །” ཞེས་སོ། གཞན་ཡང་། གསང་འདུས་བརྟག་པའི་རྒྱལ་པོ་ལས། “དེ་བཞིན་གཤེགས་པས་བཀའ་བསྩལ་བ། རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་ལྟ་བུ་ཡང་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ །གང་འདི་སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ།།” ཞེས་གསུངས་སོ། ། བྲམ་ཟེ་ས་ར་ཧས[83]། “ཁ་སང་ཕན་ཚད་དགེ་སློང་མིན། །དཀའ་ཐུབ་བྱེད་པའི་དགེ་སློང་ཡིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །དོན་གྱི་དགེ་སློང་དཀའ་ཐུབ་ཆེ། ཁ་ཅིག་གིས་ཚིག་རྐང་མཐའ་མ་འདིར “ཧེ་རུ་ཀ་དཔལ་དགེ་སློང་མཆོག” ཡང་བྲིས་ཡོད། དེ་ལྟར་གསུངས་པས་ན། དོན་གྱི་རྣལ་འབྱོར་བ་ཡིན་ཚེ་དེ་ལས་ལྷག་པའི་དགེ་འདུན་ཞིག་གང་ན་ཡོད། ཁམས་འཛག་པའི་ཚོར་བདེ་ཡིས་ཡིད་ཀྱི་བརྟན་པ་འཕྲོག་པས་ན་དབང་པོ་མཉམ་སྦྱོར་དགྲ་རུ་འཛིན་པ་མཚན་འཛིན་དམན་པའི་ལམ་གྱི་རོ་ལ་མི་ཞེན་པར། །ཐབས་ལྡན་འཛག་མེད་དགའ་བཞིའི་བདེ་བའི་ལམ་ནས་ཕྱག་རྒྱའི་སྐུ་མཆོག་སྒྲུབ་པའི་རྟེན་ཚངས་སྤྱོད་མཆོག་ལ་གནས་ཏེ། །ཆགས་མེད་ཆགས་པ་ཆེན་པོའི་ལམ་གྱིས་ཆགས་སོགས་ཉེས་པའི་ཚོགས་ཀུན་རང་མལ་དུ་སྤོང་པའི་དོན་གྱི་དགེ་སྦྱོང་ཆེན་པོ་ནི་ཉོན་མོངས་རང་སར་དག་པའི་རིག་པ་འཛིན་པའི་དགེ་འདུན་ཡིན། ཡང་གསང་འདུས་བརྟག་པའི་རྒྱལ་བོ[84]་ལས། “རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་ལྟ་བུ་མ་སྐྱེད་ཅིག ཅིའི་ཕྱིར་ཞེ་ན། །རིགས་ཀྱི་བུ་གང་འདི་བྱང་ཆུབ་སེམས་དཔའའི་སྤྱོད་པ་ནི་མཆོག་གི་སྤྱོད་པའོ། ། གང་འདི་སྔགས་ཀྱི་སྤྱོད་པ་ནི་དེ་བཞེན་གཤེགས་པའི་སྤྱོད་པའོ་ཞེས་པ་ནས་དམ་ཚིག་གི་རྗེས་སུ་རིག་པར་བྱའོ་ཞེས་པས། བསྒྱུར་བ་ལྡེམ་པོར་དགོངས་པའི་ཐེ་ཚོམ་སེལ་བའོ། །” གསུངས།
དཔུང་བཟང་གི་རྒྱུད་[85]ལས། “གང་ཞིག་རང་བཞིན་ཆགས་དང་རྣམ་བྲལ་ཡང་། །བརྩེ་ལ་སྙིང་རྗེ་ཁྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་ཚུལ་གནས་དེ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡི། །འགྲོ་བ་ཀུན་ལ་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། ། ཞེས་དང་། དེ་ལྟ་བུའི་གསང་བ་སྔགས་ཀྱི་ཁྱད་ཆོས་ལ་ངེས་པའི་རིག་པ་ཡང་དག་པར་འཛིན་པ་དག་ནི་རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་དཔལ་མཆོག་[86]ལས། “འདི་ལྟར་སྔགས་ཀྱི་སྤྱོད་པ་ནི། །བཙུན་མོའི་འཁོར་གྱི་ནང་དག་ཏུ། །འདོད་ཡོན་མངོན་པར་རོལ་གྱུར་ཀྱང་། །ཟག་མེད་བདེ་བ་ཆེན་པོ་ཡི། །ཡེ་ཤེས་ཀུན་ཏུ་སྤྱོད་པས་ན། །དེ་བཞིན་གཤེགས་པའི་སྤྱོད་པའོ། །” ཞེས་ཞེས་དང་། རྡོ་རྗེ་སྙིང་རྒྱུད་[87]ལས། “ལུས་ངག་ཡིད་གསུམ་བདེ་དམ་པ། །ལྷ་མོ་ལས་ནི་བསྐྱོད་བྱ་སྟེ། །བྱང་ཆུབ་ཆེན་པོ་བདེ་བ་ཡིས། །ཚུལ་བཞིན་དུ་ནི་སྔགས་པས་བྱ།།” ཞེས་པ་ལ་སོགས་པའོ། །
སྔགས་པའི་ཉེ་ལམ་གྱི་ཆེ་བ་ནི། དགོངས་པ་ལུང་བསྟན་[88]ལས། “ཤིན་ཏུ་གྲངས་མེད་བསྐལ་བ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །སྐད་ཅིག་ལ་རྫོགས་བྱང་ཆུབ་ཐོབ། །”ཞེས་པ་ལྟར་རྣམ་རྟོག་གཉེན་པོས་འཇོམས་པ་དང་རང་ངོ་ཤེས་པའི་ཁྱད་པར་ལས་གསང་སྔགས་པ་དག་གི་ལམ་ལ་བགྲོད་ཚུལ་ཤེས་བར་བྱ། སྔགས་ཀྱི་མཐུ་དང་ནུས་པའི་ཆེ་བ་ནི་འདི་ལྟར། དགོངས་བ་ལུང་བསྟན་ལས། “སངས་རྒྱས་སྔགས་དོན་རྣལ་འབྱོར་ལ། །ནུས་པ་བསམ་མི་ཁྱབ་ལྡན་པ། །དེ་འདྲ་བར་ནི་ཕྱིར་བརླག་པར། །སྔགས་པ་གཞན་གྱིས་མི་ནུས་སོ། །” ཞེས་དང་། དེ་ཉིད་ལས། “སེམས་ཅན་འཁོར་བར་འཁོར་གྱུར་བ། །དེ་ཚེ་ཞེ་སྡང་ཆེ་སྐྱེ་འམ། །སྙིང་རྗེ་བསད་བར་བྱའོ་ཞེས། །སྔགས་པ་རྣམས་ནི་དེ་མི་སྤོང་། །” ཞེས་དང་། ཡང་དེ་ལས། “འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོའི་ཚུལ་མཆོག་ཏེ། །སྔགས་པ་རྣམས་ཀྱིས་ཉིན་རེར་བཞིན། །རབ་ཏུ་འབད་པས་བསྒོམ་པར་བྱ། །” ཞེས་དང་། ཕྱག་རྒྱའི་ཚུལ་ཡང་འདི་ལྟར་ལྟ་སྒོམ་སྤྱོད་པ་ཉམས་འོག་ཏུ་ཚུད་པའི་སྔགས་པས་ཅི་ལྟར་ན། །ངེས་བརྗོད་བླ་མ་[89]ལས། “བདག་ཉིད་ཕྱག་རྒྱར་ལྡན་བྱས་ནས། །སྔགས་པས་རྟག་ཏུ་མཆོད་པར་བྱ། །སྔགས་པས་དཀྱིལ་འཁོར་ཞུགས་པ་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ།།” ཞེས་གསུངས་པ་དང་། མཁའ་འགྲོ་སྒྱུ་མ་ཆེན་པོའི་རྒྱུད[90]་ལས། “རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབ་ལ། །སྐལ་བཟང་རང་གི་ཕྱག་རྒྱའི་མཚན། །ཚོགས་ཀྱི་འཁོར་ལོར་བརྟན་པར་བྱ། །”ཞེས་དང་། རྣམ་སྣང་མདོ་སྡེ་དབང་པོ་[91]ལས། “སྔགས་པ་ནམ་ཞིག་མཉམ་བཞག་ན། །སྲིད་པ་རབ་ཏུ་དོག་པ་ན། །ཐོག་མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་འགྱུར། །བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་དེ་ནམ་ཞིག་སྒོམ་བྱེད་པ། དེ་ཚེ་སྔགས་པ་རྣལ་འབྱོར་པ། །ཆུ་ཡི་པདྨ་ལྟ་བུར་ནི། །དགེ་དང་མི་དགེ་འབྲས་འབྱུང་བའི། །ལས་ཀྱི་རྟོག་པས་མི་གོས་ན། འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །” ཞེས་གསུངས་པ་ལྟར་དགེ་མཚན་ཆེས་མང་ཡང་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱིས་ག་ལ་ཡོང་།
དྲག་པོའི་ཆོ་གར་སྐབས་སུ། བདེ་མཆོག་འབྱུང་རྒྱུད་[92]ལས། “གསུས་འཕྱང་རལ་བའི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི། །སྔགས་པ་མཁས་པས་བལྟ་བར་བྱ། །” ཞེས་དང་། ཡང། ཁྲག་འཐུང་མངོན་འབྱུང་[93]ལས། “སྔགས་པས་གོས་ནི་ནག་པོ་བྱས། །དྲག་པོ་ལས་ཀྱི་སྦྱིན་སྲེག་བྱ། །” ཞེས་དང་། གསང་བ་རྒྱན་བཀོད་པའི་རྒྱུད་[94]ལས། “ཞི་དང་རྒྱས་དང་དེ་བཞིན་དབང་། །དྲག་ཤུལ་སྤྱོད་པའི་རིམ་པ་ཡིས། །དགུག་དང་དབབ་པའི་ལས་རྣམས་ནི། །སྐད་ཅིག་ཙམ་ཞིག་བསྐུལ་བ་ཡིས། །སྔགས་པས་ཐམས་ཅད་བྱེད་པར་འགྱུར། །” ཞེས་དང་། ཡང་དེ་ཉིད་ལས། “དེ་ནི་ཕན་ཚུན་ཤེས་རབ་ཀྱིས། །སྔགས་པ་ཆེན་པོས་སྦྱར་བར་བྱ། ། ཞེས་དང་། གཞན་ཡང་དེ་ཉིད་ལས། “སྦྱོར་བ་འདི་ཡི་བཅིང་བ་རུ། །སྔགས་ཤེས་གཙོ་བོ་སྔགས་པས་བྱ། །” ཞེས་གསུངས་སོ། ། ལས་བཞི་གང་གི་སྐབས་སུ་ཡང་ལྟ་སྒོམ་གྱིས་རྩིས་ཟིན་ཅིང་ཆོ་གའི་ཡན་ལག་མ་ཉམས་པར་འཇུག་རྒྱུ་སྔགས་པའི་ལས་ཀྱི་སྦྱོར་བ་ཡང་དག་པ་ཡིན།
གསང་སྔགས་དེ་ཉིད་བསྒྲུབ་པའི་གནས་དག་ཡང་། དཔལ་ཡང་དག་སྦྱོར་བའི་རྒྱུད་[95]ལས། “བཞི་མདོ་དང་ནི་རི་བོ་དང་། །ཤིང་གཅིག་གམ་ནི་དུར་ཁྲོད་དང་། །བཞིར་ནི་དེ་ནས་སྔགས་པ་ཡིས། །བསྒོམ་པ་བཟང་པོ་བྱ་བར་བརྗོད། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐར་ནི། །ཅུང་ཟད་དྲོད་ནི་ཐོབ་པ་ཡིས། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །བདག་ཉིད་གལ་ཏེ་འགྲུབ་འདོད་པས། །བྱིས་པ་བཞིན་དུ་སྤྱད་ནས་ནི། །སེམས་ཅན་རྗེས་སུ་བཟུང་བའི་ཕྱིར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །” ཞེས་པའོ། གཞན་ཡང་དཔུང་བཟང་གི་རྒྱུད་[96]ལས། “ལྷ་ཁང་སྟོང་པ་དག་དང་་ཤིང་དྲུང་ངམ་། །རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང་། །ནགས་ཚལ་སྟོང་བ་དང་ནི་ཡུལ་སྟོང་དང་། །གནས་གང་རུང་པས་སྔགས་པས་གནས་ཞིང་བཟླས། །” ཞེསསོ། །
སྔགས་པ་ལྷའི་བདག་ཉིད་དུ་བསྒོམ་པའི་ཚུལ་ནི། ཡང་དག་སྦྱོར་བའི་རྒྱུད་[97]ལས། “རྡོ་རྗེ་ལུས་ནི་བདག་ཉིད་དུ། །སྔགས་པས་བསྒོམ་པར་རབ་ཏུ་བྱའོ། །” ཞེས་སོ། ། དཔལ་གསང་སྙིང་པོའི་རྒྱུད་[98]ལས། “ཨེ་མའོ་རྡོ་རྗེ་ཕུང་པོ་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་་ཉིད། །” ཅེས་དང་། ཡང་གསང་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་[99]ལས། “བདག་ཉིད་ལྷ་དང་མཉམ་སྦྱར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །” ཞེས་སོ། ། མངོན་བརྗོད་བླ་མ[100]་ལས། “སྔགས་པས་དཀྱིལ་འཁོར་ཞུགས་ནས་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །རང་ཉིད་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་མཆོག་ནི་འགྲུབ་པ་ཡིན། །” ཞེས་དང་། ཡང་གསང་འདུས་རྩ་རྒྱུད་[101]ལས། “སྐུ་གསུང་ཐུགས་ཀྱི་མཚན་ཉིད་ནི། །རྣམ་པར་དཔྱད་ནས་བསྡུ་བ་ཡིས། །བྱང་ཆུབ་སྦྱོར་བ་་ཏིང་ངེ་འཛིན། །སྔགས་ཀྱི་བརྟགས་པ་བསྒོམ་པར་བྱ། །” ཞེས་དང་། ཡང་དེ་ཉིད་ལས། “སངས་རྒྱས་ཀུན་གྱི་སྐུ་གང་ཡིན། ཕུང་བོ་ལྔ་ཡིས་རབ་ཏུ་རྒྱས། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །བདག་ཀྱང་དེ་དང་འདྲར་གྱུར་ཅིག། ཅེས་དང་། ཡང་དཔལ་དགྱེས་བ་རྡོ་རྗེ་[102]ལས་ཀྱང། “ཐ་མལ་རྣམ་རྟོག་གཉེན་པོའི་ཚུལ། །སངས་རྒྱས་སྐུ་ནི་ཡོངས་བརྟགས་པར། །ལྷ་ཡི་སྐུ་ནི་བསྒོམ་བྱས་ན། །དེས་ནི་སྣ་ཚོགས་རྒྱ་ཆེན་འགྲུབ།།” ཅེས་དང་། གཞན་ཡང་རྡོ་རྗེ་སྙིངཔོའི་རྒྱན་གྱི་རྒྱུད[103]་ལས། “རྗེས་སུ་དྲན་པ་རྣམ་པ་དྲུག །བདག་ཉིད་རྩེ་གཅིག་གིས་བསྒོམ་ན། །སྔགས་པ་རྡོ་རྗེ་འཛིན་པ་རུ། །སྔགས་པ་དུས་མི་རིང་བར་འགྱུར། །” ཞེས་པ་ལྟར་བསྐྱེད་དོ། །
འདོན་ཡོན་རང་རྒྱུད་དུ་མི་འཛིན་པར་ཐབས་ཀྱི་སྤྱོད་པའི་ཚུལ་ནི། གསང་འདུས་རྩ་རྒྱུད[104]་ལས། “གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས། ལྷ་རྣམས་ཉིད་དུ་རྟག་ཏུ་བསྒོམ། །” ཞེས་དང་། ཡང་དེ་ཉིད་ལས། “གཟུགས་དང་སྒྲ་དང་རོ་ལྡན་པ། །ཤེས་རབ་ཅན་གྱི་ཟླ་དྲུག་བསྒོམ། །གསང་བའི་དེ་ཉིད་མཆོད་ཆེན་གྱིས། །ལེགས་པར་མཆོད་ནས་བསྒོམ་པར་བྱ།།” ཞེས་གསུངས། གཞན་ཡང་དགོངས་པ་ལུང་བསྟན་[105]ལས། “ཀུན་མཁྱེན་ཡེ་ཤེས་ཆགས་ལྡན་པས། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །བྱང་ཆུབ་སེམས་དཔའ་མཉེས་བྱ་ཡིན། །བྱང་ཆུབ་ཕ་རོལ་བྱིན་ཆགས་བྱ།།” ཞེས་དང་། ཡང་དེ་ཉིད་ལས། “གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་དབྱིངས། །དེ་དག་དངོས་བོ་མེད་གྱུར་བྱས་པ། །དེ་ནི་སངས་རྒྱས་མཆོད་མཆོག་ཡིན།།” ཞེས་དང་། དཔལ་མཆོག་དང་པོ་སྔགས་རྟོག་དུམ་བུ་[106]ལས། “རང་ལྷའི་རྣལ་འབྱོར་ཇི་བཞིན་དུ། མཆོད་པ་ཀུན་མཆོག་སྐུ་རྣམས་ལ། །མཆོད་དེ་སྔགས་པས་གླུ་རྣམས་ཀྱི། །རོལ་མོའི་རྣམ་འཕྲུལ་ཀྱིས་རྗེས་མཆོད། །” ཅེས་དང་། གཞན་ཡང་། རྡོ་རྗེ་གདན་བཞི་[107]ལས། “འདོད་པ་ལྔ་བོ་ཉེ་བར་བསྟེན། །བདེ་བར་སྤྱོད་ཅིང་བདེ་བར་རེག །འདོད་པ་ཀུན་དང་ཉེར་ལྡན་པ། བདེ་བའི་སེམས་ཀྱིས་བསྒྲུབ་པར་བྱ། །” ཞེས་དང་། ཡང་ཟླ་གསང་ཐིག་ལེ་[108]ལས། “གར་དང་དབྱངས་ཀྱི་རོ་དགའ་དང། །སིལ་སྙན་བརྡུང་བ་རྣམས་བྱེད་ཅིང་། པི་ཝང་གླིང་བུ་རྫ་རྔ་ཡི། །ཕྱག་རྒྱ་འདི་ཡི་སྒྲུབ་པར་བྱ། །“ཞེས་པ་ལྟར་རོ། །
གསང་སྔགས་སྤྱོད་པ་དག་དབྱར་ལ་གནས་པའི་ཚུལ་ཡང་འདི་ལྟར། དཔུང་བཟང་གི་རྒྱུད་[109]ལས། “སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ། །ཇི་ལྟར་རྒྱལ་བའི་དགེ་སློང་དབྱར་ཟླ་གསུམ། །བརྟུལ་ཞུགས་གནས་གཞན་མི་འགྲོ་གསུངས་པ་བཞིན། །དེ་ནས་བཅོམ་ལྡན་འདས་ཀྱི་སྔགས་པ་ཡང་། །སྔགས་པ་དབྱར་ནི་སྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱི་ནི་དུས་ནི་འདའ་བར་བྱ། །དབྱར་བཟླས་ནས་ནི་གསང་སྔགས་གཟི་བསྐྱེད་པས། ཡང་། གང་ཞིག་ཡུལ་དང་ཁྱིམ་ལ་བསྟེན་ཀྱང་རུང་། །དཀའ་ཐུབ་མ་ཉམས་རྩེ་གཅིག་ཡིད་ཀྱིས་ནི། །ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་བཟླས་ན། །དེ་ཡི་གསང་སྔགས་དུས་ཤིག་ན་ནི་འགྲུབ། །” ཞེས་གསུངས་པས་སྔགས་པ་དབྱར་གནས་ལ་ཡང་གནས་ཏེ་བཟླས་བརྗོད་ལ་འབད་དགོས་པ་གསལ་པོར་བསྟན་འདུག
སློབ་དཔོན་ཁྱིམ་སྔགས་ཡིན་ཚེ་སློབ་མ་རབ་བྱུང་གིས་ཆོས་ཀྱི་འདུ་བ་ཁོ་ན་ལས་ཕྱག་འཚལ་མི་རུང་བ་ནི། འདི་ལྟར་དཔལ་གསང་བ་སྤྱིའི་ཆོ་ག་སྙིང་པོ་རྒྱན་[110]ལས། “སློབ་མ་རྒྱལ་མཚན་དང་ལྡན་པས། །བླ་མ་ཁྱིམ་པའི་རྟགས་འཛིན་ན། །ཁྲུས་དང་སྨད་བའི་ཉེས་པ་དང་། །ཆོས་ལས་མ་གཏོགས་ཕྱག་མི་བྱ། །” ཞེས་གསུངས་སོ། གསང་སྔགས་ལམ་གྱི་འཇུག་སྒོར་བླ་མ་མེད་དུ་མི་རུང་བ་ཡིན་པས་བླ་མའི་མཚན་ཉིད་ལྡན་པ་ལས་སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་ལེགས་པར་མནོས་ནས་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བར་ལམ་ཉམས་སུ་ལེན་དགོས་པས། དཔལ་འཁོར་ལོ་སྡོམ་པ་[111]ལས། “སྨིན་པས་བྱེད་པ་དབང་བཞི་ལ། །གྲོལ་བ་བསྐྱེད་རྫོགས་གཉིས་ཀྱི་ལམ། །ལམ་གཉིས་ལ་ནི་བསྟེན་ནས་ནི། །སྔགས་པས་བྱང་ཆུབ་བསྒྲུབ་པར་བྱ། །” ཞེས་དང་། ཡང་དེ་ཉིད་ལས། “དབང་བཞི་བགྲོད་པའི་སྔགས་པ་ཡིས། །སྔོན་དུ་བླ་མ་མཉེས་བྱས་ལ། །ཡར་ངོ་མར་ངོ་ཚེས་བཅུ་ལ། །དཔའ་བོ་རྣལ་འབྱོར་ཚོགས་ཀྱིས་མཆོད། །” ཅེས་པས་བླ་མ་མཉེས་བར་བྱ་བའི་དགོས་བ་ནི་རང་རྒྱུད་ཀྱི་གཞིར་གནས་ཡེ་ཤེས་གནས་ལུགས་ཟབ་མོ་དེ་ཉིད་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་གང་ཞིག་གསང་བ་མན་ངག་གིས་ལམ་ནས་མངོན་དུ་འགྱུར་ཆེད། བླ་མའིཐུགས་དགོངས་ཟིན་པ་གནད་དུ་ཆེེ་བས་གཤིས་འཇམ་བག་ཕེབས་ཀྱི་སེམས་གཤིས་རྣམ་པར་དག་པ་ཞིག་དགོས།
དེ་ཡང་། ཀྱེེ་རྡོ་རྗེ་[112]ལས། “གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་པས། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །” ཞེས་དང་། ཡང་། འཕགས་པ་ཐབས་ཞགས་ཀྱི་རྒྱུད་[113]ལས། “ཡི་གེ་ཀུན་ལ་མི་སྣང་ཞིང་། །བླ་མའི་ཐུགས་ལ་གནས་པ་ནི། །སྐལ་ལྡན་མཆོག་གི་སྤྱོད་ཡུལ་ཏེ། །ཀུན་དང་ཐུན་མོང་དེ་མ་ཡིན། །” ཞེས་བརྗོད་པ་ན་རང་ཉིད་བླ་མའི་བྲན་གཡོགས་སུ་གྱུར་པའི་བསམ་སྦྱོར་ནི། དབང་ཤེས་ལ་བརྟེན་པའི་བློ་གང་ཡིན་པ་དེ། སྤྱིར་རྟེན་འབྲེལ་གནས་ལུགས་ཟབ་མོ་དང་། ལྷག་པར་དུ་མན་ངག་ལུགས་ཀྱི་མྱོང་ཁྲིད་ལ་བློ་གྲོས་ཀྱི་མིག་ཙམ་ཡང་ཕྱེས་མེད་པའི་རང་རྟགས་ཁོ་ན་ཡིན། དེ་བས་ན་སྔགས་ཕྱོགས་མ་ཟད་མདོ་ཕྱོགས་སུ་ཡང་དེ་བཞིན་གཙིགས་སུ་འཛིན་པ་ཅི་ལྟར་ན། མདོ་ཕལ་ཆེན་[114]ལས། “ཤེས་རབ་ཆུང་ངུས་ཆོས་འདི་དག །ཀུན་ནས་ཤེས་བར་མི་ནུས་ཏེ། །” ཞེས་སོ། རིག་པ་རྣོན་པོ་དང་དྲན་རིག་རྒོད་པོ་ཡོད་པ་ཙམ་གྱིས་རྟོགས་པའི་ཡུལ་མིན་པས་སོ། གཞན་ཡང་སྤྱོད་འཇུག་[115]ལས་ཀྱང་། “དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །” ཞེས་དོན་དམ་པའི་བདེན་པ་ནི་བློ་ཐ་མལ་པས་ཤེས་བྱའི་ཡུལ་མིན་པར་གསུངས་པས་ན། བློ་བྱས་འཛིན་པའི་ལྟ་བ་ཐང་རེ་ཆད་ཞེས་དབང་བོ་འཁྲུལ་ཤེས་ཅན་འདིས་གསང་བ་ཟབ་མོའི་གནས་ལུགས་འདི་ལ་ཡོད་མེད་ཡིན་མིན་སོགས་ཀྱི་ཁ་ཚོན་གཅོད་མི་ནུས་ཤིང་། དྲན་རིག་རྒོད་པོའི་བློས་རང་མཚང་རང་གིས་མི་མཐོང་བ་མིག་ལ་མིག་ཤེལ་གོན་པ་དང་འདྲ་བར་ཡུལ་ཕར་བལྟས་ལ་གསལ་བ་ལས་ཚུར་བལྟས་ལ་མི་ནུས་པ་དང་ཀུན་ནས་གཅིག་མཚུངས་ཡིན། བློ་ནི་ཡིད་དཔྱོད་བཅོས་མ་ཡིན་པས། བསྟན་འགྱུར་ལས། རཏྣ་བྷོ་དྷིས[116]། “བཅོས་པ་ཐམས་ཅད་བློ་ཡིན་ཏེ། །བློ་ལས་གྲོལ་ན་ཐར་བའི་ལམ། །” ཞེས་གདམས་པས་ན། བློ་ལས་འདས་བ་ཞིག་ངེས་པར་དུ་ཡིན་མོད། གསང་བ་ལམ་གྱི་རང་བཞིན་འདི་ལ་ཐོག་མར་གསལ་འདེབས་ཀྱི་ཚུལ་དང་། བར་དུ་བསྒོམ་མྱོང་གི་ཚུལ། ཐ་མར་རིག་རྩལ་གྱི་ཚུལ་གསུམ་གྱི་རིམ་པའི་བགྲོད་ཚུལ་ལ་གོ་ཐོས་དང་མྱོང་ཟིན་ཅི་ཡང་མེད་པ་ཞིག་གིས་བསམ་པར་མི་ནུས་སོ། ། དོན་དམ་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དག་མཉམ་དབྱེར་མེད་ཆེན་པོ་རང་བཞིན་གྱི་འོད་གསལ་བ། གདོད་ནས་དག་ཅིང་གང་དུ་ཡང་མ་འདྲེས་པ་སེམས་ཉིད་དག་པ་ལྷུན་མཉམ་ཡེ་རྫོགས་ཆེན་པོར་མངོན་དུ་བྱས་པ་ལ་དགོངས་ནས། མདོ་ཕལ་པོ་ཆེ་[117]ལས་ཀྱང་། “དེ་བཞིན་གཤེགས་པ་བླ་ན་མེད་པའི་ཚུལ། །སེམས་ཅན་ཀུན་གྱི་བསམ་པར་མི་ནུས་ཏེ། །རྣམ་པ་ཐམས་ཅད་རྒྱལ་བས་རབ་ཏུ་བསྟན། །དེ་ནི་དྲན་པ་དགེ་བའི་མིག་གིས་མཐོང་། །” ཞེས་དྲན་བྱེད་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་བསྟན་ནོ། ། དེ་བས་ན་ཆོས་ཉིད་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཟབ་མོ་འདི་སྤྱོད་པའི་སློབ་མ་ནི། ཇི་ལྟར་ན། །[118] ” གང་ཕྱིར་ཤིན་ཏུ་གསང་པས་ན། །དེ་ཉིད་བདག་གིས་གསལ་མ་བྱས། །དེས་ན་བླ་མ་ཡང་དག་པར། །མཉེས་བྱས་ཡང་དག་འདོད་པའི་བླངས། །” ཞེས་བླ་མ་མཉེས་བར་བྱ་བ་ནི་རང་གི་འདོད་བློ་དང་མི་གཞིའི་ཆེ་བའི་ཡོན་ཏན་ལ་ཆེད་དུ་དམིགས་པའི་ཆོས་འཛིན་སློབ་མའི་འགྲོ་ལུགས་ཞིག་ཡིན་པ་ལས། བོང་བུའི་མགོ་ལ་དབྱུག་པས་བསྣུན་པ་ལྟར་དབང་མེད་དུ་མགོ་བསྒྱུར་བྲན་བསྒྱུར་བྱས་པ་ལྟ་བུ་གཏན་ནས་མིན་པ་བློ་གཟུ་བོར་གནས་པའི་དཔྱོད་ལྡན་སྤྱི་དང་། སྒོས་སུ་ལམ་འདི་དོན་དུ་གཉེར་ཞིང་རྒྱུན་གྱི་སྲོག་ཏུ་འཛིན་པའི་སྔགས་པ་རྣམས་ཀྱིས་གཞན་གྱི་དྲིང་ལ་མི་འཇོག་པར་སྙིང་སྟོབས་དགེ་བའི་གྲོགས་སུ་ལོངས་ཤིག །འདི་ལྟར་རྒྱ་གར་གསང་སྔགས་པ་རྣམས་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་མ་བཅོས་གཉུག་མའི་གཤིས་སུ་གུ་ཡངས་བློ་བདེ་ངང་བྱར་མེད་ཡེངས་མེད་དུ་དགོངས་ཉམས་སུ་བསྟར་བའི་ཆེ་བ་ནི་བརྗོད་ཀྱིས་མི་ལངས་སོ། །
རྡོ་རྗེ་སྙིང་རྒྱན་གྱི་རྒྱུད་ཀྱི་རྒྱལ་བོ[119]ལས། “རང་ཉིད་ཤེས་རབ་ཡིན་ནོ་ཞེས། །སངས་རྒྱས་རྟག་ཏུ་བསྒོམ་པར་བྱ། །དབང་པོ་དྲུག་ནི་རབ་བསྒྲུབ་ཏེ། །སངས་རྒྱས་ཉིད་དུ་རྣལ་འབྱོར་བྱ། །ཀུན་གྱི་རྒྱལ་པོ་སྔགས་པ་ཉིད། །རང་ཉིད་ཀུན་གྱི་རྒྱལ་བོ་མཚུངས། །རིག་པ་འཛིན་པ་ཐམས་ཅད་དང་། །བྱང་ཆུབ་ཀུན་གྱི་ཕ་རོལ་སོན། །” ཞེས་དང་། རྣམ་སྣང་མདོ་སྡེ་དབང་པོ་[120]ལས་ཀྱང་། “དེ་བཞིན་རྣལ་འབྱོར་ཉིད་ཀྱིས་ཀྱང་། །སྔགས་པ་སྔགས་ལ་གནས་པ་དག །བསོན་ནམས་བྱ་བའི་ལས་རྣམས་ཀྱིས། །འཇའ་དང་འདྲ་བའི་ལུས་ཀྱང་ཐོབ། །” ཞེས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་དང་འཇའ་ལུས་འཕོ་བ་ཆེན་པོ་མཆོག་གི་སྐུ་འགྲུབ་རུང་པར་ཡང་གསལ་བར་བསྟན། དེ་ལྟ་བས་ན་རྨད་བྱུང་ཐབས་མཆོག་དབང་བསྒྱུར་ཐབས་ཀྱི་ལམ་པོར་ཆེ་འདིར་བདག་གིར་བཞེས་པའི་རྒྱ་གར་གྱི་བྱུང་བ་རེ་ཞིག་བསྡུས་སོ། །
གསལ་བཤད།
ལུང་ཚིག་འདི་དག་སྔ་མོ་ནས་བཀའ་བསྟན་དཔེ་ཀློག་སྐབས་ཅུང་ཙམ་རེར་བྱེད་སྐབས་ལུང་ཐོར་བུ་རེ་ཉར་བ་དག་ལས། འདིར་རྒྱ་གཞུང་གི་མདོ་རྒྱུད་དཔེ་པོད་དྲུག་ཅུ་ལྷག་གི་ལུང་བཀོད་པ་ཡོད་ཀྱང། སྔོན་དུས་ཉམས་མྱོང་གིས་དབེན་པས་ཁ་ཤས་ལ་མདོ་རྒྱུད་ཀྱི་དཔེ་མིང་དང་། བཀའ་བསྟན་གང་གི་ཁུངས་སུ་གཏོགས་པ། སྡེབ་གྲངས་སོགས་གསལ་པོ་ནན་ཏན་མེད་པས། ཉེ་ཆར་གྱི་ (app store) བིམ་མཛོད་དུ་བསྐྲུན་པའི་བཀའ་འགྱུར་ལྟར་སྡེབ་གྲངས་བཙལ་ནས་བཀོད་ཡོད་པས། བདག་གིས་ཐོག་མར་བཤུས་སྐབས་ཀྱི་ཚིག་དང་བིམ་མཛོད་ནང་གི་ཤོག་ངོས་ཀྱི་ཚིག་ལ་རེ་ཟུང་མ་འདྲ་པ་འདུག་ཀྱང་། ཚིག་ལ་འགྱུར་པ་མ་བཏང་བར་རང་སོར་བཞག་ཡོད། རྒྱུ་མཚན་ནི་བིམ་མཛོད་ནང་གི་ཨ་དར་ཤའི་བཀའ་འགྱུར་ནང་དུ་ཡང་མཛུབ་གནོན་གྱི་དབང་གིས་ཡིག་ནོར་མི་ཉུང་བ་ཙམ་འདུག་པའི་རྐྱེན་གྱིས་ཡིན། གང་ལྟར་ཁོ་བོས་མདོ་རྒྱུད་ལས་བཤུས་ཏེ་བྲིས་པ་ལ་ཡང་བརྩོན་ཆུང་ཅོལ་ཆུང་གི་དབང་གིས་ནོར་འཁྲུལ་གྱི་ཆ་ཅི་ཡང་ཡོད་སྲིད་པས་ལམ་འདིར་ངེས་པའི་ཤེས་རབ་ཡོད་པ། སྒོམ་པའི་མྱོང་བ་ཡོད་པ། བསམ་པའི་མཁྱེན་དཔྱོད་ཡངས་པ་དག་གིས་ནོར་བ་བཅོས་ཏེ་གོ་ལོག་བསལ་ནས་མཛུབ་སྟོན་གནང་རྒྱུར་གུས་པས་དགའ་བསུ་ཞུ།། །། རྟགས་(-)འདིའི་ནང་གི་(ཉ)་ནི་ཉིན་ཤོག (ས)་ནི་སྲིབ་ཤོག་གི་དོན་ཡིན་པ་ཐུགས་སུ་འཇགས་པར་འཚལ།
གུས་པ་རླངས་སྔགས་སྐལ་བཟང་རྡོ་རྗེ་ཡིས་མདོ་རྒྱུད་དུ་མ་ནས་བཏུས་ཏེ་བྲིས་པའོ། །
ཕྱི་ལོ་༢༠༡༦་༥་༢༡་། བོད་རྒྱལ་ལོར་༢༡༤༣ས་ག་ཟླ་བ་སྦྲུལ་ཟླའི་ཚེས་བཅུའི་ཉིན་རྫོགས་པར་བྲིས།
༼ལུང་སྦྱོར་དཔེ་ཁུངས༽
[72] སྒྱུ་འཕྲུལ་ཐལ་བ། ལེའུ ༢༦་བཞུགས། རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) ཤོག་གྲངས་(༢༤༢-ས) ཡང་(༢༤༢-ས) ༼རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་འཕན་ཡུལ་དུ་བསྒྱུར།
[73] གསང་སྙིང་རྩ་རྒྱུད། ལེའུ ༣༣་བཞུགས། རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) ཤོག་གྲངས་(༤༡༣-ཉ) ཡང་དེ་ལས(༤༡༥-ཉ)༼རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་བསྒྱུར།
[74] རྡོ་རྗེ་གདན་བཞི། ལེའུ ༨་བཞུགས། རྒྱུད་འབུམ། པོད་(༨༨-ང) ཤོག་གྲངས་(༢༣༨-ཉ) ཡང་དེ་ལས་(༢༣༨-ཉ) ༼རྒྱ་གར་གྱི་མཁན་པོ་གཱ་ཡ་དྷ་ར་དང་། ལོ་ཙྪ་བ་འགོས་ཁུག་པ་ལྷ་བཙས་ཀྱིས་བསྒྱུར།
[75] དཔལ་གདན་བཞི། ཤོག་གྲངས(༢༣༨-ས) གཞན་ཡང་ཤོག་གྲངས་(༢༤༠-ཉ) ༼གཞན་རྣམས་གོང་བཞིན་ཡིན།
[76] འཇམ་དཔལ་སྒྱུ་དྲྭ། ལེའུ བཞུགས། རྒྱུད་འབུམ། པོད་(༨༥-ཀ)(༥-ཉ) ༼སྒྲ་བསྒྱུར་གྱུ་ལོ་ཙྩ་བ་དགེ་སློང་བློ་གྲོས་བརྟན་པས་བསྒྱུར།
[77] གསང་སྙིང་རྩ་རྒྱུད། ལེའུ ༣༣་བཞུགས། རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) (༤༥༤-ཉ) ༼རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་འཕན་ཡུལ་དུ་བསྒྱུར།
[78] ཀུན་བཟང་ཀློང་དྲུག ལེའུ ༦་བཞུགས། རྙིང་མ་རྒྱུད་འབུམ། པོད་(༡༥-) ཤོག་གྲངས་(༤༡༦-ཉ) ༼ལོ་པཎ་གྱི་མཚན་བྱང་མི་འདུག
[79] སྒྱུ་འཕྲུལ་ཐལ་བ། ལེའུ ༢༦་བཞུགས། རྙིང་མ་རྒྱུད་འབུམ། པོད་(༢༥-ཟ) ཤོག་གྲངས་(༣༡༦-ཉ) ༼རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་འཕན་ཡུལ་དུ་བསྒྱུར།
[80] དགོངས་བ་ལུང་བསྟན། ལེའུ ༡༢་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༢༩༨-ཉ) ཡང་དེ་ནས(298-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། ཕྱིས་སུ་ཐང་ཆེན་པོ་རྒྱལ་མཚན་རིང་མོས་ཞུས་དག་བགྱིས་པའོ།
[81] དཔལ་བདེ་མཆོག་སྡོམ་འབྱུང་། ལེའུ ༣༣བཞུགས། རྒྱུད་འབུམ། པོད་(༨༦-ག)(༡༧༤-ཉ) ༼རྒྱ་གར་གྱི་མཁན་པོ་གཞན་ཕན་མཐའ་ཡས་དང་། ལོ་ཙྪ་བ་རྒྱུད་སྨོན་ལམ་གྲགས་ཀྱིས་བསྒྱུར། སླར་ཡང་པཎྜི་ཏ་ཤྲཱི་བ་ན་རཏྣའི་རྒྱ་དཔེ་ལས་ལོ་ཙྪ་བ་གཞོན་ནུ་དཔལ་གྱིས་ཞུསོ།
[82] དགོངས་བ་ལུང་བསྟན། ལེའུ ༡༢་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༢༨༧-ས) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། ཕྱིས་སུ་ཐང་ཆེན་པོ་རྒྱལ་མཚན་རིང་མོས་ཞུས་དག་བགྱིས་པའོ།
ཤོག་གྲངས་(༢༨༠-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། ཕྱིས་སུ་ཐང་ཆེན་པོ་རྒྱལ་མཚན་རིང་མོས་ཞུས་དག་བགྱིས་པའོ།
[83] བྲམ་ཟེ་ས་ར་ཧའི་གསུངས་འདི་ཁོང་གི་ཕྱག་རྒྱའི་ཉམས་མགུར་ནང་དུ་བཙལ་མ་ཐུབ་པས་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གི་ཤོག་གྲངས་༧༤༢་ཐིག་གྲངས་༩་བར་ཡོད་པ་ལྟར་བཀོད་ཡོད།
[84] གསང་འདུས་བརྟག་པའི་རྒྱལ་བོ། ལེའུ ༡༧་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༡༡༣-ས) ༼རྒྱ་གར་གྱི་མཁན་པོ་ཤྲད་དྷཱ་ཀ་ར་ཝརྨ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། སླད་ཀྱི་པཎྜི་ཏ་རྗེ་བཙུན་ཉི་མའི་དབང་པོ་དང་། ཆག་ལོ་ཙྪ་བ་ཆོས་རྗེ་དཔལ་གྱིས་ཞུས་དག་མཛད། ཐང་ཆེན་པ་རྒྱལ་མཚན་གྱིས་ཞུས་ཆེན་བགྱིསོ།
[85] དཔུང་བཟང་གི་རྒྱུད། ལེའུ ༡༡་བཞུགས། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༡༣-ཉ) ༼ལོ་པཎ་གྱི་མཚན་བྱང་མི་འདུག
[86] རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་དཔལ་མཆོག ལེའུ ༧༧་བཞུགས། རྒྱུད་འབུམ། པོད་(༨༨-ཆ) ཤོག་གྲངས་(༢༦༢-ཉ) ༼རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། ལོ་ཙྪ་བ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར། གཞན་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་རང་བསྒྱུར་བྱས་བ་ཞིག་ཀྱང་ཡོད་པར་གདའོ།
[87] རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། ལེའུ ༡༦་བཞུགས། པོད་(༨༨-ཅ) ཤོག་གྲངས་(༣༢༨-ས) ༼རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུབྟ་དང་། ལོ་ཙྪ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས།
[88] དགོངས་བ་ལུང་བསྟན། ལེའུ ༡༢་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས(༢༥༤-ཉ) ཡང་དེ་ཉིད་ལས་(༢༨༠-ཉ) ཡང་དེ་ལས་(༢༨༠-ཉ) གཞན་ཡང་(༢༨༡-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། ཕྱིས་སུ་ཐང་ཆེན་པོ་རྒྱལ་མཚན་རིང་མོས་ཞུས་དག་བགྱིས་པའོ།
[89] ངེས་བརྗོད་བླ་མ། ལེའུ ༦༩་བཞུགས། རྒྱུད་འབུམ། པོད་(༨༤-ཁ) ཤོག་གྲངས་(༡༢༡-ས) ༼རྒྱ་གར་གྱི་མཁན་པོ་དཱི་པངྐ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།
[90] མཁའ་འགྲོ་སྒྱུ་མ་ཆེན་པོ་རྒྱུད། ལེའུ ༢༢་བཞུགས། པོད་(༨༤-ཀ) ཤོག་གྲངས་(༡༧༧-ས) ༼ལྷ་རིན་པོ་ཆེས་བསྒྱུར། པཎྜི་ཏའི་མཚན་མི་འདུག
[91] རྣམ་སྣང་མདོ་སྡེ་དབང་པོ། རྒྱུད་འབུམ པོད་(༩༣-)ཐ ཤོག་གྲངས་(༡༥༤-ས) ༼རྒྱ་གར་གྱི་མཁན་པོ་ཤཱི་ལེན་ཏྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྟེ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར།
[92] བདེ་མཆོག་སྡོམ་འབྱུང་གི་རྒྱུད། ལེའུ ༣༣བཞུགས། རྒྱུད་འབུམ། པོད(༨༦-ག) ཤོག་གྲངས་(༡༧༦-ཉ) ༼རྒྱ་གར་གྱི་མཁན་པོ་གཞན་ཕན་མཐའ་ཡས་དང་། ལོ་ཙྪ་བ་རྒྱུད་སྨོན་ལམ་གྲགས་ཀྱིས་བསྒྱུར། སླར་ཡང་པཎྜི་ཏ་ཤྲཱི་བ་ན་རཏྣའི་རྒྱ་དཔེ་ལས་ལོ་ཙྪ་བ་གཞོན་ནུ་དཔལ་གྱིས་ཞུསོ།
[93] ཁྲག་འཐུང་མངོན་འབྱུང་གི་རྒྱུད། ལེའུ ༤༤་བཞུགས། རྒྱུད་འབུམ། པོད(༨༦-ག) ཤོག་གྲངས་(༢༡༣-ཉ) ༼རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་དཱ་ཡ་བཛྲ་དང་། ལོ་ཙྪ་བ་འཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས།
[94] གསང་བ་རྒྱན་གྱི་བཀོད་པའི་རྒྱུད། རྒྱུད་འབུམ། པོད་(༩༢-ཏ) ཤོག་གྲངས་(༣༡༤-ས) དེ་ཉིད་ལས་(༣༢༤-ཉ) ཡང་དེ་ལས(༣༢༤-ཉ) ༼རྒྱ་གར་གྱི་བརྡ་སྤྲོད་པ་ཆེན་པོ་བདེ་གཤེགས་དཔལ་དང་། ལོ་ཙྪ་བ་སྒྲ་བསྒྱུར་པ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར།
[95] དཔལ་ཡང་དག་སྦྱོར་བའི་རྒྱུད། རྒྱུད་འབུམ། པོད་(༨༦-ག) ཤོག་གྲངས་(༣༠༠-ས) ༼རྒྱ་གར་གྱི་པཎྜི་ཏ་གཱ་ཡ་དྷ་ར་དང་། ལོ་ཙྪ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར། སླད་ཀྱི་བུ་སྟོན་ཞབས་ཀྱིས་རྒྱ་དཔེ་རྩ་འབྲེལ་དང་བསྟུན་ནས་བཅོས་བསྒྱུར་མཛད།
[96] དཔུང་བཟང་གི་རྒྱུད། ལེའུ ༡༡་བཞུགས། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༡༠-ཉ) ༼ལོ་པཎ་གྱི་མཚན་མི་འདུག
[97] དཔལ་ཡང་དག་སྦྱོར་བའི་རྒྱུད། རྒྱུད་འབུམ། པོད་(༨༦-ག) ཤོག་གྲངས་(༢༨༨-ས)༼ལོ་པཎ་གོང་བཞིན་ཡིན།
[98] དཔལ་གསང་བ་སྙིང་པོའི་རྒྱུད། ལེའུ ༢༢་བཞུགས། བཀའ་མ། པོད་(༡༡-ད) ཤོག་གྲངས་(༡༢-ས) ༼རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་ར་དང་། རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདིར་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ་བསྒྱུར་ལྔ་བྱས་བར་གྲགས་སོ། ཡང་གཞི་འགྱུར་གསུམ་ནི་སློབ་དཔོན་སངས་རྒྱས་གསང་བ་དང་བཻ་རོ་ཙཱ་ན། སློབ་དཔོན་པདྨ་དང་གཉགས་ཛྙཱ་ན་ཀུ་མ་ར། བི་མ་ལ་དང་རྨ་རིན་ཆེན་མཆོག་བཅས་སྔ་དར་སྐབས་ཡིན། འདི་ལ་འཕྱོང་ཅན་དང་འཕྱོང་མེད་ཡང་གྲགས། རྩལ་འགྱུར་གཉིས་ཕྱི་དར་སྐབ་ཡིན། ཐར་ལོ་ཉི་མ་རྒྱལ་མཚན་དང་འགོས་ལོ་གཞོན་ནུ་དཔལ་གྱིས་བསྒྱུར་རོ།
[99] གསང་པའི་སྙིང་པོའི་དེ་ཁོ་ན་ཉིད་ངེས་པའི་རྒྱུད། ལེའུ ༨༠་བཞུགས། རྒྱུད་འབུམ། པོད་(༡༠༣-ཝ) ཤོག་གྲངས་(༢༦༤-ས) ༼ལོ་པཎ་གྱི་མཚན་བྱང་མི་འདུག
[100] མངོན་བརྗོད་བླ་མ། ལེའུ ༦༩་བཞུགས། རྒྱུད་འབུམ། པོད་(༨༥-ཁ) ཤོག་གྲངས་(༡༢༡-ས) ༼རྒྱ་གར་གྱི་མཁན་པོ་དཱི་པངྐ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། ཕྱིས་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང་། ལོ་ཙྪ་བ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཞུས། སླར་ཡང་པཎྜི་ཏ་ཨཱ་ནནྡ་དང་། ལོ་ཆུང་གིས་ཆད་ལྷག་རྣམས་བསབས་ནས་ཞུས་དག་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།
[101] གསང་འདུས་རྩ་རྒྱུད། ལེའུ ༡༧་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༡༠༨-ཉ) ཡང་དེ་ལས་(༡༡༠-ཉ) ༼རྒྱ་གར་གྱི་མཁན་པོ་ཤྲད་དྷཱ་ཀ་ར་ཝརྨ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། སླད་ཀྱི་པཎྜི་ཏ་རྗེ་བཙུན་ཉི་མའི་དབང་པོ་དང་། ཆག་ལོ་ཙྪ་བ་ཆོས་རྗེ་དཔལ་གྱིས་ཞུས་དག་མཛད། ཐང་ཆེན་པ་རྒྱལ་མཚན་གྱིས་ཞུས་ཆེན་བགྱིསོ།
[102] དཔལ་དགྱེས་པ་རྡོ་རྗེ། བསྟནའགྱུར། འདི་ཡང་ལོ་པན་སོགས་ངའི་ཟིན་བྲིས་ལྟར་མ་བརྙེད་པས། དེབ་གྲངས་ཇི་བཞིན་བཀོད་མ་ཐུབ།
[103] རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད། རྒྱུད་འབུམ། པོད་(༩༣-ཐ) ཤོག་གྲངས་(༢༢-ས) ༼བློ་གྲོས་དཔལ་འབྱོར་དང་། དཔལ་ལྡན་ཆོས་རྗེས་རྒྱུད་འདི་བསྒྱུར་ལྷག་མར་གྱུར་པ་དཔལ་ལྡན་བློ་གྲོ་བརྟན་པས་རྫོགས་པར་བསྒྱུར་ཞེས་བཀོད་འདུག
[104] གསང་འདུས་རྩ་རྒྱུད། ལེའུ ༡༧་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༡༠༩-ས) ཡང་དེ་ཉིད་ལས་(༡༠༨-ས) ༼རྒྱ་གར་གྱི་མཁན་པོ་ཤྲད་དྷཱ་ཀ་ར་ཝརྨ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། སླད་ཀྱི་པཎྜི་ཏ་རྗེ་བཙུན་ཉི་མའི་དབང་པོ་དང་། ཆག་ལོ་ཙྪ་བ་ཆོས་རྗེ་དཔལ་གྱིས་ཞུས་དག་མཛད།
[105] དགོངས་བ་ལུང་བསྟན། ལེའུ ༡༡་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༢༧༤-ས) ཡང་དེ་ལས(༢༧༢-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར། ཕྱིས་སུ་ཐང་ཆེན་པོ་རྒྱལ་མཚན་རིང་མོས་ཞུས་དག་བགྱིས་པའོ
[106] དཔལ་མཆོག་དང་པོ་སྔགས་ཀྱི་རྟོག་པ་དུམ་བུ། རྒྱུད་འབུམ། པོད་(༩༢-ཏ)་ཤོག་གྲངས་(༢༤༠-ཉ) ༼རྒྱ་གར་གྱི་མཁན་པོ་པཎྜི་ཏ་མནྟྲ་ཀཱ་ལ་ཤ་དང་། ལོ་ཙྪ་བ་ལྷ་བཙན་དགེ་སློང་ཞི་བ་འོད་ཀྱི་ཞལ་སྔ་ནས། ལོ་ཙྪ་བ་རིན་ཆེན་བཟང་པོ་ཡིས་དཔལ་མཆོག་དང་པོ་རྒྱུད་འདི་བསྒྱུར།
[107] རྡོ་རྗེ་གདན་བཞི། ལེའུ ༨་བཞུགས། རྒྱུད་འབུམ། པོད་(༨༧-ང) ཤོག་གྲངས་(༢༢༧-ཉ) ༼རྒྱ་གར་གྱི་མཁན་པོ་གཱ་ཡ་དྷ་ར་དང་། ལོ་ཙྪ་ན་འགོས་ཁུག་པ་པ་ལྷས་བཙས་ཀྱིས་བསྒྱུར།
[108] ཟླ་གསང་ཐིག་ལེ། རྒྱུད་འབུམ། པོད་(༩༠-ཇ) ཤོག་གྲངས་(༢༡༠-ས) ༼ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།
[109] དཔུང་བཟང་གི་རྒྱུད། ལེའུ ༡༡་བཞུགས། རྒྱུད་འབུམ། པོད་(༡༠༡-ཚ) ཤོག་གྲངས་(༢༡༠-ཉ) ༼ལོ་པཎ་གྱི་མཚན་མི་འདུག
[110] གསང་བ་སྤྱིའི་ཆོ་ག་སྙིང་པོ་རྒྱུད། བསྟན་འགྱུར། པོད་(༥༣-ཟི) ཤོག་གྲངས་(༤༦༦-ས) ༼སློབ་དཔོན་འཇམ་དཔལ་གྲགས་པས་མཛད། བལ་བོའི་མཁན་པོ་ཀ་ན་ཀ་ཤྲཱི་དང་། ལོ་ཙྪ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར། སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་ཧ་སྱ་བཛྲ་དང་། ལོ་ཙྪ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར་ཅིང་ཞུས།
[111] དཔལ་འཁོར་ལོ་སྡོམ་པའི་རྒྱུད། རྒྱུད་འབུམ། པོད་(༨༧-ང) ཤོག་གྲངས་(༧༧-ཉ) ཡང་དེ་ཉིད་ལས་(༧༧-ས) ༼པཎྜི་ཏ་གཱ་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་སེས་ཀྱིས་བསྒྱུར།
[112] ཀྱཻ་རྡོ་རྗེ། ལེའུ ༡༡་བཞུགས། རྒྱུད་འབུམ། པོད་(༨༤-ཀ) ཤོག་གྲངས་(༢༤༤-ས) ༼ལོ་པཎ་གྱི་མཚན་བྱང་མི་འདུག
[113] འཕགས་པ་ཐབས་ཞགས་ཀྱི་རྒྱུད། ལེའུ ༡༤་བཞུགས། རྒྱུད་འབུམ། པོད(༡༠༣-ཝ) ཤོག་གྲངས་(༢༩༤-ས) ༼ལོ་པཎ་གྱི་མཚན་བྱང་མི་འདུག
[114] མདོ་ཕལ་བོ་ཆེ། བཀའ་འགྱུར། པོད་(༧༢-) ཤོག་གྲངས་(༩༠-ཉ) ༼རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི། ལོ་ཙྪ་བ་བནྟ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས།
[115] སྤྱོད་འཇུག ལེའུ ༡༠་བཞུགས། བསྟན་འགྱུར། པོད་(༡༠༥-ལ) ཤོགས་གྲངས་(༦༡-ཉ) ༼རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ལོ་ཙྪ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙྪ་བ་རིན་ཆེན་བཛང་པོ་དང་། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་འགྲེལ་བ་འབྲེལ་བ་ལྟར་བཅོས་བར་བཤད། ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། ལོ་ཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ།
[116] རཏྣ་དྷོ་དྷིའི་གསུངས། བསྟན་འགྱུར། པོད(༥༣-ཟི) ཤོག་གྲངས་(༡༤༧-ཉ) ༼རྒྱ་གར་ཕ་དམ་པ་དང་། ཞ་མ་ལོ་ཙྪ་བས་བསྒྱུར།
[117] མདོ་ཕལ་བོ་ཆེ། བཀའ་འགྱུར། པོད་(༧༢-ཉ) ཤོག་གྲངས་(༡༢-ཉ) ༼རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི། ལོ་ཙྪ་བ་བནྟ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས།
[118] ཤཱོལོ་ཀ་འདི་བདག་གི་ཟིན་བྲིས་ནང་སྔ་མོ་ཞིག་ནས་བཀོད་འདུག ཡིན་ནའང་གསུངས་བ་པོ་དང་པུ་ཏིའི་མཚན་བྱང་མེད་པས་འདིའི་འབྱུང་ཁུངས་རེ་ཞིག་སྤྱན་འབུལ་ཞུ་ཐུབ་བྲལ།
[119] རྡོ་རྗེ་སྙིང་པོ་རྒྱན་རྒྱུད་ཀྱི་རྒྱལ་བོ། རྒྱུད་འབུམ། པོད་(༩༣-ཐ) ཤོག་གྲངས་(༤༦-ཉ) ༼བློ་གྲོས་དཔལ་འབྱོར་དང་། དཔལ་ལྡན་ཆོས་རྗེས་རྒྱུད་འདི་བསྒྱུར་ལྷག་མར་གྱུར་པ་དཔལ་ལྡན་བློ་གྲོ་བརྟན་པས་རྫོགས་པར་བསྒྱུར་ཞེས་བཀོད་འདུག
[120] སྣམ་རྣང་མདོ་སྡེ་དབང་པོ། རྒྱུད་འབུམ། པོད་(༩༣-ཐ) ཤོག་གྲངས་(༡༧༧-ས) ༼རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་དྷི་དང་། ལོ་ཙྪ་བ་བནྟེ་ཀ་བ་དཔལ་བརྩེཊ་ཀྱིས་བསྒྱུར་རོ།
་་་་་་་་་ དོན་གྱི་རྣལ་འབྱོར་བ་ཡིན་ཚེ་དེ་ལས་ལྷག་པའི་དགེ་འདུན་ཞིག་གང་ན་ཡོད། ཁམས་འཛག་པའི་ཚོར་བདེ་ཡིས་ཡིད་ཀྱི་བརྟན་པ་འཕྲོག་པས་ན་དབང་པོ་མཉམ་སྦྱོར་དགྲ་རུ་འཛིན་པ་མཚན་འཛིན་དམན་པའི་ལམ་གྱི་རོ་ལ་མི་ཞེན་པར། །ཐབས་ལྡན་འཛག་མེད་དགའ་བཞིའི་བདེ་བའི་ལམ་ནས་ཕྱག་རྒྱའི་སྐུ་མཆོག་སྒྲུབ་པའི་རྟེན་ཚངས་སྤྱོད་མཆོག་ལ་གནས་ཏེ། །ཆགས་མེད་ཆགས་པ་ཆེན་པོའི་ལམ་གྱིས་ཆགས་སོགས་ཉེས་པའི་ཚོགས་ཀུན་རང་མལ་དུ་སྤོང་པའི་དོན་གྱི་དགེ་སྦྱོང་ཆེན་པོ་ནི་ཉོན་མོངས་རང་སར་དག་པའི་རིག་པ་འཛིན་པའི་དགེ་འདུན་ཡིན། ་་་་་་་་་་
་་་་་་་་ གསང་བ་རྒྱན་བཀོད་པའི་རྒྱུད་[94]ལས།
“ཞི་དང་རྒྱས་དང་དེ་བཞིན་དབང་། །
དྲག་ཤུལ་སྤྱོད་པའི་རིམ་པ་ཡིས། །
དགུག་དང་དབབ་པའི་ལས་རྣམས་ནི། །
སྐད་ཅིག་ཙམ་ཞིག་བསྐུལ་བ་ཡིས། །
སྔགས་པས་ཐམས་ཅད་བྱེད་པར་འགྱུར། །” ཞེས་དང་། ་་་་་་་་་་་
རྒྱ་གར་ན་ཐ་མག་ནག་པོ་འཐེན་མཁན་ས་ཏོ་རྦ་རྦ་ཚོ་དང་བོད་ཀྱི་ཆང་རྐྱལ་སྔགས་པ་ཚོ་གཅིག་པ་རེད།