རྩོམ་པ་པོ། ཆབ་མདོའི་དཀོན་མཆོག་བསྟན་འཛིན། (འོས་སྦྱོར།)
ལར་རིག་གནས་ནང་འདྲེན་ཞེས་པ་འདི་བྱེ་བྲག་ལོ་ཙཱའི་ཐད་ནས་གོ་བ་བླངས་ན་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་ཡོད་པའི་རིག་གནས་ཀྱི་སྙིང་པོ་དག་དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་མི་ཤུགས་དང་རྒྱུ་ཤུགས་ཀྱི་འགྲོ་གྲོན་དུ་མར་བཏང་ནས་མི་རིགས་རང་གི་སྐད་ཡིག་ནང་དུ་བསྒྱུར་ནས་སྔར་ཡོད་རང་གི་རིག་གནས་ལ་ཟུངས་བཅུད་བསྣན་པར་གོ་ན་ཆོག་པར་སེམས་ཤིང་། འོག་ནས་འཆད་འགྱུར་གྱི་རིག་གནས་ཕྱིར་འཚོང་ཞེས་པ་ཡང་རིག་གནས་ནང་འདྲེན་ལ་ལྟོས་པ་ཡིན།
གཅིག
ཡོངས་གྲགས་ཀྱི་ལོ་རྒྱུས་ལྟར་ན། སྤུར་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་ཞང་ཞུང་ནས་དམུ་ཁ་སྤོ་མི་སྤོ་གདན་དྲངས་ནས་བོན་ཞུས་ཏེ་བོན་གྱི་ཐེག་པ་བོད་དུ་བསྒྱུར་བའི་སྐོར་གྱི་ལོ་རྒྱུས་བོན་གྱི་ཡིག་རྙིང་མང་པོར་གསུངས་པ་ནི་ཞང་བོད་ཡིག་སྒྱུར་གྱི་བྱ་གཞག་དེ་མ་མཐའ་ཡང་སྤྱི་ལོའི་སྔོན་གྱི་ལོ་བརྒྱའི་ཡར་སྔོན་ནས་མགོ་བཙུགས་ཡོད་པར་ར་སྤྲོད་བྱས་ཟིན་ལ། དེ་ནི་ཕྱིའི་རིག་གནས་ཀྱི་སྙིང་པོ་དང་དུ་བླངས་ཏེ་ནང་གི་རིག་གནས་འཐུས་ཇེ་ཚང་དུ་བཏང་བའི་སྣང་ཚུལ་ཞིག་སྟེ་རིག་གནས་ནང་འདྲེན་ཡང་ཟེར་ཆོག་པར་འདོད། དེ་ནས་བཟུང་མུ་ཁྲི་བཙན་པོའི་སྐབས་སུ་ཞང་ཞུང་གི་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་གཞུང་མང་པོ་བོད་དུ་བསྒྱུར་ཅིང་། སྤུ་དེ་གུང་རྒྱལ་གྱི་དུས་སུ་སླར་ཡང་“ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བོད་དུ་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།”[①] རིམ་བཞིན་ལྷ་ཐོ་ཐོ་རི་ཡབ་སྲས་དབོན་སོགས་ཀྱི་རིང་ལ་རྒྱ་གར་ནས་ལོ་ཙཱ་བས་ཆོས་གཞུང་བོད་དུ་ཁྱེར་ཡོང་བ་དང་འ་ཞ་དང་སུམ་པ་སོགས་ནས་སྨན་དཔྱད་དར་བའི་ལོ་རྒྱུས་ཀྱི་དཔྱད་གཞིར་བསམས་ན། སྤུར་རྒྱལ་གྱི་དུས་ནས་བཟུང་ཕྱོགས་བཞིའི་རྒྱལ་ཁབ་ཆེ་ཆུང་ཅི་རིགས་ནས་གཞན་གྱིས་བོད་དུ་ཆོས་སྤེལ་བ་དང་རང་རེས་རང་གི་དགོས་མཁོར་གཞིགས་ཏེ་རིག་གནས་ནང་འདྲེན་བྱས་པའི་ལོ་རྒྱུས་དེ་དག་ནི་སྟོབས་ཆེན་རྒྱལ་ཁབ་གཅིག་འཛུགས་པར་ཉེར་བསྡོགས་བྱས་པ་དང་ཅིས་ཀྱང་མཚུངས་ཨང་།
གཉིས།
དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“ཤར་ཕྱོགས་རྒྱ་དང་མི་ཉག་ནས།།བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན།།ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས།།ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད།།བྱང་ཕྱོགས་ཧོར་དང་ཡུ་གུར་ནས།།ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན།།དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས།།མཐའ་ཡི་ལོངས་སྤྱོད་དབང་དུ་བསྡུས།།”[②]ཞེས་པ་ལས་བོད་བཙན་པོའི་སྐབས་ཀྱི་བསམ་བློའི་སྙིང་སྟོབས་ནི་ཕྱིའི་རིག་གནས་ཀྱི་སྙིང་བཅུད་དང་དུ་བླངས་ཏེ་རང་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། རིག་གནས་ཆིག་རྐྱང་བ་ཁོ་ནར་འཇུ་འཐམས་བྱེད་པར་མི་མོས་ཤིང་སྣ་མང་སྣེ་འཛོམས་ཀྱི་རིག་གནས་ལ་དུངས་ཀྱི་ཡོད་པ་གསལ་པོར་བསྟན། སྐབས་དེ་ཤེད་ཀྱི་གངས་ཅན་པ་ནི་ཕྱི་ནང་ལ་རིག་གནས་ཀྱི་སྦྲེལ་ཐག་(文化纽带)མཐུད་ཅིང་རིག་གནས་ནང་འདྲེན་གྱི་བྱ་གཞག་གོང་དུ་སྤེལ་ཡོད་པའི་མཚན་གཞི་བཞག་ན། བོད་རྒྱལ་སྲོང་བཙན་གྱི་སྐབས་སུ་ཐོན་མི་སམ་བྷོ་ཊ་སོགས་ཀྱིས་ལོ་ཙཱ་མཛད་དེ་ཐུབ་པའི་གསུང་རབས་བོད་དུ་སྒྲ་བསྒྱུར་བྱས་པའི་ལས་གཞི་མགོ་བརྩམས་ཤིང་སམ་བོད་ཡིག་སྒྱུར་གྱི་ལོ་རྒྱུས་གསར་དུ་བཏོད་ཅིང་། ཏུན་ཧོང་གཏེར་ཡིག་ལྟར་རྒྱ་ནག་གི་གནའ་བོའི་དཔེ་ཆ་《ཞང་ཤུའུ》(尚书)སོགས་སྲོང་བཙན་གྱི་སྐབས་སུ་བོད་སྐད་དུ་བསྒྱུར་བར་བལྟས་ན་རྒྱ་བོད་ཀྱི་ཡིག་སྒྱུར་ཀྱང་དུས་དེ་ནས་མགོ་ཚུགས་ཡོད་པར་མཚོན། ཕྱིས་སུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རིག་གནས་ནང་འདྲེན་གྱི་ལས་འགུལ་དྲག་ཏུ་འཕྱུར་ཅིང་བསམ་ཡས་སུ་ཆེད་དུ་སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པ་རེད་ལ། དོན་དུ་ནི་རྒྱ་གར་ཁོ་ན་ཙམ་དུ་མ་ཟད་རྒྱ་ནག་དང་ལི་ཡུལ་དང་། ཟ་ཧོར་དང་ཁ་ཆེ་སོགས་ནས་ལོ་པཎ་མང་པོས་རིག་གནས་ནང་འདྲེན་གནངས་ཡོད་པ་《བཀའ་ཐང་སྡེ་ལྔ་》དང་《རྒྱ་བོད་ཡིག་ཚང་ཆེན་མོ》སོགས་ཀྱིས་ཁ་གསལ་གཏིང་གསལ་སྒོ་ནས་བསྟན་ཡོད་པའོ།། ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་དུས་སུ་སླེབས་དུས་བོད་བཙན་པོའི་རིག་གནས་ནང་འདྲེན་གྱི་བྱ་བཞག་མཐོ་རླབས་ལྟ་བུར་ཆགས་ཡོད་པ་ནི་བཀས་བཅད་པའི་《སྒྲ་སྦྱོར་བམ་གཉིས་》དང་《བྱེ་བྲག་རྟོགས་བྱེད་》སོགས་འགྱུར་གྱི་གཞུང་ལུགས་གཅིག་གྱུར་མཛད་པའི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་རེད་དོ།།
གོང་ནས་ཞུས་པའི་སྤུར་རྒྱལ་བཙན་པོའི་དུས་ཀྱི་ཞང་བོད་ལོ་ཙཱ་དང་སམ་བོད་ལོ་ཙཱ་དང་རྒྱ་བོད་ལོ་ཙཱ་བཅས་ལོ་ཙཱའི་རིགས་ཆེན་པོ་གསུམ་ནི་ལྟོས་བཅས་ཀྱི་སྒོ་ནས་བཤད་པ་ཙམ་ཡིན་གྱི་སྐབས་དེར་རིག་གནས་ནང་འདྲེན་གྱི་ལོ་ཙཱའི་རིགས་ནི་འདི་གསུམ་པོ་ཁོ་ནར་མ་ཡིན་པ་གོང་ནས་བཤད་ཟིན་པ་ལྟར་དང་། སྤུར་རྒྱལ་བཙན་པོའི་སྐབས་སུ་ནང་འདྲེན་བགྱིས་པའི་རིག་གནས་དག་རྒྱ་གར་གྱི་ཆོས་གཞུང་རྐྱང་རྐྱང་མིན་པའང་གོང་ནས་ཟུར་ཙམ་ཤེས་ཐུབ། དེ་བཞིན་དུ་སྐབས་དེའི་ལོ་ཙཱ་བ་དག་ནི་གཞན་གྱི་རིག་གནས་སྔོན་ཐོན་ཡིན་པ་གཞིར་བཞག་རང་རེ་ལ་རྔོ་ཐོགས་པའི་ཤེས་རིག་དག་ནང་འདྲེན་གནང་མཁན་ཡིན་གྱི། རང་ལ་ངོམ་དུ་རིན་པ་ཕྲན་ཙམ་ཡོད་པ་དེ་འཕྲལ་བདེའི་སྒོར་མོའི་ཆེད་དུ་རིག་གནས་ཕྱི་ལ་འཚོང་མཁན་མིན་པ་ནི་ཤེས་དགོས་པའི་གནད་ཅིག་ཡིན།
གསུམ།
ཀུན་གྱིས་མཁྱེན་གསལ་ལྟར། བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་པོས་སྲིད་འགྱུར་གསར་བརྗེ་གནངས་པའི་རྐྱེན་གྱིས་མདའ་གཞུ་ཁུར་བའི་དགེ་སློང་ཞིག་གིས་བཙན་པོ་བཀུམས་རྗེས་དུས་འགྱུར་ཆེན་པོ་བྱུང་ཞིང་། “བོད་སྤྱི་མཐུན་ལས་ཀྱི་བསོད་ནམས་སོས་ཀའི་འཁྱགས་རོམ་བཞིན་དུ་བཞུ། མི་རྗེ་ལྷའི་བསོད་ནམས་མཚོ་སྐམ་པའི་གཉེར་མ་བཞིན་དུ་ཡལ། བོད་ཁམས་ཡོངས་ལ་བཅས་པའི་རྒྱལ་ཁྲིམས་ནི་ནམ་ཞོད་ཆེ་བའི་རྩིག་པ་བཞིན་དུ་ཞིག །སེར་ཆགས་ཡོངས་ལ་བཅས་པའི་འདུལ་ཁྲིམས་ནི་རྒས་གུད་འཛོམས་པའི་ཤེས་པ་བཞིན་དུ་ཉམས།བཟང་བྱེད་ལེགས་པའི་ཡོན་ཏན་ཐམས་ཅད་དགོང་ཁའི་ཉི་མ་བཞིན་དུ་ནུབ”[③]པས་རིག་གནས་ནང་འདྲེན་གྱི་བྱ་གཞག་ཀྱང་ཕྲེང་ཐག་ཆད་པ་ཇི་བཞིན་རེ་ཞིག་མཚམས་ཆད་མོད་ཀྱང་། དུས་རབས་བཅུ་བའི་དུས་མཇུག་ཙམ་ལ་སླེབས་དུས་བོད་སྟོད་སྨད་ནས་ཆོས་ལུགས་[④]བསྐྱར་དར་ཐུབ་ཅིང་ལྷག་ཏུ་སྟོད་ནས་ལྷ་བླ་མ་ཡི་ཤེས་འོད་དང་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱི་བཀའ་དྲིན་འོག་ནང་པའི་ཆོས་གཞུང་ནང་འདྲེན་གྱི་བྱ་གཞག་སླར་གསོ་མཛད། སྤྱི་ལོ་༡༠༥༧ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཡོན་བདག་ཤཱཀྱ་མགོན་དང་འཕྲེང་ཁ་བེར་ཆུང་གཉིས་ལ་བརྟེན་ནས་རྭ་སྒྲེང་དགོན་པ་ཕྱག་བཏབ་སྟེ་བོད་ལ་བཀའ་གདམས་པའི་གྲུབ་མཐའི་སྲོལ་ཐོག་མ་བཏོད་པ་ནས་བཟུང་ས་སྐྱ་དང་བཀའ་བརྒྱུད་ཀྱི་གྲུབ་མཐའ་སོགས་རིམ་བཞིན་དར་བས་ནང་པའི་ཆོས་གཞུང་བོད་དུ་སྔར་མེད་དར་རྒྱས་ཆེན་པོ་བྱུང་ཡོད་པ་ཡིན།
ཕྱིར་འདང་རེ་འཕེན་དུས། སྤུར་རྒྱལ་བཙན་པོའི་སྐབས་དང་བསྟན་པ་ཕྱི་དར་སྔ་གཞུག་གི་ལོ་ཙཱ་བ་དག་གིས་རིག་གཞུང་རང་སྐད་དུ་བསྒྱུར་བ་ལ་རྒྱལ་པོའི་ཕོ་བྲང་དང་དགོན་པའི་བླ་བྲང་ཅི་རིགས་ནས་རིན་ཆེན་གསེར་དངུལ་སོགས་ཀྱི་མཐུན་རྐྱེན་སྦྱར་བ་གཞིར་བཞག་ལོ་ཙཱ་བ་རང་ངོས་ནས་དཀའ་སྡུག་གི་རྔུལ་ཁྲག་བགྲང་གིས་མི་ལོང་བ་ཞིག་རིགས་འདིའི་དོན་དུ་བཞུར་མྱོང་བའི་ལོ་རྒྱུས་དེ་དག་ཀྱང་བློ་ངོར་དྲན་པར་བྱེད་ཅིང་། སྔོན་གྱི་ལོ་ཙཱ་བ་འདི་དག་ནི་བོད་རང་གི་རིག་གཞུང་སོགས་ལ་རྔོ་ཐོགས་ན་སྙམ་པའི་ལྷག་བསམ་གཙང་མའི་སྐུལ་སློང་འོག་ལོ་ཙཱའི་ལས་གཉེར་གནང་མཁན་ཡིན་པ་དང་། རང་གིས་བསྒྱུར་བའི་འགྱུར་ཡིག་ལ་བློ་རྩེ་གཅིག་སྒྲིམ་གྱིས་འགན་འཁྲི་ཕྲག་ཏུ་བླངས་ཡོད་པས་ད་ལྟ་བོད་དུ་བཞུགས་པའི་བཀའ་བསྟན་གཙོས་པའི་འགྱུར་ཡིག་ཅོག་ནི་ཆེས་དག་ཤོས་ཡིན་པ་མ་ཟད། ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། བོད་སྐད་ཡིག་གི་དབུགས་ཀྱི་ཆུ་རྒྱུན་རིང་མོ་འདི་ཡང་སྔོན་གྱི་ལོ་ཙཱ་བ་རྣམ་པའི་ཐུགས་རྗེའི་སྐུ་དྲིན་འོག་ཡུན་དུ་གནས་ཡོད་པའི་ལོ་རྒྱུས་ཀྱང་བརྗེད་ག་ལ་རུང་།
བཞི།
དུས་རབས་བཅུ་བདུན་བཅོ་བརྒྱད་ཀྱི་སྐབས་སུ་གླིང་ཆེན་གཞན་དུ་འཛམ་གླིང་གི་ཡུལ་གྲུ་ཀུན་གཡོ་འགུལ་ཐེབས་པའི་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང་། སྲིད་འབྱོར་རིག་གསུམ་ལ་དག་ཐེར་བགྱི་མགོ་ཚུགས་ཤིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱིན་པའི་དུས་དེ་ཙ་ན། ང་ཚོ་སྟེ་གངས་ཅན་པ་ནི།རི་བོ་ཧི་མ་ལ་ཡའི་བྱང་ཕྱོགས་སུ་“རང་གི་ཨ་ཕའི་ཕོར་པ་གཅིག་པུར་གཙང་མ་ཡིན་”པར་རློམ་ནས་བྲག་ཕུག་བྱང་བལྟས་སུ་ཁྲོན་སྦལ་གྱི་རྣམ་ཐར་འབྲི་བཞིན་ཡོད་ལ། “གླིང་བྱ་བརྒྱ་ཤར་ལ་ཕྱོགས་དུས། ཁ་ནུབ་བལྟ་ཨ་ཁུ་ཁྲོ་ཐུང་”ཞེས་པ་ལྟར་གཞན་དང་བསྡུར་ན་སྲིད་འབྱོར་གང་ཐད་ནས་འཕེལ་རྒྱས་མེད་པར་འཐུས་ཤོར་ཆེན་པོ་བྱུང་བ་མ་ཚད། སྔོན་གྱི་ལོ་རྒྱུས་ལྟར་དགོན་གཞུང་སོགས་ནས་བོད་ཀྱི་རིག་གནས་ཀྱི་རྨ་ཁ་གསོ་བའི་ཆེད་དུ་གཞན་གྱི་སྔོན་ཐོན་རིག་གནས་ཀྱིས་ཟུངས་བཅུད་བསྣན་པ་དང་། དུས་རབས་དང་འཚམས་པའི་རིག་གནས་ནང་འདྲེན་གྱི་ལས་གཞི་དམིགས་སུ་སྤེལ་བ་ཤིན་ཏུ་ཉུང་བའི་ཁར། ཉེ་རབས་ལོ་བཅུའི་གོད་ཆག་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བརླགས་ཆེན་པོ་ཐེབས་ཡོད་པ་སོགས་ལ་བརྟེན། སྲིད་འབྱོར་དང་དེང་རབས་རིག་གནས་གང་ཐད་ནས་གཞིགས་ནའང་། དུས་རབས་གསར་པའི་བོད་པ་དག་གཞན་རྗེས་མ་ཆོད་པར་སྨུག་པའི་གསེབ་ཏུ་ལུས་པའི་ལུ་གུ་ཁེར་མ་ཇི་བཞིན་ཁ་ཕྱོགས་མི་རྙེད་པ་དང་། ཕ་མ་དང་གཉེན་ཉེ་བརླགས་པའི་དྭ་ཕྲུག་ཇི་བཞིན་སྡོང་གྲོགས་མེད་པར་དངངས་འཚབ་ཅིག་ལངས་ནས་རེ་ཞིག་ཅི་བྱ་གཏོལ་བྲལ་ཏུ་གྱུར།
མདོར་ན་འཚོ་གནས་ལ་མཁོ་བའི་དེང་རབས་རིག་གནས་སམ་འཇིག་རྟེན་ཁྱིམ་སྲིད་ལ་མཁོ་བའི་དངོས་པོའི་དཔལ་ཡོན་དེ་ནང་འདྲེན་མ་ཐུབ་པས་ངེད་ཅག་ཁ་ནང་དུ་མཛུབ་མོ་བཅུག་ནས་འདུག་དགོས་བྱུང་བ་ཡིན་ཀྱང་། སྔོན་གྱི་ལོ་པཎ་དང་སྔོན་གྱི་བོད་མི་དག་གིས་དུས་རབས་གསར་བའི་བོད་མི་ཅག་ལ་བསམ་པའི་དཔལ་ཡོན་གྱི་རིག་གནས་གྱ་ནོམ་པ་གནངས་ཡོད་པ་འདི་ཀུན་གྱིས་མཁྱེན་གསལ་རེད་ལ། དེ་ནི་ཕྱི་ཡུལ་ནས་ཆོས་ཀྱི་ནང་བཅུད་བཞིབས་པའི་རྒྱལ་བའི་བཀའ་བསྟན་དང་བློ་གྲོས་རྩལ་གྱིས་བཞེངས་པའི་གླེགས་བམ་གཏོས་མཐོ་བ་དག་ཡིན། གལ་ཏེ་འུ་ཅག་ལ་བསམ་པའི་དཔལ་ཡོན་གྱི་རིག་གནས་འདི་དག་མེད་ན་དེ་རིང་གི་བོད་མི་རིགས་དང་བོད་ཀྱི་རིག་གནས་ཞེས་པའི་དབུགས་རྒྱུན་རིང་མོ་འདི་ཡང་འབྱུང་བཞིར་འཐིམས་ཟིན་པའི་ས་རྡོ་ཞིག་ཏུ་མི་འགྱུར་གྲང་། རྒྱུ་མཚན་ནི་ངེད་ཅག་ལ་སྲིད་འབྱོར་གྱི་རྒྱུན་ཤེས་ཙམ་ཡང་མེད་པས་སོ།།
འོན་ཀྱང་། དེ་རིང་ཁ་སང་གི་བོད་ཀྱི་སྤྱི་ཚོགས་ནི་ཡོངས་སུ་འགྱུར་ཞིང་བོད་མི་དག་ལ་ལོ་རྒྱུས་ནང་དུ་ཡོད་མྱོང་བའི་སྙིང་སྟོབས་དེ་འཇའ་ལྟར་ཡལ་སོང་བ་མ་ཟད། སྔོན་གྱི་རིག་གནས་ནང་འདྲེན་ཞེས་པ་ལས་ཡོངས་སུ་ལྡོག་སྟེ་དེང་ལ་རིག་གནས་ཕྱིར་འཚོང་གི་སྣང་ཚུལ་མང་དུ་དར་བ་འདི་ནི་དེང་སང་བོད་ཀྱི་སྤྱི་ཚོགས་ནང་གི་གནད་དོན་ཆེན་པོ་ཞིག་ཏུ་ཆགས་ཡོད་པ་རེད། དཔེར་ན། སློབ་ཆེན་ཁག་ནས་ཆོས་གཞུང་ལ་སློབ་གཉེར་བྱས་མ་མྱོང་བའི་དགེ་རྒན་ཆེན་མོ་མང་པོས་ནང་པའི་ཆོས་གཞུང་རྒྱ་སྐད་དུ་བསྒྱུར་བ་སོགས་ཀྱི་རིག་གནས་ཕྱིར་འཚོང་གི་ལས་གཞི་མང་པོ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་སྤེལ་བཞིན་ཡོད་པ་འདི། དོན་དུ་ནི་མང་པོ་ཞིག་གིས་སྒོར་མོའི་ཆེད་དུ་ཆོས་གཞུང་གཞན་སྐད་དུ་བསྒྱུར་བ་ཙམ་ཡིན་གྱི་བསམ་པ་རྣམ་དག་གིས་གཞན་ཕན་གྱི་ལས་ལ་འཇུག་མཁན་ནི་ཉིན་མོའི་སྐར་མ་བཞིན་ནོ།།
དེ་བཞིན་དུ་འགྱུར་དག་མིན་ལ་ནི་ཤིན་ཏུ་དོགས་པ་ཆེ་སྟེ། སྔོན་གྱི་ཆོས་གཞུང་ནང་འདྲེན་སྐབས་སུ་ཐ་སྙད་མིང་ཚིག་གཅིག་གྱུར་བགྱིས་པར་བགྲང་བྱ་དུ་མའི་རིང་ལ་ལོ་པཎ་མང་པོས་དག་ཐེར་དང་གཞིག་འབྲེལ་མང་དུ་གནངས་པས་ད་གཟོད་འགྱུར་ཡིག་དག་ཤོས་སུ་ཆགས་པ་ཡིན་ལ། ཁོང་ཚོས་ལོ་ཙཱའི་ལས་རིགས་འདི་ལ་བརྩི་མཐོང་དང་འགན་འཁྲི་ཇི་ལྟར་ཁུར་ཡོད་མེད་ཕྲན་གྱིས་བཤད་མ་དགོས་ཀྱང་། དེང་སང་བོད་ཀྱི་ཤེས་རིག་དང་འབྲེལ་བའི་སློབ་ཆེན་ཁག་ནས་ཆོས་གཞུང་གཞན་སྐད་དུ་བསྒྱུར་བའི་ཚ་ཚ་འུར་འུར་གྱི་རྒྱུད་རིམ་ཁྲོད་དུ་ལོ་ཙཱའི་ལས་རིགས་འདི་ནི་རང་དགར་རྩེད་མོ་རྩེད་ཀྱིན་པའི་སྣང་ཚུལ་སྐྱུག་རྫོབ་མང་དུ་མཐོང་བྱུང་།
དེར་བརྟེན་ཁྱེད་ཅག་གིས་བསྒྱུར་བའི་རྗེས་ལ་འགྱུར་སྤུས་མི་དག་པའི་གནས་ཚུལ་ཐོན་དུས་ཞྭ་མོ་ནག་པོ་དེ་སྔོན་གྱི་ལོ་པཎ་རྣམ་ལ་མི་བསྐོན་པའི་ངེས་པ་ནི་མ་མཆིས་ཤིང་། རྒྱལ་བའི་བཀའ་བསྟན་ལོག་བསྒྱུར་བྱས་པ་ནི་སྐྱེ་འགྲོ་ཀུན་ལ་ཕན་ལས་གནོད་ཆེ་བར་བཤད་མ་དགོས་ལ། ཁྱེད་ཅག་གི་“འདུལ་བྱ་”ནི་མིག་འདུན་དུ་ཡོད་པའི་ངེད་ཅག་བོད་ཀྱི་སློབ་གཉེར་བ་དག་ཡིན་གྱི་འགྲོ་བ་རིགས་དྲུག་བསྐྱབ་པར་འདོད་པའི་ཧམ་སེམས་ཆེན་པོ་དེ་རིང་དུ་འདོར་བར་རིགས་སོ།།
ཡང་གཞན་ཞིག་བཤད་ན། ཁྱེད་ཅག་གིས་གླེང་བཞིན་པའི་“འགྲོ་བ་རིགས་དྲུག་”དང་“མིའི་རིགས་”ཞེས་པ་འདི་དག་ཀྱང་ཁ་གཡར་ས་ཙམ་ཡིན་གྱི་དོན་དུ་ཁེ་འཚོལ་ས་ནི་གཙུག་ལག་རིག་གནས་འདིར་བྲིན་པའི་སྒོར་མོའི་ཆེད་དུ་ཡིན་པ་ཇི་ལྟར་འཚུལ་ཆོས་བསྟན་རུང་རྔན་འཚང་བུད་ཡོང་བ་འདིའོ།།
གལ་ཏེ་ལོ་ཙཱ་ལ་མཁས་ན་དེང་རབས་ཀྱི་རིག་གནས་སྔོན་ཐོན་དག་བོད་སྐད་དུ་བསྒྱུར་ན་ཅི་མ་རུང་ཨང་། རྗེས་སུ་ལུས་པའི་ངེད་ཅག་ལ་རིག་གནས་ནང་འདྲེན་ནི་ནད་པ་འཚབ་ཆེན་གྱིས་སྨན་ལ་རེ་བ་དང་བཀྲེས་ཤིང་ལྟོགས་པའི་སྤྲང་པོས་ཟས་ལ་འདོད་པ་ཇི་བཞིན་གྱུར་ཡོད་པ་ཁྱེད་རྣམ་པས་ཀྱང་མཁྱེན་གསལ་ལྟར་ན། མང་ཉུང་མ་ལྟོས་པར་ལྷག་བསམ་གཙང་མས་རིགས་འདི་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཤེས་རིག་དག་ནང་འདྲེན་བགྱི་བ་དང་ངེད་ཅག་སློབ་གཉེར་བ་དག་གི་གཙུག་གི་ནོར་བུ་དང་རིགས་འདིའི་ལམ་སྟོན་པ་རྣལ་མར་གྱུར་བའི་རེ་བ་ནི་ཇི་འདྲའི་ཆེ་ཨང་།
ཡང་། ཕྱོགས་གཞན་ཞིག་ནས་བསམས་ན་ནི་བོད་སྐད་ཡིག་འདི་ད་ལ་ཐུག་གི་བར་དུ་གནས་ཐུབ་པ་ནི་སྔོན་གྱི་ལོ་པཎ་རྣམ་པས་བསྒྱུར་བའི་གསུང་རབས་དག་གིས་ཀྱང་རྔོ་ཆེན་པོ་ཐོགས་ཡོད་པ་སྨོས་མེད་ཡིན་ན། ང་ཚོས་སླར་ཡང་དུས་རབས་གསར་པར་ཁ་གཏད་གཅོག་ནས་དེང་རབས་རིག་གནས་སམ་སྔོན་ཐོན་རིག་གནས་དག་ནང་འདྲེན་གྱི་བྱ་གཞག་བསྐྱར་གསོ་ཐུབ་པ་ཡིན་ན་གཉན་འཕྲང་གི་ལམ་དུ་ལྷུང་བའི་བོད་མི་རིགས་དང་རླུང་གསེབ་ཀྱི་མར་མེ་ལྟ་བུར་གྱུར་བའི་བོད་སྐད་ཡིག་གི་ལས་དབང་ལ་ཚེ་སྲོག་གསར་པ་ཞིག་སྦྱིན་པའི་རེ་བ་ཡང་ཤིན་ཏུ་ཆེ།འོན་ཀྱང་།ངས་ནི་རེ་བ་ཙམ་ཡིན་ནོ།།
2016.11.11 ལྷོ་ནུབ་མི་རིགས་སློབ་ཆེན་ནས།
[①]《རྒྱལ་རབས་གསལ་བའི་མེ་ལོང་།》ས་སྐྱ་བསོད་ནམས་རྒྱལ་མཚན།2002ལོར་མི་རིགས་དཔེ་སྐྲུན་ཁང་།P57པར་གསལ།
[②] 《ཆོས་འབྱུང་མཁས་པའི་དགའ་སྟོན།》དཔའ་བོ་གཙུག་ལག་ཕྲེང་བ།མི་རིགས་དཔེ་སྐྲུན་ཁང་།P184པར།
[③] 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》མཁས་པ་ལྡེའུ།2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།P345པར།
[④] བན་བོན་གཉིས་ཀ་བསྐྱར་དར་བྱུང་བར་གོ །
(ཁྱུང་པོ་བདེན་འཚོལ་བོད་ཡིག་དྲ་བ་ནས་དྲངས།)
ད་དེ་འདྲ་རེད། སྔོན་གྱི་ལོ་ཙྭ་བ་ཚོས་དངུལ་ཕར་སྤྲད་ནས་ཚུར་ཡིག་བསྒྱུར་གནང་གི་ཡོད། དེང་གི་དུས་འདིར། དངུལ་ཚུར་མ་རེག་ན་ལོ་ཙྭ་བ་ཚོས་དཔེ་དེབ་ཀྱི་རིན་ཐང་ཅི་ཡིན་ཡང་། མིག་ཀྱང་ལྟ་གི་མ་རེད།
དེ་ལས་ཀྱང་རྣ་བར་གཟན་པ་ནི། དེང་ཀྱི་དུས་འདིར། རང་གི་རིག་གཞུང་དང་སྐད་ཡིག་གི་ཚེ་སྲོག་གཅོད་པའི་སླད། གཞན་གྱི་སྐད་ཡིག་ཏུ་རང་གི་རིག་གཞུང་ག་ཚོད་ཚོང་ཐུབ་ཐུབ་བྱེད་ཀྱི་ཡོད།
འདི་ནི་ཆེས་ཉེན་ཚབས་ཆེ་བའི་བོད་ཀྱི་རིག་གཞུང་གི་གཤེད་མ་ངོ་མ་དེ་རེད། ད་ལྟ་འཛམ་གླིང་གང་ས་ནས་བོད་ཀྱི་རིག་གཞུང་སྐྱོབ་ཐབས་ཀྱི་ལས་འགུལ་སྤེལ་བ་ནི། ད་ལྟ་སྐད་ཡིག་གི་གཅད་རྒྱས། ལོངས་སྤྱོད་མི་ཐུབ་པའི་རིག་གཞུང་དེའི་སྟེང་། ཁྱད་འཕགས་ཀྱི་རིག་གནས་ཡོད་པས་ཡིན།
ཉིན་ཞིག་མ་ལུས་པ་སྐད་ཡིག་གཞན་གྱི་སྟེང་བསྒྱུར་ཚར་དུས། ཁོ་ཚོར་ང་ཚོའི་སྐད་ཡིག་གི་དང་ཁ་ཆད་ཀྱི་རེད། དེ་ནི་ད་ལྟ། ཁོང་ཚོའི་སྐད་ཡིག་སྟེང་ཚ་ཚང་ཡོད་པས་ཡིན།
འདིའི་ཐད་སྐད་ཆ་དྲང་པོར་བཤད་ན། མཁྱེན་བརྩེ་ཚང་གི་བརྒྱ་ཁྲི་བཞི་སྟོང་ལས་འཆར་གྱི་དམིགས་ཡུལ་ནི། ཁོང་གིས། བོད་ཀྱི་སྐད་ཡིག་འདི་གང་མགྱོགས་མེད་པར་འགྱུར་གྱི་རེད། ཕྱི་རྒྱལ་བ་ཚོར་ནང་ཆོས་ཀྱི་གོ་སྐལ་དགོས་ཟེར།
ངས་ནི། མཁྱེན་བརྩེ་ཚང་གི་གསུང་འདིར་ཡེ་ནས་མི་འཐད་པ་ཡིན།
གལ་ཏེ་བོད་ཀྱི་སྐད་ཡིག་འདི་གང་མགྱོགས་མེད་པར་འགྲོ་གི་ཡོད་ན། རང་ཉིད་རིག་གཞུང་དེའི་ཁྱབ་ཁོངས་བ་ཞིག་ཡིན་དུས། སྐད་ཡིག་དེ་ཉིད་སྐྱོབ་ཐབས་དགོས་པ་ལས། སྐད་ཡིག་དེ་ཉིད་རྦད་དེ་བློས་གཏོང་བྱེད་པ་ནི་ཆེས་ནོར་བ་རེད།
ད་དུང་འཛམ་གླིང་དཔེ་མཛོད་ཆེ་ཁག་ཚང་མས། མཁྱེན་བརྩེ་ཚོགས་པས་བཀའ་བསྟན་དབྱིན་བསྒྱུར་གྱི་ལས་འཆར་དུས་ནས་དངུལ་བཏང་སྟེ། ད་ལྟ་ནས་བཀའ་བསྟན་བླུ་ཡོན་དངུལ་གཏོང་བཞིན་ཡོད་སྐད་འདུག་པས། དངུལ་དེ་ཚོ་མཁྱེན་རྩེ་ཚོགས་པ་ཁོ་ནས་སྒེར་ཟ་བྱས་ན་འགྲིག་གམ། བོད་སྤྱི་ཡོངས་ལ་དབང་བའི་རིག་གཞུང་དེ་ཉིད་མི་ཁ་ཤས་ཀྱི་ཕྱི་ཚོང་བྱེད ་སྐབས་ཐོབ་ཐང་རྩོད་མི་ཤེས་པའི་བོད་རྒན་འདི་ཚོ་དངོས་གནས་གླེན་པ་ལུག་ལས་སྡུག་པ་ཞིག་རེད། ད་དུང་བོད་པ་ནང་ཁུལ་ལ་རྩྭ་ས་ལག་མཐིལ་ཙམ་གྱི་དོན་དུ་འཛིང་རྩོད་འདྲ་བྱེད་ངོ་མ་ངོ་ཚ་དང་ཡ་ང་བ་ཞིག་རེད། ད་དུང་རྒྱལ་བ་རིན་པོ་ཆེ་ལ་ཅིག་ཅིག་ཉིག་ཉིག་ཞུས་སོང་ཟེར་ནས་ངུ་རྒོད་གང་དགོས་མི་ཤེས་པ་ལབ་ཡོང་གིན་འདུག རྒྱལ་བ་རིན་པོ་ཆེ་བོད་ལ་བཀའ་དྲིན་ཆེ་ཡང་དུས་རབས་འདི་ལ་འཇོན་ཐང་ཡོངས་རྫོགས་དང་མཛད་རྗེས་ཡོངས་རྫོགས་བོད་ལ་བཞག་ཚར་བའི་བོད་མྱི་ཞིག་རེད། དེ་ལ་གཅིག་ལབ་བཞག་ཀྱང་བོད་ལ་ཆེ་རྒྱུ་ཆུང་རྒྱུ་གང་ཡང་ཡོད་མ་རེད། བོད་ཀྱི་རིག་གཞུང་ནི་དེ་དང་མི་འདྲ་བ་མི་རབས་མི་རྒྱུད་ཀྱི་བོད་མའི་སྲོག་རྩ་ཡིན་པས་དེའི་ཐད་དུ་ལབ་མི་ནུས་པ་སུས་སྨྲ་ལྕེ་བཏུབ་སོང་བ་རེད།
་་་་་་་་ སྔོན་གྱི་རིག་གནས་ནང་འདྲེན་ཞེས་པ་ལས་ཡོངས་སུ་ལྡོག་སྟེ་དེང་ལ་རིག་གནས་ཕྱིར་འཚོང་གི་སྣང་ཚུལ་མང་དུ་དར་བ་འདི་ནི་དེང་སང་བོད་ཀྱི་སྤྱི་ཚོགས་ནང་གི་གནད་དོན་ཆེན་པོ་ཞིག་ཏུ་ཆགས་ཡོད་པ་རེད། ་་་་་་་་
འདང་རེ། འདི་དོན་གང་རེད?
གཞན་གྱི་རིག་གནས་ནང་འདྲེན་བྱས། རང་གི་རིག་གནས་རྩ་གཏོར་བཏང།
སྐྱེས་ཕ་བཟང་གི་བུ་ཟེར་བ་དེ་འདྲ་དགོས་ལེ་རེད། །
བོད་པས་བོད་རང་གི་རིག་གནས་གཞི་རྩར་བཞག་ནས་རིག་གནས་ཀྱི་སྒོ་འཕར་གང་དང་གང་ཕྱེས་ཡོད་དམ། །
སྤྱིར་སྟངས་བོད་ལ་གཞི་རྩར་འཇོག་རྒྱུའི་རིག་གནས་རིན་ཐང་ཅན་ཞིག་ཡོད་དམ་ཡང་ན་མེད་པ་ཁོ་ན་ཡིན། །
སྐད་ཡིག་གནས་དང་མི་གནས་པའི་བཤད་སྲོལ་མང་ཙམ་ཡོད་དེ
འཛམ་གླིང་ཐོག་འདས་པའི་དུས་སུ་སྐད་རིགས་དྲུག་སྟོང་ལྷག་ཡོད
ད་ལྟར་དུས་ལ་ནུབ་ལྡན་གྱི་སྐད་རིགས་༦༠༠ ཙམ་མ་གཏོགས་མེད
མ་འོངས་པ་རྗེས་དཔག་ཚོད་རྩིས་༦༠ ཙམ་མི་སྲིད་མིན་ནམ
དཔེར་ན ་་་ ཁེ་ནི་ཌར ༡༩༨༠ ལོར་ཡུལ་སྐད་༥༠ ཡོད་ཀྱང་
དེང་སྐབས་གསུམ་ཙམ་ལས་མེད་པར་གྱུར་་་ ནུབ་པའི་རྐྱེན་ནི
ཆབ་སྲིད་དང དཔལ་འབྱོར རིག་གནས སྤྱི་ཚོགས
སྐད་ཡིག་རང་གི་ངོ་བོ་དང་བཅས ་་ བོད་རྒྱལ་ལོོ །།
མི་རིགས་སྲུང་སྐྱོབས་ཐུབ་ན་རིག་གནས་སྲུང་སྐྱོབས་ཐུབ་།
མི་རིགས་བྱ་སྤུ་རི་འཐོར་རླུར་འཐོར་ནས་།
རིག་གནས་སྲུང་སྐྱོབས་དཔལ་འབྱོར་འདུ་འགོད་ཙམ་།
བསམ་མེད་ཕྲུ་གུའི་རྩེད་ཆས་མ་རེད་དམ་།
རྩོམ་པ་པོ། ཆབ་མདོའི་དཀོན་མཆོག་བསྟན་འཛིན་ལེགས་ཀྱིས་མགོ་བརྗོད་དུ། སྔོན་གྱི་རིག་གནས་ནང་འདྲེན་དང་རིག་གནས་འཚོང་ཐད་ཀྱི་བསམ་གཞིགས་ཐོར་བུ། ཞེས་པར་དཔྱད་པར་བྱ་སྟེ། དེ་ཡང་མཁས་པ་གང་གིས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་གི་རྩོམ་ཡིག་གིས་བདག་སོགས་ཀྱི་ལོ་རྒྱུས་ལ་བློ་རྒྱས་པར་ཕན་ཆེ་བས་གཟེངས་བསྟོད་ཞུའོ།
《སྒྲ་སྦྱོར་བམ་གཉིས་》དང་《བྱེ་བྲག་རྟོགས་བྱེད་》
སྒྲ་སྦྱོར་བམ་གཉིས་ལ་བྱེ་བྲག་རྟོགས་བྱེད་ཀྱི་དོན་ཚང་། བྱེ་བྲག་རྟོགས་བྱེད་རང་ལ་སྒྲ་བཤད་ཡོད་པའི་ལེགས་སྦྱར་སོགས་ཀྱི་མིང་ཚིག་རྣམས་བོད་སྐད་དུ། བསྒྱུར་ཡོད་པས། བྱེ་བྲག་རྟོགས་བྱེད་ཅེས་མིང་དུ་ཆགས། དེ་མིན་སྒྲ་སྦྱོར་བམ་གཉིས་ན། ཡོད་པ་ལྟར་མིང་ཚིག་དག་ལ་བྱེ་བྲག་རྟོགས་བྱེད་མེད། དེ་ཡང་། བྱེ་བྲག་རྟོགས་བྱེད་ཀྱི་སྐད་དོད། བྱུཏྤཏྟི། སྒྲ་བཤད་ཅེས་པ་མཆིས།
བཀའ་བསྟན་སོགས་ན། མིང་ཚིག་རྣམས་ཇི་ལྟར་གསལ་བ་བཞིན་འབྲི་ན། བོད་སྐད་མི་སྟོར་བར་ཕན། རྩོམ་ཡིག་འདིར་སྒྲ་ཟུར་ཆག་པ་མང་དུ་མཆིས།
ཞང་བོད་ལོ་ཙཱ་དང་སམ་བོད་ལོ་ཙཱ་དང་རྒྱ་བོད་ལོ་ཙཱ་བཅས་ལོ་ཙཱའི་རིགས་ཆེན་པོ་གསུམ་ནི། ཇི་ལྟར་སྒྲ་སྒྱུར་མཁན་པོ་གསུམ་བྱུང་བའི་གསུམ་བྱུང་ཚུལ་གསལ་བར་འགོད་ན། གཞན་བདག་སོགས་ཀྱིས་གོ་སླ་བར་མཐོང་།
“རྒྱ་གར་ཁོ་ན་ཙམ་དུ་མ་ཟད་རྒྱ་ནག་དང་ལི་ཡུལ་དང་། ཟ་ཧོར་དང་ཁ་ཆེ་སོགས་ནས་ལོ་པཎ་མང་པོས་རིག་གནས་ནང་འདྲེན་གནངས་ཡོད་པ།”
ཞེས་པར་ཟ་ཧོར་དང་ཁ་ཆེ་གཉིས་རྒྱ་གར་ན་ཡོད་པ་མ་ཡིན་ནམ།
བསྟན་པ་རྙེད་དང་བཀུར་སྟི་དང་།
བཅས་ཏེ་ཡུན་རིང་གནས་གྱུར་ཅིག །
ཅེས་གསུངས་པ་ལྟར་སྔོན་གྱི་སྒྲ་སྒྱུར་བ་པོ། ལོ་ཙ་པ་རྣམས་ལ་རྙེད་བཀུར་ཞུ་བ་པོ་ཡོད་པས། བཀའ་བསྟན་སོགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་བཞུགས་པ་བོད་སྐད་དུ་བསྒྱུར་ཐུབ་པ་ཡིན།
བོད་ཀྱི་སློབ་དཔོན་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ན།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བལྟ་བྱ་ཡིས།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།། ༧ །། ལེའུ་བཞི་པ་ནའོ།
་
ཡིག་ནོར་དག་ལ་ཞུས་དག་མཛད་ན། རང་དང་གཞན་གྱི་བློ་གྲོས་འཕེལ་བ་ལ་ཕན་ནོ།
བཀའ་བསྟན་ནི་འགྲོ་བ་ཡོངས་ཀྱི་ཆེད་དུ་འཚོ་ཞིང་གནས་དགོས་པ་ལས་བོད་ཁོ་ནའི་ཆེད་དུ་མིན། སྔ་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་བཀའ་བསྟན་བོད་ཡིག་ཏུ་བསྒྱུར་མེད་ན་འཛམ་གླིང་ལ་ངོམ་ཆོག་པའི་བོད་བསྒྱུར་ནང་བསྟན་འདི་ཡང་ཡོད་མི་སྲིད། དེས་ན་ཕུགས་རྒྱངས་རིང་པོར་བསམ་བློ་གཏོང་ན་བཀའ་བསྟན་དབྱིན་ཡིག་ལ་བསྒྱུར་བ་ནི་ངེས་པ་དུ་བསྟན་པ་ལ་བྱ་བ་བྱེད་མི་ཚོས་སྒྲུབ་དགོས་པའི་འགན་འཁྲི་དང་པོ་དེ་རེད། བོད་ཡིག་གནས་དང་མི་གནས་ཁོར་ཡུག་ལའང་རག་ལས་པ་བདེན་ཡང་གཙོ་བོ་བོད་མི་རེ་ངོ་རེ་ལ་རག་ལས། སོ་སོའི་ངོ་ནས་བོད་ཀྱི་སྐད་ཡིག་ཡག་པོ་སྦྱོང་བ་དང་བུ་ཕྲུག་དང་འབྲེལ་ཡོད་ཚོར་ཤུགས་རྐྱེན་སྤྲད་པ་སོགས་བྱས་ན་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་རིང་དུ་གནས་ཐུབ། གཞན་བཀའ་བསྟན་གཞན་ཡིག་ལ་བསྒྱུར་མ་བསྒྱུར་ལ་དེ་ཙམ་རག་མི་ལས་སོ།།
བསྟོན་པ་བཀྲིན་ཅན་གྱི་འཛམ་གླིང་འདིར་ཆོས་འཁོར་བསྐོར་བ་དེ་ས་འོག་ས་སྟེང་ས་ལ་གསུམ་དུ་གནས་པའི་སྲོག་ཆགས་ཀུན་གྱི་དོན་དུ་ཆོས་འཁོར་བསྐོར་བ་ལས་ནང་པ་གཅིག་པོ་དང་བོད་མི་གཅིག་པོའི་ཆེད་དུ་མིན་པ་ཤེས་དགོས་པ་ནི་ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཟེར་བ་ནས་ངོ་འཕྲོད་ཐུབ་པ་མ་རེད་དམ་།ོ
རྣམ་རྒྱལ་ཅན་ལ།
བཀའ་བསྟན་འདི་ཚོ། བོད་པ་ཚོས་ཤ་ཟས་རུས་ལ་གཏུགས། མདོ་དབུས་ཁམས་གསུམ་ནས་གསེར་རི་བོའི་གཏོས་དང་མཉམ་པ་རིན་དུ་སྤྲད་ནས། བསྒྲུབས་བཞག་པ་ཞིག་རེད་མ་གཏོགས། ལྷུག་ཤིག་གེར་གནམ་ནས་ཟག་པ་ཞིག་མ་རེད།
ཅི་ཞིག་ལ་ཁོར་ཡུག་ཟེར། བཀའ་བསྟན་འདི་ཚོ་ཡང་བོད་ཀྱི་ཚེ་སྲོག་དང་འབྲེལ་བའི་ཁོར་ཡུག་གལ་ཆེ་ཞིག་རེད། མ་མཐོང་ན་ལྟོས། མ་ཤེས་ན་དྲིས། བསྟན་པ་ལ་ལས་མི་ཚོའི་འགན་ཡིན་ན། དེའི་ཆེད་དུ་ད་བར། བོད་ཀྱི་སྐད་ཡིག་མགོ་སེར་བ་ཚོར་ཁྱབ་སྤེལ་ཇི་ཙམ་བཏང་ཡོད། ཆོས་འབའ་ཞིག་གི་སླད་དུ།
ད་ལྟ་ལ་ཐུག་གི་བར་མགོ་སེར་ཚོས་བོད་ཀྱི་སྐད་ཡིག་ལ། རྔམ་ནས་སྦྱོང་གི་ཡོད། སྐད་ཡིག་དེ་རྒྱལ་སྤྱི་རང་བཞིན་གྱི་སྐད་ཡིན་པས་རེད་དམ། ཡང་ན་ཅི་ཞིག་རེད། ལེགས་པར་སོམས།
ང་ཚོའི་མེས་པོ་གོང་མ་རྣམས་རིག་གནས་ནང་འདྲེན་བྱེད་པ་ལ་དོ་ཟླ་མེད་པ་ཞིག་བྱུང་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ཐོན་མི་སཾ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ཏེ་བོད་ཀྱི་ཡི་གེ་གསར་གཏོད་གནང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་གུ་རུ་རིན་པོ་ཆེ་དང་མཁན་ཆེན་ཞི་བ་འཚོ་དང་བི་མ་ལ་མི་ཏྲ་སོགས་པན་གྲུབ་མང་པོ་གདན་དྲངས་ནས་བསམ་ཡས་ཕྱག་བཏབ། སད་མི་མི་བདུན་རབ་ཏུ་བྱུང་ནས་འདུལ་བའི་བསྟན་པ་མགོ་ཚུགས། སྒྲ་བསྒྱུར་ལོ་པཎ་གླིང་དང་། བདུད་འདུལ་སྔགས་པ་གླིང་། མི་གཡོ་བསམ་གཏན་གླིང་སོགས་གླིང་དེ་དག་གི་ནང་བསྟན་པ་ལ་བྱ་བ་བྱས་པ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་བར་གྲགས། འབྱུང་རྩིས་སམ་ནག་རྩིས་ཞེས་པ་དེ་རྒྱ་ནག་ནས་བླངས། སྐར་རྩིས་དང་། དབྱངས་འཆར་གཉིས་རྒྱ་གར་ནས་བླངས། རྒྱུད་བཞི་རྒྱ་གར་ནས་མིན་ཚུལ་བརྗོད་མཁན་ཡོད་ཀྱང་རྒྱུད་བཞིའི་ནང་གསལ་མང་ཆེ་བ་རྒྱ་གར་གྱི་ཚེའི་རིག་བྱེད་དང་ཁྱད་པར་དུ་སློབ་དཔོན་དཔའ་བོ་དང་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཡན་ལག་བརྒྱད་པ་དང་དེའི་འགྲེལ་པ་ཟླ་ཟེར་ནས་བཞེས་པ་ཡིན་པ་ལ་སོམ་ཉི་མི་འདུག བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་རྣམས་རྒྱ་གར་ནས་བླངས་པ་ཡིན་པ་ནི་སྨོས་མེད་རེད། ད་ལྟ་ཆོས་བརྒྱུད་ཁག་ཚང་མའི་ནང་སྣང་བའི་རབ་བྱུང་ངུར་སྨྲིག་གི་སྡོམ་རྒྱུན་དེའི་རྒྱུན་མཁན་ཆེན་ཞི་བ་འཚོ་ལ་ཐུག་ཡོད། རྒྱ་གར་བ་ཚོ་སྔར་ཡང་བཀྲིན་ཆེན་པོ་རེད་ལ། ད་ལྟ་ཡང་རྒྱ་གར་བ་ཚོ་བོད་མིར་བཀྲིན་ཆེན་པོ་རེད། ཧིན་བོད་མཛའ་འབྲེལ་རྒྱལ་གྱུར་ཅིག
༅༅། རེད་ཡ། རྒྱ་གར་མི་མང་དང་གཞུང་གཉིས་ནས་བོད་པར་སྔ་བར་ད་གསུམ་ལ་བཀའ་དྲིན་ཆེན་པོ་
ཡིན། ༧གོང་ས་སྐྱབས་མགོན་ཆེན་པ་མཆོག་ནས་རྒྱ་གར་བ་འདི་བཀའ་དྲིན་ཆེན་པོ་ཡིན་ཞེས་ཡང་ཡང་
གསུངས་བཞིན་པ་རེད། ང་ཚོའི་ནམ་ཡང་བརྗེད་ཐབས་རྩ་བ་ནས་ཡོད་པ་མ་རེད།
དྲན་དང་དྲན་དང་རྒྱ་གར་བཀའ་དྲིན་དྲན་དང་།
མ་བརྗེད་མ་བརྗེད་རྒྱ་གར་བཀའ་དྲིན་མ་བརྗེད།
བཞག་དགོས་བཞག་དགོས་རང་དོན་སེམས་ལ་བཞག་དགོས།
རྕོད་དགོས་རྩོད་དགོས་བོད་དོན་བདེན་པ་རྩོད་དགོས།
རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྐད་ཡིག་མི་འདྲ་བ་མང་
པོའི་ནང་ཡོད་པ་དང་བཀའ་འགྱུར་ལ་བལྟ་ཀློག་མང་ཤོས་དེ་
བོད་མིའི་བྱེད་བཞིན་པ་ནི་ཚང་མས་གསལ་པོ་མཁྱེན་བཞིན་པ་ནས་བོད་ནི་ནང་པའི་རྒྱལ་ཁྱབ་ཡང་དག་པ་ཞིག་ཡིན་པའི་ངོས་འཛིན་ཕྱི་མི་ཚོའི་བྱེད་བཞིན་ཡོད་།