འབའ་སྲས།
སྙན་ངག་ཤོག་དཀར་ངོས་ནས་མིན།།
སྙན་ངག་སྙུ་གུའི་རྩེ་ནས་མིན།།
སྙན་ངག་དཔེ་དེབ་ངོ་ན་མེད།།
སྙན་ངག་ཡི་གེའི་ཚོགས་ན་མེད།།
རི་དང་རྒྱ་མཚོ་སྙན་ངག་ཀློང་།།
ཁྱིམ་དང་གྲོང་ཁྱེར་སྙན་ངག་མཛོད།།
ལྗོན་ཤིང་མེ་ཏོག་སྙན་ངག་སྤུན།།
གྲོགས་དང་བཟའ་ཟླ་སྙན་ངག་གཉེན།།
སྙན་ངག་ཆུང་མའི་རུམ་ནས་ཕྲིས།།
སྙན་ངག་ཟ་འཐུང་བར་ནས་ཕྲིས།།
བརྩེ་བའི་མཁའ་རུ་སྙན་ངག་འཁྱུག །
འཚོ་བའི་ཐང་དུ་སྙན་ངག་ཐོར།།
བརྩེ་དུང་སྙན་ངག་འཕྱུར་ཡུལ་དང་།།
འཚོ་བ་སྙན་ངག་འབྱུང་ཁུངས་ཡིན།།
བརྩེ་དུང་མེད་པའི་འཚོ་བ་ནི།།
སྙན་ངག་འགྱུར་ཉམས་མེད་དང་འདྲ།།
སྙན་ངག་དཔོན་པའི་རྐུབ་ན་ཡོད།།
སྙན་ངག་ཕྱུག་པོའི་མཛོད་ན་ཡོད།།
སྙན་ངག་མཛེས་མའི་གཟུགས་ན་ཡོད།།
སྙན་ངག་ཕོ་སར་བྲང་ན་ཡོད།།
དཔོན་ཆེན་རྐུབ་ཀྱི་སྙན་ངག་སྒོར་མོས་ཕྲིས།།
ཕྱུག་པོའི་མཛོད་ཀྱི་སྙན་ངག་ནོར་གྱིས་ཕྲིས།།
མཛེས་མའི་གཟུགས་ཀྱི་སྙན་ངག་མཇེ་ཡིས་ཕྲིས།།
ཕོ་སར་བྲང་གི་སྙན་ངག་ནུ་མས་ཕྲིས།།
དེང་སང་དཔོན་པོ་མིང་འདི་སྒོར་གྱིས་ཉོས།།
ཕྱུག་པོའི་རླུང་རྟ་དར་བ་རྫུན་གྱི་དྲིན།།
མཛེས་མ་ང་རྒྱལ་ཆེ་བ་ལང་ཚོས་བཀྱགས།།
ཕོ་སར་བྲང་ཁ་ཡངས་པའང་ཆགས་པས་བསྐྲུན།།
རྒྱབ་ཁབ་བར་གྱིས་སྙན་ངག་སྲིད་ཀྱིས་ཕྲིས།།
རྒྱབ་ཁབ་སྐྱོང་བ་གཙོ་བོ་སྲིད་ལ་ཐུག །
ཕོ་མོ་བར་གྱིས་སྙན་ངག་ཆགས་པས་ཕྲིས།།
ཆགས་པ་མེད་པའི་སྐྱེ་བོ་སུ་ཞིག་ཡོད།།
ཕ་མ་རྒས་པའི་སྙན་ངག་དྲིན་གྱིས་ཕྲིས།།
རང་ལ་བྱམས་པ་བསམ་བཞིན་བསམ་བཞིན་ཕྲིས།།
རང་གི་བུ་ཡི་སྙན་ངག་ཤ་ཚས་ཕྲིས།།
ཤ་ཚ་མེད་ན་ཕ་དང་མ་ཡིས་ཅི།།
བགྲེས་པོའི་གདོང་གི་སྙན་ངག་འཛུམ་གྱིས་ཕྲིས།།
མིག་ཟུང་ཉམས་ཀྱང་སེམས་ཀྱི་མིག་གིས་མཐོང་།།
ནད་པའི་ལུས་ཀྱི་སྙན་ངག་རེ་བས་ཕྲིས།།
ལུས་ནི་ཉམས་ཀྱང་སེམས་ན་གསོན་ཤུགས་དར།།
མདོར་ན་གང་སོང་ས་རུ་སྙན་ངག་ཕྲིས།།
མིག་གིས་མཐོང་བ་ཐམས་ཅད་སྙན་ངག་ཡིན།།
གང་དུ་མི་འགྲོ་ཅི་ཡང་མི་འབྲི་བ།།
ཡོན་ཏན་ཡོད་ཀྱང་དོན་གྱིས་སྟོང་བར་ཟད།།
ཇི་ལྟར་དགའ་ན་དེ་ལྟར་སྙན་ངག་ཕྲིས།།
ཤིན་ཏུ་སྐྱོ་བའི་དུས་སུའང་སྙན་ངག་ཕྲིས།།
དགའ་དུས་སྙན་ངག་ཁྱོད་ཀྱི་དགོད་སྒྲ་ཡིན།།
སྐྱོ་དུས་སྙན་ངག་ཁྱོད་ཀྱི་གདུང་དབྱངས་ཡིན།།
མི་ལ་གདུང་དབྱངས་མེད་པའི་སྙན་ངག་ཕྲིས།།
ཕྱུགས་ལ་གོ་ཁ་མེད་པའི་སྙན་ངག་ཕྲིས།།
རྒྱབ་ཁབ་འཁྲུག་རྩོད་མེད་པའི་སྙན་ངག་ཕྲིས།།
མི་རིགས་དབྱེ་འབྱེད་མེད་པའི་སྙན་ངག་ཕྲིས།།
༡༤/༠༦/༢༦ ཉིན་གྱི་ཕྱི་དྲོར།
སྐྱིད་པོ་རེད།
གངས་ཅན་ཡུལ་ནས་སྡོད་སྐལ་མ་བྱུང་བས།།
མི་ཡུལ་ས་མཐའི་སྐྱོ་བ་འཁུར་དགོས་ཀྱང་།།
བཙན་གྱིས་དབང་བསྒྱུར་རང་དབང་འཕྲོག་པ་ཡི།།
གཞན་བསྟུན་དཀའ་ངལ་མེད་པས་སྐྱིད་པོ་རེད།།
སྤུན་དང་གཉེན་ཉེ་དཔུང་རོགས་མེད་པའི་ཡུལ།།
ལྟ་བ་རིག་གཞུང་མི་མཐུན་ཕྱི་གླིང་ནས།།
མི་རིགས་མི་འདྲའི་གྲས་སུ་སྡོད་དགོས་ཀྱང་།།
གཞན་གྱིས་ཐུབ་ཚོད་མི་གཏོང་སྐྱིད་པོ་རེད།།
བག་མེད་ལོངས་སུ་སྤྱོད་པའི་ཅ་དངོས་དང་།།
རྒྱས་སྤྲོ་དཔལ་ལ་རོལ་སའི་ཁང་ཚོམས་སོགས།།
གཞན་ལ་འགྲན་ནུས་ནོར་གྱིས་ཕོངས་ན་ཡང་།།
འགྲིག་ཙམ་འཚོ་བར་རོལ་ན་སྐྱིད་པོ་རེད།།
ཆགས་སྲེད་མེ་ལྕེ་འབར་བའི་སྙན་ངག་དང་།།
ཞེ་སེམས་རོགས་ལ་ཤོར་བའི་སྙིང་གི་གཏམ།།
ཁ་གསལ་དེབ་ཀྱི་ཕྲེང་བར་བཀོད་ན་ཡང་།།
བཟའ་འཁོན་བཟའ་སྡུག་མེད་པས་སྐྱིད་པོ་རེད།།
བཅུ་ཕྲག་རིག་གནས་ཤེས་པའི་བློ་སྟོབས་དང་།།
ཁྱད་དུ་འཕགས་པའི་སྙན་ངག་མེད་མོད་ཀྱང་།།
ཉེ་རིང་མཐོང་ཐོས་མྱངས་པའི་འཚོ་བ་དག །
ཡི་གེ་ཕྲེང་བར་བསྡེབས་ན་སྐྱིད་པོ་རེད།།
གློ་བུར་སེམས་ལ་ཅི་ཞིག་དྲན་པ་གང་།།
ཡི་གེར་འགོད་ལ་བཙན་སྒྲིག་མི་དགོས་པར།།
བྲག་རིའི་རྦབ་ཆུ་ཐུར་དུ་འབབ་པ་བཞིན།།
སྙན་ངག་ལྷོད་ཀྱིས་བཞུར་ན་སྐྱིད་པོ་རེད།།
༡༨/༡༡/༡༤ མཚན་མོར།
སྙན་ངག་སྙན་བྱུང་འབའ་སྲས་ལགས།
སྙན་ངག་པ་རྒན་འབའ་སྲས་ལགས་དོན་གྱི་སྙན་ངག་པ་རེད་ཨང་།