རས་པ།
ངས་བོད་ཀྱི་སྙན་ངག་གླེང་མཁན་ཁག་ཅིག་གིས་ཅིའི་ཕྱིར་སྙན་ངག་ལ་མཚན་ཉིད་འཇོག་གི་ཡོད་པའི་ཐད་བསམ་བློ་འཁོར་ཐུབ་ཀྱི་མི་འདུག བོད་རང་གི་སྲོལ་རྒྱུན་སྙན་ངག་གམ་དེ་སྔའི་ངག་རྩལ་སྡེབ་སྦྱོར་ནས་བཟུང་སྟེ་སྙན་ངག་ལ་མཚན་ཉིད་མེད་པ་དང་། སྒྱུ་རྩལ་རྩོམ་རིག་གང་ཡིན་ལ་མཚན་ཉིད་འཇོག་ཐུབ་མཁན་སུ་ཡང་བྱུང་མྱོང་མེད། སྙན་ངག་གསར་བ་ཨུ་ཚུགས་ཀྱིས་དགག་པའི་རྙིང་ཞེན་ཕྱོགས་ཁག་གིས་མ་མཐའ་ཡང་<<སྙན་ངག་མེ་ལོང་མ་>>ལས་བསྟན་པའི་”དེ་ནི་ད་ལྟའང་རྣམ་རྟོག་ཏེ།། དེ་དག་མ་ལུས་སུས་འཆད་ནུས།།”ཞེས་པ་འདི་ཙམ་ཁས་ལེན་བྱེད་རྒྱུ་རེད་བསམ་མོད། དེ་ནི་ཧ་ཅང་ནོར་འདུག་སྟེ་རྙིང་ཞེན་ཕྱོགས་ཁག་གིས་ཁས་ལེན་པའི་སྙན་ངག་ནི་ད་དུང་ས་སྟེང་དུ་ཐོན་ཐུབ་མེད་པ་དེ་རེད། འོན་ཀྱང་། ཁོ་ཚོས་སྙན་ངག་ལ་ཧ་ཅང་ཞིབ་ཚགས་ཀྱིས་ལྟ་རྒྱུ་ཡིན་པར་གླེང་སློང་བྱེད་ཅིང་། མཚན་ཉིད་རིག་པས་གཏན་ཚིགས་ཀྱིས་སྙན་ངག་ལ་རྒྱས་འགབ་བྱེད་པ་ནི་ཅི་འདྲིའི་དགོད་བྲོ་བ་ཞིག་རེད་ཨང་།
བོད་ཀྱི་ཚིག་རྒྱན་སྙན་ངག་རིག་པ་མཁན་༸རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་མཆོག་གིས་<< རྣམ་ཐར་དི་ཀཱི་ལའི་གོས་བཟང་>>དུ་”སྡེབ་སྦྱོར་ནི་མཚན་ཉིད་པའི་ཧང་རྒྱུགས་ཀྱིས་དོགས་པ་ཞིབ་གཅོད་མ་མཛད་གཤིས་རང་གིས་གང་ཤེས་ལས་ལྷག་པོ་གསུང་རྒྱུ་མི་འདུག ”ཅེས་གསུངས་འདུག་ཅིང་། གལ་སྲིད་སྡེབ་སྦྱོར་རམ་ཚིགས་སུ་བཅད་པའི་འགྲོ་ལུགས་འདི་ལ་མཚན་ཉིད་ཀྱི་གཏན་ཚིགས་ཡོད་པ་ཡིན་ན་ཅིའི་ཕྱིར་དོགས་པ་ཞིབ་གཅོད་བྱེད་རྒྱུ་མེད་སོང་བ་རེད་དམ་ཞེས་ངས་ནི་རྙིང་ཞེན་ཕྱོགས་ཁག་ལ་འདྲི་བར་འདོད་དོ།། ཡུལ་རྒྱ་གར་གྱི་སྙན་ངག་མཁན་ཐེ་གོར་རམ་བོད་པ་རྣམས་ཀྱིས་ཉི་དབང་མགོན་པོ་རུ་འབོད་པའི་ཉེ་རབས་ཀྱི་སྙན་ངག་པ་དེ་ཡིས་ཀྱང་ཧ་ཅང་ཞིབ་ཚགས་ལྡན་པའི་མིས་སྙན་ངག་གི་ནང་དོན་རྟོགས་མི་ཐུབ་པར་གསུངས་ཤིང་། སྙན་ངག་ནི་རྣམ་རྟོག་གི་འཆར་སྒོ་ཞིག་གམ་མི་རྣམས་ཀྱི་འོག་འགྱུའི་རྟོག་པ་ཞིག་ཏུ་ངེས་གཤིས་དེ་ལ་མཚན་ཉིད་ཀྱིས་ཁྱབ་ཐུབ་པ་མེད་ཅིང་། མ་མཐའི་མཐའ་གཅིག་ཆོད་ཀྱི་ངོས་འཛིན་ཙམ་ཡང་མི་རུང་སྟེ། བོད་པ་རྣམས་ཀྱིས་མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་ནི་འདི་ཉིད་ཀྱི་རྒྱུ་མཚན་དུ་ངེས་པ་ཡིན་ཅིང་། རྩོམ་གཞུང་དུ་འདི་ལ་ལྡེམ་དགོངས་ཅན་ཞེས་ཞུ་བ་རེད།
གཞན། གཞུང་ལམ་གཅིག་ཏུ་ལམ་ཁྲིད་བྱེད་མཁན་གྱི་ལམ་པ་དང་མི་འདྲ་བའམ། རི་ངོས་གཅིག་ཏུ་ཉིན་རྒྱུན་འཁོར་ནས་འདུག་དགོས་པའི་གཡང་མོ་ལུག་དང་ཡང་མི་འདྲ་བའི་རང་མོས་སྙན་ངག་གམ་དེང་གི་སྙན་ངག་གསར་བའི་རིགས་འདི་དག་གིས་ནི་བཤད་སྟངས་གསར་བ་དང་། མཚོན་ཐབས་གསར་བ། དོན་ཉིད་མཚོན་པའི་ཡི་གེའི་རི་མོའི་གཅོད་མཚམས་ཀྱི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། བཤད་སྟངས་གཞན་ཏུ་བྱས་ན་འདི་ལ་སྙན་ངག་གི་དབྱངས་འགྲོས་ཞེས་ཀྱང་ཟེར་ཏེ། མེ་ལོང་མའི་ལུགས་ཀྱི་ཚེག་བར་གྱི་གྲངས་ཀྱིས་བཅད་པའི་འགྲོས་དེ་ལྟ་བུ་མ་ལགས་པར། བརྡ་དང་སེམས་ཀྱི་འཕྲོད་སྦྱོར་མཚོན་པའི་རི་མོའི་བྱེད་ནུས་ཤིག་ལ་འགྲེལ་བཤད་བྱེད་ཀྱི་རེད། དེའི་རྐྱེན་གྱིས་རྩོམ་རིགས་འདིས་དེ་སྔའི་མགུར་གླུ་ལས་ཀྱང་རང་དབང་ལྡན་པའི་ངང་མི་སྒེར་གྱི་བསམ་བློ་སྟེ། འཆར་ཡན་དང་ངོས་འཛིན། མཐོང་སྣང་སོགས་བརྗོད་ཐུབ་པ་རེད།
བོད་ཀྱི་གནའ་བོའི་རྩོམ་སྲོལ་དུ་ཆེས་ཆེར་དར་ཁྱབ་བྱུང་བའི་སྙན་ངག་ཅིག་ཡོད་ན་དེ་ནི་མདོ་ཁམས་ཀྱི་གླུ་དང་ལ་གཞས་སམ་འགུགས་གླུ། དབུས་གཙང་མངའ་རིས་ཁུལ་གྱི་གཞས་དང་ཚིག་རྒྱག་སོགས་ཡིན་ཏེ་རྩོམ་སྲོལ་འདིའི་ཁྲོད་དུ་ཧ་ཅང་གཙུག་འཛིན་བྱས་ཡོད་པ་ནི་རྩོམ་མཁན་དང་ཆེས་ཉེ་བའི་ཁོར་ཡུག་གི་དངོས་པོ་དག་གིས་བརྗོད་དོན་མཚོན་པར་བྱས་ཡོད་ཅིང་། བརྗོད་བྱ་ནི་མང་ཆེ་བ་ངོ་སྤྲོད་དང་ངོས་འཛིན། མ་རངས་པ་དང་སྤྲོ་སྣང་སོགས་ཡིན་པ་རེད། དེ་དག་ནི་བོད་ཀྱི་དུས་སྐབས་མ་འདྲ་བའི་ནང་འཚོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཐོན་པའི་དགྲ་འཐབ་དང་མཛའ་བརྩེ། བོན་ཆོས་དང་ནང་ཆོས་བཅས་ལ་སྐྱ་འཐབ་ནས་ཡོད་པར་སྙམ། འོན་ཀྱང་། འདི་དག་ལ་མཚན་ཉིད་མེད་པ་རེད།
ས་སྐྱ་བའི་དུས་སྐབས་སུ་བོད་བསྒྱུར་གྱིས་སྙན་ངག་བསླབ་གཞི་ཅན་དུ་གྱུར་བ་ནས་ཕྱིས་ཀྱི་སྙན་ངག་མཁན་གྱི་ཁྲོད་དུ་སྙན་ངག་ཡིན་ན་མེ་ལོང་མའི་ལུགས་ཡིན་དགོས་པའི་ངེས་གཏན་གྱི་ཚོར་བ་སླེབས་མྱོང་ཡོད་པ་དང་། སྙན་ངག་གི་བཟང་ངན་ཡང་མེ་ལོང་མའི་ལུགས་ཀྱི་རྒྱན་གང་ལ་ངོས་འཛིན་བྱེད་བདེ་མིན་གྱིས་འབྱེད་པའི་སྲོལ་བྱུང་བ་མ་ཟད། སྙན་ངག་སློབ་ཁྲིད་ཀྱང་རྒྱན་གྱི་དཔེར་བརྗོད་རེ་རེའི་ནང་དོན་དང་། ཇི་ལྟར་རྒྱན་དེའི་དཔེར་བརྗོད་དུ་སོང་བ་ཙམ་ལས་རྩོམ་པ་པོའི་སེམས་ཁམས་དང་ཡི་གེའི་དབར་གྱི་འབྲེལ་བ་ལ་དོ་སྣང་མི་བྱེད་པ་རེད། མེ་ལོང་མའི་ལུགས་ཀྱི་སྙན་ངག་གིས་བརྗོད་བྱའམ་སྲོག་བཅུ་བདུན་དུ་གཏན་འཁེལ་བྱས་ཡོད་ཅིང་། དེ་དག་ནི་གྲོང་ཁྱེར། རྒྱ་མཚོ། རི། དུས། ཉི་ཟླ་འཆར་ནུབ་ལ་བསྔགས་པ། སྐྱེད་ཚལ། ཆུའི་རོལ་རྩེད། ཆང་འཐུང་བ། དགའ་སྟོན། མ་ཚོགས་པ། བག་མ་ལེན་པ། གཞོན་ནུ་སྐྱེ་བ། གཞོན་ནུ་འཕེལ་བ། གྲོས་བྱེད་པ། ཕོ་ཉ་བགྲོད་པ། གཡུལ་འཐབ་པ་བཅས་ཡིན་པ་རེད། འདི་དག་བརྗོད་བྱ་བྱས་པའི་སྙན་གིས་ངོས་འཛིན་དང་རྣམ་པ། བརྗོད་ཐབས་ཀྱི་སྒྱུ་རྩལ་བཅས་ལ་དང་དོན་བྱས་ཡོད་པ་ལས་དེ་ལས་བྱུང་བའི་མི་སྒེར་གྱི་ཚོར་སྣང་བརྗོད་པ་ཆེས་ཉུང་བའམ་མེད་པ་རེད། འདི་ལྟ་བུའི་རྩོམ་རིག་ནང་དུ་རྨད་དུ་བྱུང་བའི་སྒྱུ་རྩལ་གྱི་མྱོང་བྱ་མང་དུ་སླེབས་ཡོད་ཀྱང་། སྒྱུ་རྩལ་རྩོམ་རིག་ནི་ངེས་གཏན་གྱི་བརྗོད་བྱ་འདི་ལས་མི་བརྒལ་བར་བཀག་རྒྱ་ཅན་གྱི་རྭ་སྐོར་ནང་འགྲེ་ལོག་བརྒྱབ་པས་མི་རྣམས་ཡིད་ཚིམ་མི་ཐུབ་པ་ཐེ་ཚོམ་ཅི་ཡང་མེད་པ་ཞིག་རེད།
སྙན་ངག་གསར་བས་ཡིག་གཟུགས་ཀྱི་སྒྲིག་རིམ་དང་། དབྱངས་འགྲོས། རྩོམ་མཁན་གྱི་བསམ་བློ་བཅས་བཙོ་སྦྱངས་ཀྱིས་ཀློག་མཁན་ལ་སྤྱན་བསྟར་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས་སྙན་ངག་འདི་བཀླག་ཚེ་ཁྱད་ཆོས་གསུམ་གྱི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ལ་ཤེས་རྟོགས་བྱེད་པ་ཡིན་པས་ཀླད་པའི་ཤོངས་ཚད་ཀྱང་ཆེན་པོ་ཞིག་དགོོས་ངེས་རེད། ལྷག་པར་ཏུ། སྙན་ངག་གསར་བས་བསྟན་དོན་ནི་དགེ་སྡུག་གི་རྣམ་དབྱེའི་སྟེང་དུ་མེད་པར་སྤྱི་ཚོགས་གང་ཞིག་དང་གདོང་ཐུག་པའི་མི་སྒེར་བ་ཞིག་གི་སེམས་ཀྱི་སྣང་བརྙན་སྟེང་ཡོད་པ་རེད། འདི་ལྟ་བུ་ནི་བསླབ་བྱ་རྒྱག་མཁན་དང་འཇིག་རྟེན་གྱི་དེ་ཉིད་རྟོགས་ཟིན་མཁན་རྣམས་ལ་དགོས་པ་མེད་སྲིད་ཀྱང་། མི་རྣམས་ལ་འདི་ནི་འཚོབ་ཞིག་ཡིན་པ་རེད་དོ།།
༢༠༡༢།༦།༡ ལ།
སྙན་ངག་གསར་པའི་སློབ་ཁྲིད་འདིས་སྙན་ངག་པ་སྙན་ངག་གི་བྲོ་བ་མྱོང་མི་ཤེས་པ་ཚོར་ཕན་ཐོག་ཡོང་གི་རེད།
རི་ཆུ་ཁང་པ་དང་སྤྲིན་དཀར་སེམས་ལྡན་རྩི་ཤིང་ལ་སོགས་ཀྱི་ཕྱིའི་རྣམ་པ་མཛེས་པའི་གནའ་བོའི་རི་མོ་དེ་དག་སྲོལ་རྒྱུན་གྱི་སྙན་ངག་རེད། མཛེས་པའི་རི་མོ་དེ་དག་གི་རྒྱབ་ལོགས་སུ་ལག་ཐབས་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཡོད་པ་རེད་དེ། མི་སྣ་དེའི་སེམས་འགྱུ་དང་བརྩེ་དུང་སོགས་མཐོང་རེ་རྐན།
རབ་རིབ་དང་ཟ་ཟི་གོ་དོན་ངེས་དཀའ་བའི་དེང་རབས་ཀྱི་རི་མོ་དག་ནི་དེང་རབས་ཀྱི་སྙན་ངག་རེད། རབ་རིབ་ཟ་ཟི་དེ་དག་ནི་གཙོ་བོ་ཕྱིའི་རྣམ་པ་མིན་པར་ཕྱིའི་རྣམ་པའི་སྣང་ཚུལ་ཏེ་ནང་སེམས་ཀྱི་འགྱུ་བ། བརྩེ་བ། གདུང་བ། ཚོར་བ། ནང་སེམས་ཀྱི་གསང་བ་མང་པོ་ཞིག་རི་མོའི་ལམ་དུ་བཀོད་པ་ཡིན་པས་གོ་དོན་མཐའ་གཅིག་ཏུ་རྟོགས་དཀའ་བ་དང་ངེས་དཀའ་བ་རེད། དེ་ཡིན་ནའང་། ང་ཚོ་ལ་བསམ་གཞིགས་དང་དྲི་རྟོག་མང་པོ་ཞིག་རང་བཞིན་གྱིས་སྟེར་བར་བྱེད་པ་རེད། དེའི་རིན་ཐང་ཡང་དེ་རུ་ཡོད་པ་རེད།
རས་པ་ཁྱོད་ཀྱིས་སྙན་ངག་ལ་མཚན་ཉིད་མེད་པ་ལྟ་བུར་བཤད་འདུག་ནའང་དེ་ལ་མོས་མཐུན་མེད་ལ། ངས་༼རྣ་བར་སྙན་ཞིང་ཡིད་དབང་སིམ་པར་བྱེད་པའི་ངག་གི་སྒྱུ་རྩལ་ཁྱད་པར་བ་དེ་སྙན་ངག་གི་མཚན་ཉིད་དུ་འདོད།༽ཁྱོད་ལ་འདི་སྙན་ངག་གི་མཚན་ཉིད་མིན་པའི་རྒྱུ་མཚན་རྣལ་མ་ཞིག་ཡོད་ན་འཕྲལ་དུ་ཞོག དེ་མིན་གནས་ལུགས་རྒྱུ་མཚན་ཡང་དག་མེད་པར། འདི་ཡིན་འདི་མིན་ཞེས་ཁ་ཚོན་གཅོད་ཁུལ་བྱས་ཀྱང་དེ་སུ་ཁས་ལེན་ནུས། སྤྱིར་སྙན་ངག་དེ་རྒྱ་ཆེ་དང་གཏིང་ཟབ་པས་ལས་སླ་པོ་མིན་ཡང་དེ་ལ་མཚན་ཉིད་འཇོག་ཏུ་མེད་ཅེས་སྨྲ་བ་ནི། ཁྱོད་ཀྱིས་སྙན་ངག་གི་གོ་དོན་དཔྱིས་ཕྱིན་པར་ཤེས་མེད་པའི་རང་མཚང་གསལ་རྗེན་དུ་མངོན་པ་ལས་མ་འདས། ཡང་ན་མེད་ཅེས་གཞན་ཟེར་རྗེས་འབྲང་ཙམ་མིན་པར་རྒྱུ་མཚན་ཡང་དག་ཅིག་དགོས། དེ་མིན་ཕྱི་རོལ་པ་རྣམས་ཀྱིས་མི་དཀོན་མཆོག་གིས་བཟོས། དཀོན་མཆོག་སུས་བཟོས་ཞེས་དྲི་དུས་དེའི་རྒྱུ་མཚན་དང་གནས་ལུགས་ཡང་དག་བཤད་རྒྱུ་མེད་དུས། དཀོན་མཆོག་ཅེས་པ་
བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་བ་རེད་ཅེས་པ་ལས་བཤད་རྒྱུ་མེད་པ་དང་རྣམ་པ་ཀུན་ཏུ་ནས་མཚུངས་སོ་ཞེས་བདག་གིས་ཁ་ཚོན་ཆོད་པོས་བརྗོད་འདོད། འོན་ཀྱང་ཁྱོད་དང་ཁྱོད་འདྲ་བ་རེ་ཟུང་ནི་གནའ་རབས་ཀྱི་རྩོམ་རིགས་སོགས་ལ་གནས་ལུགས་དང་བྲོ་བ་མེད་ཁུལ་བརྗོད་ཅིང་། གནའ་བོའི་ཤེས་རིག་ལ་ཆ་རྒྱུས་མཐིལ་ཕྱིན་མེད་ལ། དེང་རབས་ཀྱི་རྩོམ་རིགས་སོགས་ཀྱི་རིག་གནས་རྣམས་ལ་གནས་ལུགས་
དང་བྲོ་བ་ཡོད་ཁུལ་བཤད་ཀྱང་དེ་ལའང་སྦྱང་རྩལ་མེད་པ་སྟེ། མདོར་ན་ཁ་རྒྱགས་ཙམ་ལས་གནའ་དེང་ཤེས་ཟུང་གིས་ཕོངས་ཤིང་ཡར་མེད་མར་མེད་དེ་བར་དོ་འཁྱམ་པོ་ལྟ་བུ་རེ་ཟུང་གིས། གནའ་རབས་རིག་གནས་ལ་མིག་ལོག་དང་དེང་རབས་རིག་གནས་ལ་བསུ་བའི་འཛུམ་མདངས་སྟོན་ཁུལ་ཇི་ཙམ་བགྱིས་ཀྱང་། གཟུར་གནས་ཀྱིས་དཔྱད་གཏམ་རྣལ་མ་ཞིག་ཏུ་བློ་གྲོས་ལྡན་པ་སུ་གཅིག་གིས་མི་འདོད་དོ།།
ང་དགོད་དགོད་ནས་གྲོད་ཁོག་ལ་ན་ཟུག་བཏང་སོང་།
་་རྣ་བར་སྙན་ཞིང་ཡིད་དབང་སིམ་པར་བྱེད་པའི་ངག་གི་སྒྱུ་རྩལ་ཁྱད་པར་བ་དེ་སྙན་ངག་གི་མཚན་ཉིད་དུ་འདོད་་ ན། ངག་སྒོ་ཡངས་པ་དང་ཡང་བར་ཕྱེ་ནས་རྣ་བར་སྙན་ཞིང་ཡིད་དབང་སིམ་པའི་ངག་གི་གཞས་སྙན་པོ་ཞིག་བཏང་ན་དེ་ཡང་སྙན་ངག་རེད་དམ།
ང་ཚོ་སྙན་ངག་ཅེས་པའི་ཚིག་རང་གི་ངོ་གདོང་ལ་འཇུ་རྒྱུ་མི་འདུག ཚིག་རང་ལ་འཇུས་ན་སྙན་མོ་ཞིག་དང་ངག་ཏུ་གྱེར་བ་ཞིག་ལས་སེམས་ནང་འཆར་རྒྱུ་ཅང་ཡོད་པ་མ་རེད། དེ་ལས་ཡིག་ཐོག་སྙན་ངག་དང་ངག་ཐོག་སྙན། རོལ་དབྱངས་སྙན་ངག་དང་མཛེས་རྩལ་སྙན་ངག ཡིད་འགྱུའི་སྙན་ངག་དང་རང་བྱུང་སྙན་ངག་སོགས་རིག་པའི་གནས་དུ་མ་དང་སྙན་ངག་གི་བར་དུ་ཆང་སྟོན་བཤམས་ཏེ་སྙན་ངག་གི་ཁྱབ་རྒྱ་ཆེ་རུ་བཏང་ན་མི་ལེགས་སམ།
སྙན་ངག་ནི་རྟོག་བཟོའི་སྒྱུ་རྩལ་གྱི་སྐད་ཆས་རང་རང་གི་འཆར་སྣང་དང་འཚོ་བའི་སྣང་བརྙན་གཉིས་གཞི་གཅིག་ཏུ་མཚོན་ཞིང་ཐབས་དང་ཤེས་རབ་ཀྱིས་ཕྱོགས་ཀུན་ནས་ཡོངས་སུ་གྲུབ་པའི་རིག་གནས་བྱེ་བྲག་པ་ཞིག་ལ་ངོས་འཛིན་ཆོག དཔེར་ན། ཆུ་སྣ་བརྒྱ་ཕྲག་སྟོང་འདུས་ཀྱི་རྒྱ་མཚོ་ལྟ་བུ་ཞིག་རེད། རྒྱ་མཚོའི་གཏིང་མཐའ་ལ་ཚད་འདི་འདྲ་ཞིག་དགོས་ཞེས་ཚད་ཐིག་འཇལ་བྱེད་ཅི་ཡང་མེད་ནའང་། སྤྱི་ལྡོག་གི་ཆ་ནས་འདི་ནི་རྒྱ་མཚོའོ་སྙམ་པའི་མཐོང་ཐོས་དྲན་རེག་གི་ཡུལ་དུ་གསལ་མེར་འཆར་རྒྱུ་ཞིག་མེད་མི་སྲིད་པས། དེ་ལ་བརྟེན་ནས་རྒྱ་མཚོའི་རང་བཞིན་ལ་སྤྱི་སྡོམ་ཞིག་རྒྱག་ཆོག་གི་ཡོད་པ་ལྟར། སྙན་ངག་ལ་ཡང་གཅིག་གྱུར་གྱི་སྤྱི་སྡོམ་ཞིག་མེད་པ་ག་ལ་སྲིད། དེ་ཡོད་ན། སྙན་ངག་ལ་ཁྱབ་པ་སྒོ་བརྒྱད་མ་ངེས་པའི་མཚན་ཉིད་འཇོག་གི་རེད།
སྙན་ངག་ལ་མཚན་ཉིད་མེད་ན་སྙན་ངག་མཚོན་བྱ་མིན་པར་འགྱུར་ལ། ངག་སྒོ་ཡངས་པའི་ངག་ནས་དོན་པའི་རྣ་བར་སྙན་ཅིང་ཡིད་ལ་སིམ་པའི་ངག་དེ་ཡང་སྙན་ངག་ཏུ་འདོད་ན་དེ་ནི་ཉེས་པ་ཅི་ཡང་མེད་དེ་སྙན་ངག་ཅེས་པ་དེ་ཡིག་ཐོག་སྙན་ངག་གཅིག་པུ་མིན་པས་སོ།།
བཙན་བྱོལ་ནང་སྙན་ངག་བཤད་པ་དང་བོད་ནང་མང་གཙོ་བཤད་པ་གཉིས་གཅིག་པ་ཡིན། རང་རང་ས་ནས་ཨུ་ཚུགས་ཀྱིས་འགྲེལ་བཤད་རེ་བྱེད་པ་ལས། གཞན་ཡོང་རེ་མེད་པ་རེད།
མགོན་པོ་ཕྱག་གཉིས་ཁྱོད་ཀྱིས་སྙན་ངག་ཟེར་དུས་ཡིན་གཅིག་གཞས་ཚིག་མ་ཡིན་པ་གཅིག་དགོས་སྙམ་སོང་ངམ། ༼རྣ་བར་སྙན་ཞིང་ཡིད་དབང་སིམ་པར་བྱེད་པའི་ངག་གི་སྒྱུ་རྩལ་ཁྱད་པར་བ་ཐམས་ཅད་སྙན་ངག་ཏུ་འདོད་ཆོག་པས༽གཞས་ཚིག་དེ་འདྲ་བ་དེ་དག་སྙན་ངག་ཡིན་དགོས་དང་དགོས། ཁྱོད་ཀྱིས་གཞས་ཚིག་ཡིན་ན་སྙན་ངག་ཡིན་མི་དགོས་བསམ་པ་དེ་རང་མཚང་གསལ་སྟོན་བྱེད་པ་ཉིད་ལས་མ་འདས་སོ།།
མགོན་པོ་ཕྱག་གཉིས་ཁྱོད་ཀྱིས་སྙན་ངག་ཟེར་དུས་ཡིན་གཅིག་གཞས་ཚིག་མིན་པ་གཅིག་དགོས་སྙམ་སོང་ངམ། ༼རྣ་བར་སྙན་ཞིང་ཡིད་དབང་སིམ་པར་བྱེད་པའི་ངག་གི་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན་ན༽དེ་འདྲ་བའི་གཞས་ཚིག་བརྒྱ་སྟོང་ག་ཚད་ཡོད་ཀྱང་སྙན་ངག་ཡིན་པར་ཐེ་ཚོམ་མེད་ཅེས་ཞུ་རྒྱུ་ཡིན། ཁྱོད་ཀྱིས་གཞས་ཚིག་ཡིན་ན་སྙན་ངག་མིན་དགོས་རློམ་པ་དེ་ནི་རང་མཚང་བའི་འབྲུ་བའི་ཏོག་རྩེ་ཞིག་དང་ཅི་ནས་མཚུངས། དེ་སྙན་ངག་གི་མཚན་ཉིད་མིན་པའི་རྒྱུ་མཚན་ཡང་དག་སུ་ལ་ཡོད་ན་ཤོད་དང་དགའ་བསུ་ཞུ་ཆོག
ཆོས་ཀྱི་གནས་ལུགས་ཡང་དག་མི་ཤེས་མཁན་རེ་ཟུང་གིས་ཆོས་ལ་སྙིང་པོ་མེད་ཅེས་པ་དང་གཅིག བདག་མེད་ཀྱི་གནས་ལུགས་ཚུལ་བཞིན་མི་ཤེས་མཁན་ཕྱི་རོལ་པ་ཚོས་དཀོན་མཆོག་སུས་བཟོས་པར་འདྲི་དུས། དེ་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལོང་བ་རེད་ཅེས་འཇོག་པ་དང་གཉིས། སྙན་ངག་གི་གནས་ལུགས་ཡོངས་རྫོགས་ཚུལ་བཞིན་མི་ཤེས་མཁན་རེ་ཟུང་གིས་སྙན་ངག་ལ་རང་གིས་མཚན་ཉིད་འཇོག་མི་ཤེས་པ་དེ་མ་ཤེས་ནས། དེ་ལ་མཚན་ཉིད་མེད་ཅེས་ཤོད་མཁན་རྣམས་དང་གསུམ་པོ་དེ། རྟག་ཆད་ཀྱི་མཐའ་ལས་འདས་པའི་བུ་སྤུན་གསུམ་རེད་ཅེས་བཤད་ཆོག ༼མ་མཐོང་ཕྱིར་ན་མེད་པ་དང་།། མ་གོ་ཕྱིར་ནའང་མེད་མི་དགོས།། མ་མཐོང་མ་གོ་ཙམ་གྱིས་ནི།། མེད་པར་འདོད་པའི་སྐྱེ་བོ་དག། བླུན་པོ་ནང་གི་ཡང་བླུན་ཡིན།།
བླུན་པོ་བླུན་པོ་ཟེར་མཁན་ལ་ནད་ཅིག་ཡོད། བསྒྱུར་ཏུ་མེད་ཅིང་ལྡོག་ཏུ་མེད། ། ལོག་པའི་དཔུང་ནི་རྡོ་རྗེ་ཉིད།། གླེན་པ་ལྕགས་ཀྱི་གདོང་ཅན་ལ།། སུ་ཞིག་གིས་ནི་རྒོལ་བར་ནུས།། དྲ་རྒྱའི་ནང་དུ་འདི་སླན་ཡིན་པ་འདྲ།
དྲ྄་གྲོགས་ཀླུ་སྨྱོན་ལགས་དེང་དུས་སུ་སྙན་ངག་ལ་སྲོག་ཡོད་མེད་གཉིས་སུ་འདོད་པ་ལས་ཁྱེད་ཀྱིས་དེ་གཉིས་ལས་གང་བཞེད་ཀྱིན་ཡོད་། ཡང་ན་ཁྱེད་ཀྱིས་དཔེར་བརྗོད་ཞིག་བཀོད་གནང་ནས་དེ་ལ་སྲོག་ལུས་གཉིས་ཁ་སོ་སོར་ཕྱེས་ནས་དེ་ལ་འགྲེལ་བཤད་ཁ་གསལ་ཞིག་གནང་བས་རེ་བ་ཞུ་ཀུ་ཆེ་ལགས་ང་རང་དེའི་སྐོར་ཧ་འདོད་ཞེ་དྲག་ཡོད
དྲ྄་གྲོགས་ཀླུ་སྨྱོན་ལགས་ཁྱེད་རང་ལ་ངས་དྲི་བ་ཞིག་འབུལ་འདོད་བྱུང་། ཁྱེད་རང་སྙན་ངག་ལ་སྲོག་བཞེད་མཁན་དེ་ཡིན་ནམ་སྲོག་མི་བཞེད་མཁན་དེ་ཡིན། སྲོག་བཞེད་མཁན་ཡིན་ན་སྙན་ངག་གི་རྒྱན་ཞིག་གི་དཔེར་བརྗོད་ཞིག་གནང་ནས་དེའི་སྲོག་དང་ལུས་གཉིས་དབྱེ་བ་འབྱེད་རོགས་ཞུ་རྒྱུ་ཡིན། དེའི་སྐོར་ང་ལ་ཤེས་འདོད་ཡོད་ལགས།
སྙན་ངག་ལ་སྲོག་ཡོད་ཀྱང་རུང་ལ་མེད་ཀྱང་རུང་།
ཁྲག་ཞིག་ཡོད་རྒྱུ་ན་འགྲིག་ས་རེད་མ་གཏོགས་དེའི་རྩ་ལམ་ལག་ལ་རེག་རྒྱུ་ཁག་པོ་འདུག
སྙན་ངག་གི་གཟུགས་དང་སྒྲ་དབྱིབས་དང་ཁ་དོག་སོགས་ནི་སྙན་ངག་གི་ལུས་རེད། དེས་བསྐྱེད་པའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་ཚོར་བ་ནི་སྙན་ངག་གི་སྲོག་རེད། ཇི་སྲིད་སྙན་ངག་གི་སྲོག་དེ་ཁྱོད་ཀྱི་སྲོག་རྩར་མ་ཞུགས་པ་དེ་སྲིད་དུ་སྙན་ངག་གི་བྲོ་བ་ངོ་མ་དེ་མྱོང་མི་ཐུབ།
དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྲོག་མ་རེད།།
དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྟེར་བར་བྱེད་པའི་སྒྱུ་རྩལ་དེ་སྲོག་རེད།
ཚོར་བ་ཉམས་སུ་མྱོང་མཁན་དེ་ཀློག་པ་པོ་རེད།
སྙན་ངག་གི་སྲོག་དེ་སྙན་ངག་ཐོག་ཡོད་པ་ལས་ཀློག་མཁན་ཐོག་ཅི་ལ་ཡོད།