ཁྲོ་གཏུམ།
སྙན་ངག་བཙལ་ནས་རྙེད
སྙན་ངག་བཙལ་ནས་མ་རྙེད་པའི་ལོ་ཟླའི་གས་སྲུབ་ལ
སྙིང་ཁྲག་འཁོལ་བའི་ཆང་དཀར་ཧུབ་གང་གི་རྗེས་སུ
ངས་ཁྱོད་ལ་དྲང་བདེན་དམར་རྗེན་མ་དེ་བཤད་སྲིད་མོད
ཁྱོད་ཀྱི་དྲི་བའི་ཁ་ཕྱོགས་སུ་ཤོར་བའི་ལན་དེ་ཚོ
ངའི་དྲང་བདེན་གྱི་རྣམ་ཤེས་དཀྲུགས་པའི་བཙོན་ཤོག་འགའ་ཡིན་པས
ངའི་མགོ་བོ་ནི་འདི་འདྲའི་རིགས་ཀྱིས་གཅོད་གཏུབ་བྱས་ཆོག་གམ
རིན་ཐང་ནི་སྣ་ཚོགས་ཤིག་སྟེ
དུས་རབས་ཀྱིས་ཁྱོད་ལ་སྤྲད་པ་དག་ནི་ངོས་ལེན་བྱས་ཆོག་མོད
མི་གཅིག་གིས་ཁྱོད་ལ་བསླབས་པ་དག་ངོས་ལེན་བྱེད་དགོས་དོན་མེད
འདི་ནི་དེང་རབས་ཏེ་ཤོག་ཐར་ལས་ཐར་བའི་སྤྱི་ཚོགས་བསམ་ཚུལ་ཞིག
སྤྱི་ཚོགས་བརྒྱུད་ལམ་གྱིས་ཁྱོད་ཀྱི་དུས་ཚོད་འཕྲོག་ནའང
ཁྱོད་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ལ་ཞབས་ཞུ་ག་ཚོད་སྒྲུབ་ཡོད
དུས་རབས་ཀྱི་ལྗིད་ཁོག་སྙན་ངག་ཅིག་ལའང་མི་དོའམ
སྙན་ངག་གི་ཁྲག་རྩ་འཁོལ་སྟངས་ལས
དུས་རབས་ཀྱི་བློ་ཞིག་གར་ལ་རོལ་ཐུབ་བམ
དེ་ལས་ཆང་དཀར་ཧུབ་གང་གིས་ལབ་ཅིག་བརྒྱབ་པ་དེ་བཟང
ལབ་མགོ་དང་ལབ་རྔ་ནི་དྲི་བའི་ཁ་ཕྱོགས་ཀྱིས་འཇུས་ཡོད་པས
མཐའ་མའི་ཐག་གཅོད་ཀྱང་ཆེས་ཡིད་དུ་མི་འོང་བ་དེའི་ཕྱོགས་ལ་དམིགས་ཡོད
དེ་བས ཁྱོད་ཀྱིས་ཆང་ཧུབ་གང་འཐུང་བའང་ཕ་རོལ་པོའི་སེམས་ནང་གི་རྒྱུ་ལྷག་ཅིག་སྟེ
སྤྱི་ཚོགས་ཀྱིས་གཤགས་བཅོས་བྱེད་ཞོར་བཙེམས་ནོར་ཤོར་ཡོད
འདི་ནི་ན་ཚ་དེ་སྨན་བཅོས་སུ་ལྷག་ཅིང
སྨན་བཅོས་དེ་ན་ཚ་ཡི་རྗེས་སུ་ལྷག་པའི་འཁྲབ་གཞུང་ཞིག
༢༠༡༩།༡༡།༠༦།༠༥།
སྙན་ངག་འདི་གྲས་དེ་ཙམ་བཀླགས་མ་མྱོང་། དེ་ནི་འདི་གྲས་མྱོལ་རོལ་བྱེད་སྟངས་ཀྱི་འགྲེལ་བཤད་སྣ་ཚོགས་དེས་སུན་བཅུག་པས་ཡིན། མཚམས་རེར། རྩེད་མཚར་ལྟ་བུས། སྙན་ངག་འདི་གྲས་བྲིས་མྱོང་། ཅི་ཙམ་རྩེད་མཚར་གྱིས་བྲིས་པ་དེ་ཙམ་གྱིས་ངའི་ཀློག་མཁན་ཚོས་སྙན་ངག་རེད་ཅེས་ཟེར།
སྙན་ངག་པ་ཁྲོ་གཏུམ་འདིས་སྙན་ངག་བྲིས་ན་བཞུར་རྒྱུན་ཞིག་འདུག དཔེར་ན།
ན་ཚ་དེ་སྨན་བཅོས་སུ་ལྷག་ཅིང
སྨན་བཅོས་དེ་ན་ཚ་ཡི་རྗེས་སུ་ལྷག
ལྟ་བུའོ།།