ཀླུ་སྨྱོན།
ལོ་མ་ལྗོན་རྩེ་ནས་འདར་དུས།
དབང་མེད་འགྲུལ་བཞུད་ཅིག་བྱེད་འདོད།།
ཆར་བས་ལྷམ་ཡུ་གཉིས་བརླན་དུས།།།
སྐར་མས་ལམ་སྒྲོན་ཞིག་བྱས་སོང་།།
སྨུག་པ་དུམ་བུ་དང་དུམ་བུས།།
ཕ་གིའི་རི་རྩེ་དེ་དཀྲིས་དུས།།
སྙིང་ཤ་ཚོམ་བུ་དང་ཚོམ་བུ།།
ཕྱོགས་ཕྱོགས་མེ་སྟག་བཞིན་མཆེད་སོང་།།
སེམས་ནས་འཆར་ཡན་ཞིག་འཕྱུར་ཏེ།།
ལག་ནས་སྙན་ངག་ཅིག་བྲིས་པ།།
ཤོག་བྱ་སྐུད་ཆད་ཅིག་འདྲ་བར།།
ནམ་མཁའ་སྟོང་པ་ལ་ཐིམ་སོང་།།
རྒྱང་རིང་རི་གྲོང་ནི་མི་བསླེབས།།
ཐག་ཉེའི་ཁྱི་སྐད་ཀྱང་ཡལ་བས།།
ད་ནི་ནགས་ཀློང་གི་ཁྲོད་ནས།།
བདག་མེད་རྣམ་ཤེས་བཞིན་ལུས་སོང་།།
སྟོང་སྐུད་དམར་པོ་ལ་བརྒྱུས་པའི།།
རིན་བྲལ་སྲུང་འཁོར་གྱི་ཟུར་ནས།།
རེ་བའི་མེ་སྟག་ཅིག་འཚེར་ཏེ།།
མཚན་ལྗོངས་ཚལ་བ་རུ་གཤགས་སོང་།།
མུ་ཏིག་སིལ་སིལ་གྱི་སྟ་ཟུར།།
སང་རས་དམར་སྐྱ་ཡིས་བཏུམས་པའི།།
སྒེག་ལྡན་མཁའ་སྤྱོད་ཀྱི་དགའ་མ།།
དག་པའི་ཞིང་ཁམས་ནས་བྱོན་འདྲ།།
བྱུ་རུའི་མཆོད་སྡོང་གི་ལང་ཚོ།།
བདེ་ཆེན་མྱོས་བུམ་གྱི་རེག་བྱ།།
ཟུར་མིག་མཚོན་རྣོན་ལ་དྲངས་ཏེ།།
ལུས་སེམས་དུམ་བུ་རུ་གཏུབས་སོང་།།
སྔོ་ནག་ནམ་མཁའ་ཡི་དཀྱིལ་ནས།།
གློག་དམར་ཞགས་པ་ཞིག་བརྐྱངས་ཏེ།།
ལྷ་མོའི་ངུར་སྨྲིག་གི་སྐྲ་ལོའི།།
འདབ་མར་སྙན་ཚིག་ཅིག་བྲིས་བྱུང་།།
མུན་པ་དགུ་བརྩེགས་ཀྱི་མཚན་མོར།།
ཚེ་སྲོག་རལ་ཁ་རུ་བསྐྱོན་དུས།།
མཁའ་འགྲོའི་དྭངས་རྩེ་ཁྱོད་བྱོན་ཏེ།།
ལུས་སེམས་རྒུན་ཆང་ལ་བསྲེས་སོང་།།
གང་འདིར་སྒྱུ་འཕྲུལ་གྱི་བྱད་གཟུགས།།
སེམས་པའི་ཟབ་ས་རུ་འཕྱོ་དུས།།
བག་གཡེང་འདུ་ཤེས་ཀྱི་ཁུར་བོ།།
སེམས་ཀྱི་ལྕགས་ཐགས་ཀྱིས་བཅིང་ཡོད།
མཁའ་འགྲོ་མྱོས་བུམ་གྱི་སྙན་ཚིག །
ཟུར་མིག་མཚོན་རྣོན་གྱི་སྙན་དངགས།
བདག་ལུས་ཁུ་ཁྲག་གི་ལུས་དབང་། །
ཅུང་ཟད་གཡོ་འགུལ་ཅིག་ཐེབས་བགྱིད། །
སྨྲ་བའི་དབང་ཕྱུག་དབྱངས་ཅན་ལྷ།།
མགྲོན་དུ་བཀུག་པའི་མགྲིན་པ་ཅན།།
ཀླུ་འབུམ་སྨྱོན་པའི་སྙན་ཚིག་རྣམས།།
ཁ་བརྡ་དྲ་བའི་མཛེས་རྒྱན་ཉིད།།
ངག་གི་དབང་ཕྱུག་སྤྱི་བོར་བཞུགས། །
དབྱངས་ཅན་ལྷ་མོས་མགྲིན་པར་འཁྱུད། །
སྤྱན་རས་གཟིགས་ཀྱིས་བརྩེ་བས་བཅིངས། །
གསང་སྔགས་བདག་པོས་མཐུ་ནུས་སྩོལད། །
ཨ་ཁུ་ཀླུ་ཚང་གི་སྙན་ཚིག་འདི་དག་གྲྭ་བ་ཚོ་ལ་མི་དགོས་ན་ཡང་། ང་ལྟ་བུའི་མོ་དགའ་ཚོ་ལ་མཚོན་ན་སྨན་མཆོག་ཞིག་རེད་ཡ། ངོ་མ་ཅིག་སྙན་གི