འབྲིང་བ་འཇིགས་མེད་ཀྱིས།
༄༅།། སྙན་ངག་མེ་ལོང་བོད་དུ་འགྱུར་བ་ནས་བཟུང་དེ་ཉིད་བོད་ཀྱི་སྙན་ངག་གི་སློབ་དེབ་གཙོ་བོར་གྱུར་ཅིང་། དེ་ལ་བོད་ཀྱི་མཁས་པ་དག་གིས་འགྲེལ་པ་དང་། བསྡུས་དོན། སྤྱི་དོན། ཟིན་བྲིས། སྡོམ་ཚིག དོགས་གཅོད། དཔེར་བརྗོད་སོགས་མཛད་པ་ཤིན་ཏུ་མང་། མཁས་པ་སོ་སོའི་རྣམ་དཔྱོད་ཀྱི་རྩལ་མི་འདྲ་བ་ལས་ཐོན་པའི་འགྲེལ་ཚུལ་མི་འདྲ་བའང་མང་། སྙན་ངག་མེ་ལོང་སློབ་ཁྲིད་བྱེད་མཁན་དང་ཡང་ན་སྙན་ངག་མེ་ལོང་ལ་སློབ་སྦྱོང་བྱེད་མཁན་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ། སྙན་ངག་མེ་ལོང་གི་རྩ་ཚིག་སོ་སོའི་ཐད་ཀྱི་མཁས་པའི་འགྲེལ་ཚུལ་མི་འདྲ་བ་རྣམས་ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་པ་ཤིན་ཏུ་གལ་ཆེ། དེ་ཁོང་དུ་ཆུད་ཚེ་རྩ་ཚིག་གི་གོ་དོན་དང་། རྒྱན་སོ་སོའི་ངོ་བོ་དང་ཁྱད་པར་བཅས་གསལ་པོར་རྟོགས་ཐུབ་པ་དང་ཆབས་ཅིག སྙན་ངག་གི་གཞུང་ལུགས་ཀྱི་དཔྱོད་རྒྱ་ཇེ་ཡངས་དང་། སྙན་ངག་གི་ཤེས་ཡོན་གྱི་ཆུ་གཏེར་ཇེ་ཟབ། སྙན་ངག་འབྲི་བ་དང་སྨྲ་བའི་སྤོབས་པ་ཇེ་ཆེར་འགྲོ་ངེས་ཡིན།
རིག་པའི་གནས་སྤྱི་དང་ལྷག་པར་དུ་སྙན་ངག་ནི་མཁས་པའི་ཁྱད་ཆོས་མེད་མི་རུང་བ་སྟེ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། །ཞེས་གསུངས་ཤིང་། སྙན་ངག་འབྲི་ཤེས་མིན་དང་འཆད་ཤེས་མིན་ནི་གཙོ་བོར་སྙན་ངག་གི་གཞུང་ལ་སློབ་གཉེར་བྱས་མ་བྱས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དེ། སྙན་ངག་མེ་ལོང་ལས། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་གསུངས་པའི་རྒྱུ་དང་པོ་ནི་རང་ཉིད་ལ་ལྷན་སྐྱེས་སུ་ཡོད་དགོས་ཤིང་དེ་གཙོ་བོར་སྐྱེ་བ་སྔ་མའི་ལས་ཀྱི་མཐུ་ལ་རག་ལས་ནའང་། རྒྱུ་ཕྱི་མ་གཉིས་ནི་རང་ཉིད་ཀྱིས་སྐྱེ་བ་འདིར་གུས་རྟག་བརྩོན་པས་སྙན་ངག་གི་གཞུང་ལ་སློབ་སྦྱོང་བྱེད་པ་དེ་ཡིན་པས། མཁས་པའི་གོ་འཕང་འདོད་ན་སྙན་ངག་གི་གཞུང་ལ་ཅིས་ཀྱང་བསླབ་དགོས་སོ། །
སྙན་ངག་ཅེས་པ་ནི་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་ཅེས་བོད་མཁས་པས་གསུངས་པ་ལྟར། རྗོད་བྱེད་ཚིག་གི་ཆ་ནས་རྣ་བར་སྙན་ཞིང་། བརྗོད་བྱ་དོན་གྱི་ཆ་ནས་ཡིད་འཕྲོག་པ་སྟེ། རྗོད་བྱེད་སྒྲ་ཡི་སྙན་ཉམས་དང་བརྗོད་བྱ་དོན་གྱི་མཛེས་ཉམས་གཉིས་ཀ་འཛོམས་པའི་ཚིག་གམ་ངག་ཅིག་ལ་སྙན་ངག་ཅེས་བྱ་ཞིང་། དེ་ལྟ་བུའི་སྙན་ངག་གི་ཉམས་འདོན་པའི་ཐབས་ནི་སྒྲ་རྒྱན་དང་དོན་རྒྱན་རྣམས་ཡིན་ལ། རྒྱན་གྱི་རྣམ་གཞག་ནི་སྙན་ངག་མེ་ལོང་དུ་རྒྱས་པར་འབྱུང་བས། སྙན་ངག་མེ་ལོང་ལ་རྒྱན་གྱི་བསྟན་བཅོས་ཞེས་གསུང་མཁན་ཡང་ཡོད་པ་དང་། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་ཀྱང་གསུངས།
སྙན་ངག་མེ་ལོང་ལ་འགྲེལ་པ་གསར་རྙིང་དང་རྒྱས་བསྡུས་མི་འདྲ་བ་ཤིན་ཏུ་མང་བས་དེ་ཐམས་ཅད་ཀྱི་འགྲེལ་ཚུལ་ཐ་དད་པ་ཅི་ཡོད་ཁོང་དུ་ཆུད་པར་བྱེད་རྒྱུ་ནི་དཀའ་ནའང་། འགྲེལ་པ་ཚད་ལྡན་གྲགས་ཅན་རྣམས་ཀྱི་འགྲེལ་ཚུལ་ལ་ཁྱད་པར་ཅི་ཡོད་ཙམ་ནི་ངེས་པར་ཤེས་ཐབས་གནང་དགོས། དེའི་ཆེད་དུ་དམིགས་ཏེ་༼སྙན་ངག་གི་བཞེད་མཚམས་སྙན་ངག་སྨྲ་བའི་འཇུག་ངོགས་༽ཞེས་པའི་དེབ་ཅིག་ཕྲན་གྱིས་ཕྱི་ལོ་ ༢༠༠༧ ལོར་བྲིས་ཏེ་དཔར་སྐྲུན་བྱས། ༼སྙན་ངག་གི་བཞེད་མཚམས་༽དེའི་ནང་དུ་རིན་སྤུངས་ངག་དབང་འཇིག་གྲགས་དང་། རྒྱལ་དབང་ལྔ་པ་ཆེན་པོ། བོད་མཁས་པ། འབྲུག་ཁམས་སྤྲུལ། འཇུ་མི་ཕམ་པ། ཨ་ལགས་བསེ་ཚང་བཅས་ཀྱི་སྙན་འགྲེལ་རྣམས་ཀྱི་བཞེད་མཚམས་གཙོ་བོར་བྱས་ཏེ་བཀོད་ཡོད། དེའང་སྙན་ངག་མེ་ལོང་གི་ལེའུ་གསུམ་ལས་གལ་གནད་ཆེ་བ་ནི་ལེའུ་བར་པ་ཡིན་པ་ལྟར་ལེའུ་གཞན་གཉིས་བཏང་སྙོམས་སུ་བཞག་སྟེ་ལེའུ་བར་པའི་སྐབས་ཀྱི་བཞེད་མཚམས་རྣམས་དོན་རྒྱན་སོ་ལྔའི་གོ་རིམ་ལྟར་བཀོད་ཡོད།
སྙན་ངག་མེ་ལོང་ལ་འགྱུར་སྔ་ཕྱི་དུ་མ་ཡོད། ཐོག་མར་ས་སྐྱ་པཎྜིཏའི་མཁས་འཇུག་ཏུ་ལེའུ་དང་པོ་ཐོར་རེ་བ་ཙམ་དང་། ལེའུ་གཉིས་པའི་མགོ་ནས་སྲིད་པ་ཅན་གྱི་རྒྱན་བར་དུ་བསྒྱུར་ཡོད་པ་དང་། དེ་ནས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེའུ་གསུམ་ག་ཆ་ཚང་བར་བསྒྱུར། དེ་ལ་དཔང་ལོ་ཙཱ་བ་དང་། སྙེ་ཐང་བློ་བརྟན། ཞྭ་ལུ་ལོ་ཆེན། སི་ཏུ་པཎ་ཆེན་སོགས་ཀྱིས་འགྱུར་བཅོས་སྔ་ཕྱི་རིམ་པར་གནང་བ་ལས་དཔང་ལོའི་འགྱུར་བཅོས་ཅན་ནི་ལེགས་ཤོས་སུ་བརྩི།
སྙན་ངག་མེ་ལོང་ལ་རྒྱ་འགྲེལ་དུ་མ་ཡོད་པ་ལས་གྲགས་ཆེ་བ་ནི། སློབ་དཔོན་རཏྣ་ཤྲཱིའི་རྒྱ་འགྲེལ་དང་པཎ་ཆེན་ངག་དབང་གྲགས་པའི་རྒྱ་འགྲེལ་གཉིས་ཡིན་ནའང་དེ་གཉིས་བོད་དུ་འགྱུར་མེད། དཔང་ཊཱིཀ་ཏུ་དེ་གཉིས་ཀ་དང་ལྷག་པར་རཏྣ་ཤྲཱིའི་རྒྱ་འགྲེལ་གྱི་ཚིག་སྣ་བསྡུས་ཏེ་བསྒྱུར་བ་མང་ནའང་གཞུང་ཇི་བཞིན་ཆ་ཚང་བར་བསྒྱུར་བ་ནི་བྱུང་མེད། སྙན་ངག་མེ་ལོང་གི་བོད་འགྲེལ་རྣམས་ལས་ལེགས་ཤོས་ནི་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་སི་ཏུ་པཎ་ཆེན་གྱི་གསུང་རྒྱུན་གཞིར་བཟུང་སྟེ་བརྩམས་པ་སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་ཞེས་བྱ་བ་དེ་ཉིད་ཡིན་པར་གྲགས།
སྙན་ངག་གི་འགྲེལ་པ་རྣམས་ཀྱི་བཞེད་པ་མི་འདྲ་སའམ་མི་མཐུན་སའི་གནས་གཙོ་བོ་ནི། རྒྱན་གྱི་མིང་འདོགས་ཚུལ། རྒྱན་གྱི་མཚན་ཉིད་དམ་གོ་དོན་འཇོག་སྟངས། རྒྱན་གྱི་ཁྱད་པར་འབྱེད་ལུགས། རྒྱན་གྱི་ཁྱད་ཆོས་འཇོག་ཚུལ། བརྗོད་བྱའི་ངོ་བོ་ངོས་འཛིན་སྟངས། རྩ་ཚིག་བསྒྱུར་ལུགས་སམ་འདོན་ལུགས། རྩ་བའི་ཚིག་དོན་འགྲེལ་ཚུལ། རྒྱན་གྱི་དབྱེ་བསྡུ་བྱེད་ལུགས་སོགས་ཡིན་ཞིང་། དེ་དག་གི་ཚུལ་རགས་ཙམ་བརྗོད་ན།
༡༽ རྒྱན་གྱི་མིང་འདོགས་ཚུལ། དཔེར་ན། དོན་རྒྱན་དང་པོ་ལ་རང་བཞིན་བརྗོད་པའི་རྒྱན་ཞེས་ཡོངས་སུ་གྲགས་ཀྱང་། འབྲུག་སྤྲུལ་གྱིས་དེ་ལ་རིགས་ཀྱི་རྒྱན་ཞེས་མིང་དེ་གཉིས་རྣམ་གྲངས་སུ་འདོད་པར་མ་ཟད། དེ་ནི་ས་སྐྱ་པཎ་ཆེན་དང་། དཔང་ལོ། བོད་མཁས་པ་རྣམས་ཀྱིས་ཀྱང་བཞེད་པར་བཤད། རྩ་ཚིག དངོས་པོ་རྣམས་ཀྱི་རང་བཞིན་དང་། །གནས་སྐབས་སྣ་ཚོགས་དངོས་གསལ་བྱེད། །དེ་ནི་རང་བཞིན་བརྗོད་པ་སྟེ། །དང་པོའི་རྒྱན་ཡིན་རིགས་སོགས་དཔེར། །ཞེས་པའི་ཚིག་རྐང་ཐ་མ་ལ། རིགས་ཞེས་དང་པོའི་རྒྱན་ཡིན་དཔེར། ། ཞེས་གསུང་། དེའང་རིགས་ཀྱི་རྒྱན་ཞེས་པའི་དོན་ནི། ཁྱད་གཞི་མཚོན་བྱ་རང་རང་དང་རྗེས་སུ་འབྲེལ་བའི་མཚན་ཉིད་སྣ་ཚོགས་པ་དུ་མ་གཞན་སེལ་གྱི་དོན་དུ་བརྗོད་པའི་ངོས་ནས་རིགས་ཀྱི་རྒྱན་ཞེས་བྱ། ཞེས་དང་། ཁྱད་གཞི་རིགས་བྱ་བ་ཡོན་ཏན་རྫས་རྣམས་བརྗོད་པ་ཡིན་ན་དེ་དང་དེར་འགྱུར་གྱི། ཁྱད་ཆོས་རྣམ་པ་སྣ་ཚོགས་སྨོས་པའི་སྒོ་ནས་བསམ་ན་བཞི་ཀའང་རིགས་ཀྱི་རྒྱན་ཡིན་པ་ལ་དབྱེ་བ་མེད་གསུངས།
གཞན་ཡང་། དཔེ་རྒྱན་གྱི་གཏན་ལ་ཕབ་པའི་དཔེའི་མིང་ལ། གཏན་ཕེབས་སམ་གཏན་འབེབས་ཀྱི་དཔེ། རྟོགས་པའི་དཔེ། སྒྲོ་འདོགས་ཆོད་པའི་དཔེ། ཐེ་ཚོམ་གཅོད་པའི་དཔེ། ངེས་པའི་དཔེ། ངེས་རྙེད་ཀྱི་དཔེ་ཞེས་མིང་མི་འདྲ་བ་དུ་མ་ཡོད་པ་ལས། བོད་མཁས་སོགས་ཀྱིས་གཏན་ལ་ཕབ་པའམ་གཏན་ཕེབས་དཔེ་དང་། སི་ཏུ་དང་འབྲུག་སྤྲུལ་གྱིས་ངེས་པའི་དཔེ། འཇུ་མི་ཕམ་པས་ངེས་རྙེད་ཀྱི་དཔེ་ཞེས་བརྗོད་ན་ལེགས་གསུངས།
༢༽ རྒྱན་གྱི་མཚན་ཉིད་དམ་གོ་དོན་འཇོག་སྟངས། དཔེར་ན། མཉམ་ཉིད་ཀྱི་དཔེ། མཚུངས་པའི་སྒྲ་ཡི་བརྗོད་བྱའི་ཕྱིར། །མཉམ་ཉིད་དཔེ་དེ་ཇི་ལྟར་ན། །སྐྱེད་ཚལ་ཕྲེང་འདི་བུ་མོ་བཞིན། །མཛེས་ལྡན་སཱ་ལ་ཀཱ་ན་ན། །ཞེས་འབྱུང་བའི་རྒྱན་འདིའི་གོ་དོན་ལ། དབྱངས་ཅན་དགྱེས་གླུར། སྒྲ་གཅིག་ལ་གཅོད་མཚམས་མི་འདྲ་བ་གཉིས་སམ། མིང་གཅིག་ལ་དོན་མི་འདྲ་བ་གཉིས་སུ་བྱེད་པ་གང་རུང་གིས་དཔེ་དཔེ་ཅན་གཉིས་མཉམ་པ་ཉིད་དུ་བརྗོད་པ། ཞེས་དང་། བོད་མཁས་པའི་འགྲེལ་པར། བརྗོད་བྱ་དོན་གྱི་མཚུངས་ཆོས་མེད་ཀྱང་མཚུངས་པའི་ཆོས་སྒྲ་མཉམ་པ་ལ་བྱས་ཏེ་བརྗོད་པ། ཞེས་དང་། འབྲུག་ཁམས་སྤྲུལ་གྱིས་ཀྱང་བོད་མཁས་པའི་གསུང་ལུགས་དང་མཐུན་པར། བརྗོད་བྱ་དོན་གྱི་མཚུངས་ཆོས་མེད་ཀྱང་སྒྲ་མཚུངས་པའི་ཆོས་མཚམས་སྦྱར་ཟིན་ནས་བཀླགས་པའི་ཚེ་དཔེ་དཔེ་ཅན་གྱི་ཕྱོགས་གཉིས་པོ་ཚིག་ཏུ་གྲུབ་པའི་སྒྲ་མཚུངས་པས་མཉམ་པ་ཉིད་དུ་འདྲེས་པར་འགྱུར་བ་ལ་བྱས་ཏེ་དཔེ་དོན་མཚུངས་པར་སྒྲུབ་པ་ནི་མཉམ་ཉིད་ཀྱི་དཔེ་ཞེས་བྱ་སྟེ། ཞེས་གསུངས་པ་ལྟར། མཉམ་པ་ཉིད་དུ་འཇུག་པའི་སྒྲ་མཚུངས་ཆོས་སུ་འདོད་མིན་དང་། མཉམ་པ་ཉིད་དུ་འཇུག་ཚུལ་སོགས་མི་འདྲ་བས་གོ་དོན་ཐ་དད་དུ་སོང་།
དེ་བཞིན་དུ། ཡུལ་ལ་བསྙོན་དོར། ཙནྡན་ཟླ་འོད་དལ་བུ་ཡི། །ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི། །མེ་ཡི་རང་བཞིན་སྤྲོ་བ་སྟེ། །གཞན་གྱི་ངོར་ནི་བསིལ་ཞེས་གྲག །འདོད་ལྡན་གྱིས་ནི་གཞན་ལ་དེ། །བསིལ་བར་ཁས་བླངས་བདག་ཉིད་ལ། །ཚ་བ་ཉིད་དུ་རབ་བསྟན་ཕྱིར། །འདི་ནི་ཡུལ་ལ་བསྙོན་དོར་རོ། །ཞེས་པའི་སྐབས་སུ། དཔང་ལོ་ཆེན་པོས། ཡུལ་འགའ་ཞིག་ལ་ལྟོས་ནས་དངོས་པོའི་ངོ་བོ་ལ་བསྙོན་གྱི་ཡུལ་ཀུན་ལ་ལྟོས་ཏེ་མིན་པས་ན། ཡུལ་ལ་བསྙོན་དོར་ཞེས་བྱ་བའོ། ཞེས་བསྙོན་བྱ་ཡུལ་ལ་མ་བཞག་པར་སྙོན་བྱེད་དམ་སྙོན་མཁན་ཡུལ་ལ་བཞག་ཡོད་པ་དང་། འབྲུག་ཁམས་སྤྲུལ་གྱིས་ཀྱང་དེ་བཞིན་བཞེད། དབྱངས་ཅན་དགྱེས་གླུར། བསྙོན་བྱ་ཡུལ་ཙན་དན་སོགས་ནི་གཞན་གྱི་ངོར་བསིལ་མོད། སྙོན་བྱེད་ཡུལ་ཅན་ཆགས་ལྡན་གྱི་ངོར་ནི་ཚའོ་ཞེས་བསྙོན་པས་ཡུལ་ལ་བསྙོན་དོར་ཞེས་བསྙོན་བྱ་ཡུལ་ལ་བཞག བོད་མཁས་འགྲེལ་པར། འདི་ནི་དབང་ཡུལ་ལྔའི་ཡ་གྱལ་རེག་བྱ་བསིལ་བ་ཚ་བར་བསྙོན་དོར་བས། ཡུལ་ལ་བསྙོན་དོར་གྱི་རྒྱན་ནོ། ཞེས་བསྙོན་བྱ་དབང་པོའི་ཡུལ་ལ་བཞག་ཅིང་། འཇུ་མི་ཕམ་པས་ཀྱང་དེ་བཞིན་བཞེད། འོན་ཀྱང་བོད་མཁས་པའི་རང་ལུགས་འདི་ཁུངས་མེད་པས་མི་འཐད་ཅེས་འབྲུག་སྤྲུལ་གསུངས།
༣༽ རྒྱན་གྱི་ཁྱད་པར་འབྱེད་ལུགས། དཔེར་ན། ཆ་ཤས་གཟུགས་ཅན། གཏུམ་མོ་གློ་བུར་ཉིད་དུ་ནི། །ཁྱོད་གདོང་ཆུ་ཡི་ཡལ་འདབ་གཡོ། །རྔུལ་གྱི་ཆུ་ཡིི་ཐིགས་པ་ཡི། །དོག་པ་མུ་ཏིག་འོད་ཅན་འཛིན། །ཞེས་དང་། ཡན་ལག་གཟུགས་ཅན། མཛེས་མ་མྱོས་པའི་མཁུར་ཚོས་དམར། །མིག་གི་ཨུཏྤལ་དམར་པོ་ཅན། །ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི། །འདིར་ཡང་དམར་བའི་རང་བཞིན་བྱས། །ཞེས་སོ། །
རྒྱན་འདི་གཉིས་ཀྱི་ཁྱད་པར་ལ། རིན་སྤུངས་པ་དང་ཀུན་གཟིགས་ལྔ་པས། ཆ་ཤས་གཟུགས་ཅན་ནི་བྱེད་ལས་གཡོ་བ་སོགས་གཙོར་སྟོན་དང་། ཡན་ལག་གཟུགས་ཅན་ནི་ལྡན་རྐྱེན་སྦྱར་བས་ཁྱད་ཐོན་གསུངས། ཡང་ཀུན་གཟིགས་ལྔ་པས། ཚིགས་བཅད་གཅིག་ལ་ཡན་ལག་ལྔ་ཙམ་ཞིག་གསལ་ན་ཆ་ཤས་གཟུགས་ཅན་སྐབས་ལྔ་ཀ་གཟུགས་སུ་འགོད་དགོས་པ་དང་། ཡན་ལག་གཟུགས་ཅན་ལ་དེ་མི་དགོས་པར་གང་རུང་གཅིག་གམ་གཉིས་སོགས་བཀོད་ཆོག་པས་ཁྱད་པར་ཆེ་གསུངས། བོད་མཁས་པས། ཆ་ཤས་ནི་ཆ་ཅན་དེའི་ཡན་ལག་དངོས་ཡིན་མིན་ལ་མ་ལྟོས་པར། ཆ་ཤས་ངག་སྒྲོས་ཟིན་ཚད་གཟུགས་སུ་འགོད་ཆོག་ལ། ཡན་ལག་ནི་ཆོས་ཅན་དེའི་ཡན་ལག་ཉིད་ཡིན་དགོས་པར་གསུངས། འབྲུག་ཁམས་སྤྲུལ་གྱིས། རྒྱལ་དབང་ལྔ་པའི་གསུང་སྟངས་ཕྱི་མ་དེ་དང་འདྲ་བར་གསུངས་ཤིང་། ཡན་ལག་ཐམས་ཅད་གཟུགས་སུ་བཀོད་པ་དང་ཆ་ཤས་གཟུགས་ཅན་གཉིས་འདྲ་བ་དང་། ཡན་ལག་དང་ཆ་ཤས་གཉིས་ཀྱི་སྐད་དོད་སོ་སོར་ཡོད་ནའང་དོན་གཅིག་ཡིན་གསུངས།
གཞན་ཡང་། ཡུལ་ལ་བསྙོན་དོར། ཙནྡན་ཟླ་འོད་དལ་བུ་ཡི། །ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི། །མེ་ཡི་རང་བཞིན་སྤྲོ་བ་སྟེ། །གཞན་གྱི་ངོར་ནི་བསིལ་ཞེས་གྲག །ཅེས་དང་། རང་བཞིན་བསྙོན་དོར། བདུད་རྩི་ཟགས་པའི་འོད་ཟེར་ཅན། །ཟླ་བ་ཞེས་པར་བདག་ཅག་འདོད། །དོན་གྱི་བདག་ཉིད་འདི་ནི་གཞན། །དུག་ཟགས་ཟེར་དང་ལྡན་པ་ཉིད། །ཅེས་སོ། །
རྒྱན་འདི་གཉིས་ཀྱི་ཁྱད་པར་ལ། འབྲུག་ཁམས་སྤྲུལ་གྱི་འགྲེལ་པ་ལས། སྔ་མ་ནིི་ཡུལ་འགའ་ཞིག་ལ་ལྟོས་ནས་བསྙོན་གྱི། ཙན་དན་སོགས་ཀྱི་རང་གི་རང་བཞིན་ལ་མ་བསྙོན་པ་དང་། འདི་ནི་ཡུལ་ལ་ལྟོས་པ་མེད་པར་ཟླ་བ་རང་གི་རང་བཞིན་ལ་བསྙོན་པའི་ཁྱད་པར་ཡིན་ནོ། ཞེས་དང་། ཚངས་སྲས་བཞད་སྒྲ་ལས། སྔ་མ་ནི་ཡུལ་ཅན་གྱི་བདག་ཉིད་བློ་ལ་བལྟོས་ནས་བསྙོན་བྱའི་ཙན་དན་སོགས་ཀྱི་རང་གི་རང་བཞིན་དངོས་ལ་བསྙོན་པ་དང་། འདི་ནི་ཡུལ་ཅན་ལ་མ་བལྟོས་པར་དངོས་པོ་རང་གི་རང་བཞིན་དངོས་ལ་བསྙོན་པ་ལྟ་བུ་ཡིན། ཞེས་གསུངས།
༤༽ རྒྱན་གྱི་ཁྱད་ཆོས་འཇོག་ཚུལ། དཔེར་ན། རྨོངས་པའི་དཔེ། ལུས་ཕྲ་ཁྱོད་གདོང་རི་བོང་ཅན། །ཞེས་བརྟགས་ཁྱོད་གདོང་བསམས་པ་ཡིས། །ཟླ་བ་ཡི་ཡང་རྗེས་སུ་བསྙེགས། །ཞེས་འདི་རྨོངས་པའི་དཔེ་རུ་བཤད། །ཅེས་པའི་སྐབས་ཀྱི་རྨོངས་ཚུལ་ལ། ལྔ་པ་ཆེན་པོས་དཔེ་ཅན་དཔེ་རུ་འཁྲུལ་བ་རྐྱང་པ་དང་། ས་སྐྱ་ངག་ཆོས་དང་འཇུ་མི་ཕམ་པས་དཔེ་དཔེ་ཅན་དུ་འཁྲུལ་བ་རྐྱང་པ། རིན་སྤུངས་པ་དང་བོད་མཁས། འབྲུག་སྤྲུལ་སོགས་ཀྱིས་དཔེ་ཅན་དཔེ་རུ་འཁྲུལ་བ་དང་། དཔེ་དཔེ་ཅན་དུ་འཁྲུལ་བ་གཉིས་ཀ་དགོས་པར་བཞེད།
དེ་བཞིན་དུ། སྦྱར་བའི་དཔེ། བསིལ་ཟེར་ཅན་གྱི་དགྲ་ཟླ་དང་། །དཔལ་དང་ལྡན་དང་དྲི་བཟང་གིས། །ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན། །ཞེས་པ་སྦྱར་བའི་དཔེ་རུ་འདོད། །ཅེས་པའི་སྐབས་ཀྱི་སྦྱར་ཚུལ་ལ། ཀུན་གཟིགས་ལྔ་པས་མཚུངས་ཆོས་བསིལ་ཟེར་ཅན་གྱི་དགྲ་ཟླ་དང་། དཔལ་དང་ལྡན་པ། དྲི་བཟང་དང་ལྡན་པ་གསུམ་ཀ་དོན་སྦྱར་དུ་འདོད་ཅིང་། བོད་མཁས་དང་འབྲུག་སྤྲུལ་སོགས་ཀྱིས་མཚུངས་ཆོས་དང་པོ་སྒྲ་སྦྱར། གཉིས་པ་སྒྲ་དོན་གང་རུང་། གསུམ་པ་དོན་སྦྱར་དུ་འདོད། དེ་བས་ན་སྦྱར་བའི་དཔེ་འདི་ལ་ཀུན་གཟིགས་ལྔ་པས་མཚུངས་ཆོས་གཉིས་ལས་མི་ཉུང་བ་དགོས་པ་དང་། སྒྲ་སྦྱར་མིན་པར་དོན་སྦྱར་ཡིན་དགོས་པར་བཞེད། བོད་མཁས་དང་འབྲུག་སྤྲུལ་སོགས་ཀྱིས་དོན་གྱི་མཚུངས་ཆོས་དུ་མ་སྒྲ་དོན་གཉིས་ཀར་སྦྱར་བ་དགོས་པར་བཞེད།
༥༽ བརྗོད་བྱའི་ངོ་བོ་ངོས་འཛིན་སྟངས། དཔེར་ན། ཡོན་ཏན་རང་བཞིན་བརྗོད་པ། དགའ་མ་ཡི་ནི་རེག་པས་འདིར། །ལུས་ལ་སྤུ་ལོང་རྒྱས་པ་དང་། །ཡིད་ནི་བདེ་བར་བྱེད་པ་དང་། །མིག་དག་ཟུམ་པར་བྱེད་ཅིང་འཇུག །ཅེས་པའི་སྐབས་ཀྱི་ཡོན་ཏན་ནི། རྒྱལ་དབང་ལྔ་པས་གཟུགས་སྒྲ་སོགས་འདོད་པའི་ཡོན་ཏན་ཙམ་དང་། འབྲུག་སྤྲུལ་གྱིས་རྡུལ་མུན་སྙིང་སྟོབས་གསུམ་དང་དངོས་པོ་རང་རང་གི་གཤིས་ལ་རང་ཆས་སུ་མངའ་བའི་རྣམ་འགྱུར་ནུས་པ་ཅན་གང་ཡིན་ཐམས་ཅད་སྐབས་འདིའི་ཡོན་ཏན་དུ་འཇོག་གསུངས། འགྲེལ་པ་གཞན་ཕལ་ཆེ་བས་བྱེད་ལས་སམ་ནུས་པ་ལ་བྱེད།
དེ་བཞིན་དུ། རྫས་རང་བཞིན་བརྗོད་པ། མགྲིན་སྔོན་ལག་ན་ཐོད་པ་ནི། །གནས་པ་ཟླ་བའི་ཅོད་པན་དང་། །སྣུམ་ཞིང་དམར་བའི་རལ་པ་ཅན། །ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་གྱུར། །ཅེས་པའི་སྐབས་ཀྱི་རྫས་ནི། བོད་མཁས་པ་དང་། སི་ཏུའི་རྗེས་འབྲང་རྣམས་ཀྱིས་བྱེ་བྲག་གི་རྫས་དང་། རིན་སྤུངས་པ་དང་ཀུན་གཟིགས་ལྔ་པ་ཆེན་པོ་སོགས་མཁས་པ་ཕལ་མོ་ཆེས་བདོག་པའི་རྫས་ལ་བཞེད། དེར་བརྟེན་སྐབས་འདིར་ལུགས་སྔ་མས་དབང་ཕྱུག་རྫས་སུ་འདོད་པ་དང་། ཕྱི་མས་དབང་ཕྱུག་གི་ལག་གི་ཐོད་པ་སོགས་རྫས་སུ་འདོད་པ་ལས་དབང་ཕྱུག་རྫས་སུ་མི་འདོད།
༦༽ རྩ་ཚིག་བསྒྱུར་ལུགས་སམ་འདོན་ལུགས། དཔེར་ན། ཁྱད་པར་གཟུགས་ཅན་གྱི་རྩ་ཚིག་ལ། རིན་སྤུངས་པ་དང་ལྔ་པ་ཆེན་པོ། བོད་མཁས་པ་སོགས་ཀྱིས། འཕྲོག་བྱེད་རྐང་པ་ཛ་ཧྣུའི། །བུ་མོའི་ཆུ་གོས་རྩེ་ལ་བཏགས། །ལྷ་མིན་དོགས་མེད་ལྷ་དགའ་བའི། །དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག །ཅེས་འདོན་ལ། སི་ཏུ་རྗེས་འབྲང་དང་བཅས་པས། ཛ་ཧྣུའི་བུ་མོའི་ཆུ་གོས་ནི། །འཕྲོག་བྱེད་རྐང་པའིི་རྩེར་ལྡན་པ། །ལྷ་མིན་དོགས་མེད་ལྷ་དགའ་བའི། །དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག །ཅེས་བསྒྱུར་ཅིང་འདོན། ལུགས་སྔ་མས་དཔེ་ཅན་ཁྱབ་འཇུག་གི་རྐང་པ་དཔེ་ཏོག་གི་གཟུགས་སུ་བཀོད། དཔེ་ཅན་གངྒཱ་དཔེ་རྒྱལ་མཚན་གྱི་གོས་ཀྱི་གཟུགས་སུ་བཀོད་པར་བཤད། ལུགས་ཕྱི་མས་གངྒཱའི་ཆུ་དར་གོས་ཀྱི་གཟུགས་སུ་བཀོད་པ་དེ་དང་ཁྱབ་འཇུག་གི་རྐང་པ་གཉིས་ཚོགས་པའི་ཉིས་ཚོགས་དེ། དཔེ་རྒྱལ་མཚན་ཁོ་ནའི་གཟུགས་སུ་བཀོད་པར་བཤད།
ཡང་དཔེར་ན། ཀུན་ཁྱབ་ཀྱི་དོན་གཞན་བཀོད་པའི་རྩ་ཚིག་ལ། ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་། །ནུབ་པར་འགྱུར་བ་ཉིད་ལ་ལྟོས། །ངེས་པ་ལ་ནི་སུ་ཡིས་འགོང་། །ཞེས་ཤོང་དཔང་གི་འགྱུར་ལ་འདི་བཞིན་འབྱུང་བ་ལྟར་རིན་སྤུངས་པ་དང་། བོད་མཁས། སི་ཏུ་རྗེས་འབྲང་དང་བཅས་པ་སོགས་ཕལ་མོ་ཆེས་འདི་བཞིན་བཞེད་ཀྱང་། སྣར་ཐང་ལོ་ཙཱ་བ་དང་སྨོན་འགྲོ་ཡབ་སྲས་ཀྱིས། ཚིག་རྐང་ཐ་མ་དང་པོར་བཀོད་དེ། ངེས་པ་ལ་ནི་སུ་ཡིས་འགོང་། །ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་། །ནུབ་པར་འགྱུར་བ་ཉིད་ལ་ལྟོས། །ཞེས་གསུང་སྟེ། ལུགས་སྔ་མས་ཉི་ཟླའང་ནུབ་པ་བསྒྲུབ་བྱ་དང་། སྐྱེ་འཇིག་གི་ངེས་པ་ལ་སུས་ཀྱང་འདའ་མི་ནུས་པ་སྒྲུབ་བྱེད་དུ་འདོད་ཅིང་། ལུགས་ཕྱི་མས་དེ་གོ་ལྡོག་སྟེ་བཤད།
༧༽ རྩ་བའི་ཚིག་དོན་འགྲེལ་ཚུལ། དཔེར་ན། རྣམ་པའི་ཕྲ་མོ། གླུ་ཡི་མདུན་སར་ཁྱོད་ལ་མིག །གཏད་པ་དེ་གདོང་ཆུ་སྐྱེས་ལ། །དམར་ཞིང་གསལ་བ་རྒྱས་པ་ཡི། །མཛེས་པ་འགའ་ཞིག་བྱུང་བར་གྱུར། །(འདིའི་འགྱུར་ལའང་མི་འདྲ་བ་ཅུང་ཟད་ཡོད།) ཅེས་པའི་དོན་འཆད་པ་ན། རིན་སྤུངས་པ་དང་ལྔ་པ་ཆེན་པོས། སྐྱེས་པས་བུད་མེད་ལ་བལྟས་པ་དང་། ལྟ་བ་པོ་སྐྱེས་པའི་གདོང་དམར་པོར་གྱུར་པ་དང་། དེ་ལྟར་བྱུང་ཚུལ་བརྗོད་མཁན་ནི་སྐྱེ་བོ་གཞན་ཞིག་ཡིན་པར་བཤད། བོད་མཁས་འགྲེལ་པར་གསལ་ཁ་མེད། འབྲུག་སྤྲུལ་གྱིས། སྐྱེས་པས་བུད་མེད་ལ་བལྟས་པ་སྔ་མ་དང་འདྲ་ནའང་། དམར་པོར་གྱུར་པ་ནི་བུད་མེད་ཀྱི་གདོང་ཡིན་པ་དང་། བརྗོད་མཁན་ནི་སྐྱེ་བོ་གཞན་མིན་པར་སྐྱེས་པ་དེ་ཡིན་པར་བཤད། འཇུ་མི་ཕམ་པས། བུད་མེད་ཀྱིས་སྐྱེས་པ་ལ་བལྟས་པ་དང་། ལྟ་མཁན་བུད་མེད་ཀྱི་གདོང་དམར་པོར་གྱུར་པ་དང་། བརྗོད་མཁན་ནི་སྐྱེ་བོ་གཞན་ཞིག་ཡིན་པར་བཤད།
དེ་བཞིན། གཞི་གཅིག་གི་བྱ་བ་འགལ་བ། སྐྱེད་ཚལ་རླུང་གིས་རབ་བསྐྱོད་པའི། །ཙཱུ་ཏ་ཙམྤ་ཀ་ཡི་རྡུལ། །རེག་པ་མིན་ཡང་མགྲོན་པོ་ཡི། །མིག་ལ་མཆི་མ་ཟགས་པར་བྱེད། །ཅེས་པའི་དོན་འགྲེལ་སྐབས། རིན་སྤུངས་པ་དང་ཀུན་གཟིགས་ལྔ་པ་གཉིས་ཀྱིས། གཞི་གཅིག་པུ་མེ་ཏོག་གི་རྡུལ་གྱིས་མིག་ལ་མ་རེག་ཀྱང་། མཆི་མ་འཛག་པར་བྱེད་པའི་ལས་འགལ་བ་སྒྲུབ་པར་བཤད། འབྲུག་སྤྲུལ་གྱིས། གཞི་གཅིག་པུ་མིག་གི་སྟེང་དུ་རྡུལ་གྱིས་རེག་པ་བཀག་པ་དང་། མཆི་མ་ཟགས་པར་བསྟན་པའི་དགག་སྒྲུབ་ཀྱི་བྱ་བ་གཉིས་འགལ་བར་བཤད། བོད་མཁས་པས། བྱ་བ་འགལ་ཚུལ་དེ་ལྟར་གསུངས་ཀྱང་ཁྱད་གཞི་མེ་ཏོག་གི་རྡུལ་དང་མིག་གང་ཡིན་གསལ་ཁ་མེད། འཇུ་མི་ཕམ་པས་ལུགས་དེ་གཉིས་ཀ་བཀོད་ཀྱང་སྔ་མ་གཙོ་བོར་བཞེད། ས་སྐྱ་ངག་ཆོས་ཀྱིས་མེ་ཏོག་གི་རྡུལ་མིག་ལ་རེག་པ་མིན་པ་དེ་ལ་བྱ་བ་མ་ཡིན་པ་ཞེས་བཤད་ནས། བྱ་མིན་དང་བྱ་བ་འགལ་བ་ཞེས་བརྗོད་པ་ཡིན་པར་འདོད་ཀྱང་དེ་གཞུང་དོན་དང་མི་འབྲེལ་ཞེས་ཚངས་བཞད་དུ་བཀག
༨༽ རྒྱན་གྱི་དབྱེ་བསྡུ་བྱེད་ལུགས། དཔེར་ན། ཕྱིའི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན། མ་འཐུངས་མྱོས་པའི་ཀ་དམྤ། །མ་ཕྱིས་དྲི་མ་མེད་པའི་མཁའ། །བགྲུངས་པར་མ་བྱས་དྭངས་པའི་ཆུ། །འགྲོ་བའི་ཡིད་ནི་འཕྲོག་པར་གྱུར། །ཅེས་དང་། ནང་གི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན། སྨན་མ་བསྐུས་པར་དཀར་མིན་མིག །མནན་པ་མིན་པར་སྨིན་མ་དམའ། །ཚོན་མ་བསྒོས་པར་དམར་བ་ནི། །མཛེས་མ་ཁྱོད་ཀྱི་མཆུ་འདི་འོ། །ཞེས་པ་གཉིས་ནི་འགྲེལ་པ་གཞན་རྣམས་ཀྱིས་རྒྱན་ཐ་དད་པར་འདོད་ཀྱང་། འབྲུག་སྤྲུལ་གྱིས། དེ་གཉིས་ལ་རྒྱན་ཐ་དད་པའི་དབྱེ་བ་ཅི་ཡང་མེད་པར་རྒྱན་གཅིག་ལ་བརྗོད་བྱ་ཐ་དད་པའི་དཔེར་བརྗོད་གཉིས་བཀོད་པ་ཙམ་ཡིན་པ་དང་། དེ་ནི་རྒྱ་འགྲེལ་གཉིས་དང་དཔང་ཊཱིཀ་གི་དགོངས་པའང་ཡིན་གསུངས། དེ་ལ་བསེ་ཚང་གིས། བརྗོད་བྱ་ཐ་དད་པས་རྒྱན་ཐ་དད་དུ་འཇོག་པ་ཡོད་ཅེས་ལྡོག་པ་ཅན་གྱི་རྒྱན་འགའ་དཔེ་མཚོན་དུ་དྲངས་ནས་གསུངས།
དེ་བཞིན། རྒྱུའི་རྒྱན་ལས་ཕྱི་ཤེས་བྱེད་ཀྱི་རྒྱུ། ཉི་མ་ནུབ་གྱུར་ཟླ་བ་མཛེས། །འདབ་ཆགས་རྣམས་ནི་གནས་སུ་སོང་། །ཞེས་པ་འདི་ཡང་དུས་ཀྱི་སྐབས། །གོ་བར་བྱེད་པ་ལེགས་པ་ཉིད། །ཅེས་དང་། ནང་ཤེས་བྱེད་ཀྱི་རྒྱུ། གྲོགས་མོ་འདོད་པས་གཟིར་བའི་ཡིད། །ཟླ་བའི་ཟེར་གྱིས་མི་བཟློག་ཅིང་། །ཙནྡན་ཆུ་ཡིས་མི་བཟོད་པ། །ལུས་ཀྱི་དྲོད་ཀྱིས་ལེགས་པར་རྟོགས། །ཞེས་པ་གཉིས་ལའང་འབྲུག་སྤྲུལ་གྱིས། བོད་འགྲེལ་རྣམས་སུ་དེ་གཉིས་ལ་མིང་དེ་ལྟར་བཏགས་པ་དོན་ལ་མི་མཐུན་པ་མེད་ཀྱང་། རྒྱན་སོ་སོ་བར་གོ་ན་མི་རུང་སྟེ། དོན་དུ་ནི་ཤེས་བྱེད་ཀྱི་རྒྱུ་ལ་བརྗོད་བྱ་མི་འདྲ་བའི་དཔེར་བརྗོད་གཉིས་མཛད་པ་ཡིན་གསུངས་སོ།།
དེ་ལྟར་སྙན་ངག་མེ་ལོང་གི་འགྲེལ་པ་ཚད་ལྡན་གྲགས་ཆེ་བ་རྣམས་ཀྱི་དབར་སྒྲས་ཟིན་མི་མཐུན་པའི་བཞེད་མཚམས་གང་དང་གང་ལྟ་བུ་ཡོད་མེད་རིགས་དབྱེ་རགས་ཙམ་དཔེ་མཚོན་འགའི་སྒོ་ནས་སྨོས་པ་སྟེ། ཞིབ་པར་ནི་འགྱུར་མི་འདྲ་བའི་རྩ་བ་རྣམས་གཞིར་བཟུང་། འགྲེལ་པ་རྣམས་དངོས་སུ་སྦྲགས་ཏེ་ཚིག་དོན་གཉིས་ཀར་ཞིབ་ཏུ་དཔྱད་པའི་སྒོ་ནས་མཁྱེན་པར་མཛད་དགོས་པ་ལགས་སོ། །
འབྲིང་བ་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༢ ཉིན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སྙན་ངག་གི་བཞེད་མཚམས་སྐོར་འཆད་ཁྲིད་སྐབས་བྲིས་པའོ།།