རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། འགྲོ་བ་མིའི་སེམས་ནས་བྱུང་བའི་སྙན་ངག་ལྟ་བུའི་མེ་དཔུང་ཆེན་པོ་ཞིག འཛམ་གླིང་གི་ས་ཕྱོགས་གང་སར་་རི་མཐོ་དམན་ཀུན་གྱི་རྩེ་རུ་དམར་ལྷབ་ལྷབ་འགྲོ་བ་མིའི་རང་དབང་གི་ཆེད་དུ་སྦར་གྱི་རེད།
རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། འགྲོ་བ་མིའི་སེམས་ནས་བྱུང་བའི་སྨོན་ལམ་གྱི་ལྰ་སྒྲོན་གྲངས་མེད་ཅིག འཛམ་གླིང་གང་སར་གྲོང་ཁྱེར་ཆེ་ཆུང་ཀུན་གྱི་མདོ་རུ་དམར་འཁྱིལ་ལེར་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རིན་ཐང་ཆེད་དུ་སྦར་གྱི་རེད། དེ་ཁྱོད་ཚོས་ཀྱང་ལོས་ཤེས། ཁྱེད་ཚོས་ཀྱང་དེ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རེ་བ་ཡོད། འདི་ངས་ཁྱེད་ཚོར་བརྗོད་ཀྱི་མེད། ངས་ཁྱེད་ཚོས་ང་ལ་རོགས་བྱས་ནས་གནས་ཚུལ་འདི་གངས་རིའི་ཁོངས་སུ་འཁྱོལ་བར་བྱ་རྒྱུ་འབོད་སྐུལ་བྱ་ཡི་ཡོད།
རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། གངས་རིའི་ཁོངས་གསེང་ཀུན་དུའང་བསངས་མཆོད་ཀྱི་མེ་ལྕེ་སྦར་བར་བྱ། ནག་ཁུང་གི་ཁང་མིག་རེ་རེའང་མཆོད་མེ་ཡི་འོད་ཀྱིས་དགང་བར་བྱ། ང་ཚོའི་མིའི་རིགས་ཡོངས་ཀྱི་ཞི་བདེ། རང་དབང་། ཐོབ་ཐང་བཅས་ཀྱི་ཆེད་དུ།
ངའི་འབོད་སྐུལ་གྱི་མེ་ལྕེ་འདིའང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྦར་བཞིན་པའི་མེ་ལྕེ་དེ་བཞིན་གཅིག་ནས་གཅིག་ལ་བརྒྱུད་དེ་གངས་རིའི་ཁོང་གསེང་དུ་འཁྱོལ་བར་བྱ། དྲ་གནས་ནས་དྲ་གནས། ཁ་པར་ནས་ཁ་པར། མི་ནས་མི་བརྒྱུད་དེ་གངས་རིའི་ཁོངས་གསེང་དུ་འཁྱོལ་བར་བྱ། གངས་རི་ཡི་ལྗོངས་ཀུན་གསལ་བར་བྱ། མུན་ནག་གི་ཞིང་ཀུན་བསྲེག་པར་བྱ། ཉིན་འདི་ནས་བཟུང་། ཨ་དྲིན་ཆེན་དགའ་ལྡན་རིགས་པ། ང་ལ་རོགས་བྱས་ནས་འབོད་སྐུལ་འདི་ཕྱོགས་ཀུན་ལ་སྒྲོགས་ཤིག སྒྲོགས་ཤིག སྒྲོགས་ཤིག
བོད་ནང་ལ་ཡང་ནས་བསྐྱར་དུ་གདུང་བརྡེག་གཏོང་མ་འཇུག ཕྱི་ལོག་ནས་ག་རེ་དྲན་པ་ཚང་མ་བོད་ནང་ལ་བྱས་ཤོག་མ་ཟེར། ཁོ་ཚོ་སྙིང་རྗེ། ཁོ་ཚོས་དེ་འདྲ་བྱས་ན་མཆོད་མེ་འབར་མ་ཚར་གོང་ལ་ལྕག་སྒྲོག་བརྒྱབ་ཚར་ཡོད་རྒྱུ་རེད། བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་ཤ་ཚ་གནང་རོགས།
དེ་ནི་གློག་བརྙན་གྲགས་ཅན་མཛུབ་དཀྲིས་ཀྱི་རྒྱལ་པོའི་ནང་གི་རི་ཚོགས་གཅིག་ལ་གཅིག་བརྒྱུད་ཀྱི་ཉེན་བརྡའི་མེ་ལྕེ་དེ་དག་དང་འདྲ་བར་སྨོན།
དེ་ནི་བརྩམས་སྒྲུང་གྲགས་ཅན་མི་རབས་བརྒྱའི་ཁེར་རྐྱང་ཁྲོད་ཀྱི་མི་རབས་གཅིག་ནས་གཅིག་བརྒྱུད་ཀྱི་ཁ་ཆེམས་དེ་དག་དང་མཚུངས་པར་སྨོན།
མདའ་ཚན་པ་འདི་མགོན་པོ་དོན་གྲུབ་ཡིན་ན། ཁོ་བོ་ཁོང་གི་སྙན་ངག་དང་ལྷུག་རྩོམ་ཀློག་རྒྱུར་དགའ་མོས་ཆེན་པོ་ཡོད།
ཡིད་ཆེས་དང་ཚོད་དཔག་ཚང་མ་དེ་འདྲ་རེད།
སྒྲོན་མེ་སྤར་རྒྱུའི་ལས་འགུལ་འདི་མནར་གཅོད་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་ཕྱི་ལོག་ཏུ་རྒྱལ་སྤྱིའི་ཐོག་གི་ལས་འགུལ་ཆེན་པོ་ཞིག་ཏུ་འགྱུར་རེ་ཡོད། འོན་ཀྱང་ཕྱི་ལོགས་ནས་དྲན་ཐུབ་ཚོད་ཚང་མ་བོད་ནང་བྱས་ཤོག་ཟེར་བ་ནི་དྲང་བདེན་དང་ཡ་རབས་ཀྱི་བསམ་བློ་ཞིག་མ་ཡིན་སྙམ།
མདའ་ཚན་པའི་འབོད་སྐུལ་དེ་ནི་ལ་ཁའི་ལུག་རྫིས་སྙན་པོའི་གླུ་ཞིག་བླངས་པ་དང་མཚུངས། དེ་དེ་བཞིན་དུ་གངས་རིའི་ཁོངས་གསེང་དུ་འཁྱོལ་བར་ཤོག བྲག་ཆ་ནས་བྲག་ཆ་བརྒྱུད།
རེ་བའི་སྨོན་ཚིག་དེ་ནི་ཨ་མཆོད་གུ་རུ་ཡིས་སྨོན་ལམ་གྱི་རྒྱལ་པོ་གསུངས་པ་དང་འདྲ། སྨོན་པའི་དོན་དེ་དེ་བཞིན་དུ་དོན་ལ་འཁྱོལ་བར་ཤོག
སྟག་སྨྱོན་གྱི་རྣམ་རྟོག་དེ་ཡང་དྭོགས་པ་མང་བའི་རྒན་པོ་ཞིག་དང་མཚུངས། དེ་དེ་བཞིན་དུ་མ་ཡོང་བར་ཤོག
གལ་སྲིད་ང་ནོར་བ་ཡིན་ན་དགོངས་དག ཁྱེད་ཀྱིས་ཀྱང་གཤེ་ཆོག འོིན་ཀྱང་ཁྱེད་ནོར་ཡོད་ན་གཅེས་ཕྲུག་མང་པོའི་སྲོག་ཤོར བཙོན་དུ་ཚུད་དུས་ཨ་རི་དང་ང་ཚོ་རྩེད་ཐང་ནང་གི་ལྟད་མོ་བ་ནང་བཞིན་སྐད་བརྒྱག་རྒྱུ་ཙམ་མཇོན་རྒྱུ་ཡོད་པ་མ་རེད་བསམ། བོད་མིའི་ནང་གི་ཨ་རི་དང་ནུབ་ཕྱོགས་པ་ལ་འབྲེལ་བ་སྔ་ཤོས་དང་ཆ་རྒྱུས་ཆེ་ཤོས་སྲས་རྒྱལ་ལོ་དོན་གྲུབ་རེད། ཁོང་གིས་ཨ་རི་ལ་ཁྱེད་ཚོས་ང་བཙོང་བ་རེད་ལ། ཁྱེད་ཚོའི་རོགས་བྱེད་སྟངས་ཀྱང་དཀྲོགས་ལངས་རེད་ཅེས་གསུངས་པ་སོགས་དགོངས་དང་། བོད་ནང་གི་གནས་སྟངས་ཅི་སྡུག་ཀྱང་རོགས་བྱེད་མཁན་མེད་པ་མ་བརྗེད་པའི་ནས་ལས་འགུལ་གང་སྤེལ་ཀྱང་རྒྱབ་སྐྱོར་ཡོད།
ཕྱི་ལ་ཁྱབ་བསྒྲག་ལྟ་བའི་ལས་འགུལ་གང་སྤེལ་གྱང་རང་གིས་རང་བཙོང་དུ་འཇུག་གི་ཡོད་པ་རེད། བོད་ནང་ནས་ང་ཚོ་ནང་བཞིན་ལས་འགུལ་སྤེལ་རྒྱུར་སྲོག་གི་བརྟེན་གི་མ་རེད། ཡང་མིན་ན་ང་ཚོ་སྒྲོན་མེ་སྤར་དུ་བོད་ལ་འགྲོ་ཟེར་དགོས་པ་རེད། ལམ་ལ་ལངས་མཁན་རྙེད་གི་མ་རེད།
བོད་ནང་དུ་ག་རེ་བྱེད་མིན་ཁོ་ཚོས་ཐག་གཅོད་དགོས་པ་ལས། རང་ཕྱི་ནས་སྐྱིད་པོར་བསྡད། གང་དྲན་ཚད་བོད་ནང་ལ་གྱིས་ཤོག ཤི་ཤོག་རྒྱུགས་ཤོག་ཟེར་བ་དྲང་པོ་མ་རེད། ཤི་མ་ཤི རྒྱུགས་མ་རྒྱུགས་ཚང་མ་ཁོ་ཚོ་རང་ལ་ཐུག་པ་རེད། དུས་ཚོད་མེད་རྗེས་མཇལ་ཡོང་།
ཨོ་རྩལ་འགྲནབསྡུར་མ་འཚོགས་པའི་སྔ་ནུབ་ཏུ། ང་ཚོས་མེ་ལྕེ་སྦར་དགོས་དང་དགོས། འོན་ཀྱང༌།
་དེ་རིང་སང་ཉིན། བོད་ནང་དུ་ཁ་པར་གྱི་བརྒྱུད་ལམ་བཀག། དྲ་གནསཀྱི་བརྒྱུད་ལམ་བཀག་
ཐ་ན་ཕྱི་ཕྱོགས་ལ་འབྲེལ་བའི་བརྒྱུད་ལམ་གཞན་དག་ཀྱང་འགོག་བཞིན་འདུག
ངེད་ཀྱི་བསམ་པར། ཐེངས་འདིར། ང་ཚོས་མེ་ལྕེ་འདི་བོད་ཕྱི་ལོགས་ནས་སྦར་དགོས་ཀྱི་འདུག
གསུམ་པའི་བཅུ་བཞིའི་མེ་ལྕེ་དེ་བོད་ནང་ནས་འབར་སོང། ད་བརྒྱད་པའི་བརྒྱད་ཀྱི་མེ་ལྕེ་དེ་གངས་རིའི་ཕྱི་རོལ་ནས་སྦར་དགོས་ཀྱི་འདུག མེ་ལྕེ་དེས་འཛམ་གླིང་ཁྱོན་ལ་ཁྱབ་དགོས་ཀྱི་འདུག། ཕྱི་སྡོད་བོད་མི་རེ་རེའི་སེམས་པའི་གཏིང་ནས་འབར་དགོས་ཀྱི་འདུག མེ་ལྕེ་དེའི་རླབས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་བསྡུར་དེ་བསྲེགས་དགོས་ཀྱི་འདུག
ཕྱི་ལོགས་སུ་སྦར་གྱི་ཡོད་རེད། འཛམ་གླིང་ས་ཕྱོགས་མང་པོ་ཞིག་ཏུ་སྦར་གྱི་ཡོད་འདུག དེ་བོད་ནང་དུའང་ཤེས་ན་ཡག་པོ་འདུག འདི་རྒྱ་ནག་གཞུང་ལ་ངོ་རྒོལ་ཞིག་མ་རེད། འདི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་རེད།
རྩེད་མོ་དེའི་མཇུག་བསྡུའི་སྟོན་མོའི་དུས་ཆེན་གྱི་སྐབས་སུ་ངས་ཚོས་ངེས་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་ཀྱི་འདུག
དེ་རེད། གོང་དུ་བསམ་ཚུལ་པཏོན་པ་ལྟར། གསར་འགོད་པ་ཚང་མ་འཛོམས་ནས་གསར་འགོད་རང་དབང་ཆེད་ལས་འགུལ་ཞིག་སྤེལ་ཐུབ་ན་ཡག་པོ་རེད་དེ་གང་ཤེས། ད་ཐེངས་རྟགས་མ་མང་པོ་ཞིག་རྒྱ་ནག་གིས་འཁྱེར་རྒྱུ་ཡིན་པར་གདེང་ཚོད་བྱེད་མཁན་མཁས་པ་དེ་འདྲ་འདུག་ལ། གལ་སྲིད་དེ་ལྟར་བྱུང་ན་ནུབ་ཕྱོགས་ཀྱི་ལུས་རྩལ་པ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་འབོད་བྱེད་སྲིད་ཀྱི་རེད་ཅེས་ཀྱང་བརྗོད་ཀྱི་འདུག གཅིག་བྱས་ན་དེ་འདྲ་ཡོང་སྲིད་ཀྱི་རེད། འོད་ལམ་ལམ་གྱི་གསེར་དངུལ་ཟངས་ཀྱི་རྟགས་མ་དེ་ཚོ་རེ་རེ་བཞིན་རྒྱ་མིའི་ངོམ་སོ་བྱེད་བཞིན་ཁྱེར་སོང་བ་ཡིན་ན་ཕྱི་གླིང་བ་ཚོ་དེར་ཕྲག་དོག་སྐྱེ་སྲིད་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་ཞན་པོ་ཡོད་པའི་སྐོར་ལ་ཁོང་ཁྲོ་ཟ་ནས་ཁྲོམ་སྐོར་དེ་འདྲ་བྱ་སྲིད་ཀྱི་རེད།
ད་ཐེངས་རྒྱ་གཞུང་གིས་ཁྲོམ་སྐོར་བྱེད་སའང་ལོགས་སུ་དམིགས་བསལ་ས་ཆ་དེ་འདྲ་བཀོད་སྒྲིག་བྱེད་ཀྱི་འདུག སྐད་འབོད་བྱེད་ཆོག་པའི་ཐོབ་ཐང་ཡང་སྤྲོད་ཀྱི་ཡོད་པ་འདྲ།