རྗེ་ཉིད་དགུང་ལོ་སུམ་ཅུའི་ནང་ཕེབས་དུས་ཀྱི་སྐུ་པར།
ཀླུ་སྨྱོན་ཧེ་རུ་ཀ
ཨོཾ་སྭ་སྟི། མཐའ་དག་ཤེས་བྱའི་སྔོ་བསང་དཀྱིལ་འཁོར་ཁྱོན། །མཁྱེན་རབ་དགུ་ཚིགས་སྟོབས་ཀྱིས་ཡོངས་འཁྱུད་ཅིང་། །ལུང་རིགས་ཉི་ཟླའི་བགྲོད་པ་མགྱོགས་འགྲོའི་འོད། །ཐུབ་བསྟན་པད་ཚལ་དཔྱིད་དུ་སྤྲོ་དེ་བསྔག །ཟླ་ཤེལ་ཚོམ་བུར་སྨིན་པའི་འཇིག་རྟེན་ཁྱོན། །ཐུགས་བསྐྱེད་སྰ་ལའི་ནགས་ཀྱིས་ཡོངས་དཀྲིགས་ཏེ། །དགེ་ལེགས་གཡུར་ཟའི་འབྲས་བུ་ལྷུན་འཇོ་བ། །སྐྱབས་གཅིག་འཁོར་ལོའི་མགོན་པོ་གཙུག་གིས་མཆོད། །བགྲང་ཡས་རྒྱལ་ཀུན་མཁྱེན་རབ་ལི་ཁྲིའི་རྡུལ། །བརྒྱད་གཉིས་ལང་ཚོའི་དཔལ་དུ་བརྩེགས་པའི་མགོན། །རྨོངས་མུན་མཐར་བྱེད་འཇམ་དཔལ་དཔའ་བོ་ཞེས། །ཚེ་རབས་ལྷག་པའི་ལྷ་དེ་ཡང་ཡང་དྲན། །རྗེས་ཆགས་སྒྱུ་མའི་རོལ་བ་འབྱམས་ཀླས་ཀྱིས། །མཐའ་དག་ཤེས་བྱའི་མཛའ་བོ་འགུག་མཁས་མ། །དྲན་པས་གདུང་སེལ་མཚོ་བྱུང་ངག་གི་ལྷས། །སྙན་ཚིག་རིག་པའི་རྩེད་འཇོ་དེང་འདིར་སྒྱུར། །བགྲང་ཡས་བདེ་གཤེགས་རྡུལ་སྙེད་བསྐལ་པའི་ཡུན། །མཆོད་པའི་ལེགས་བྱས་ཕྲ་རབ་རྡུལ་རྫས་དང་། །བླ་མའི་བ་སྤུ་གཅིག་ཙམ་མཆོད་པ་ཡི། །དགེ་ཚོགས་རི་རབ་མཉམ་མིན་ཐུབ་པས་གསུངས། །དེ་ཕྱིར་སྟོང་གསུམ་སྣ་བདུན་རིན་ཆེན་གྱིས། །བཀང་སྟེ་ཕུལ་ཀྱང་བཀའ་དྲིན་ཆ་ཤས་ཙམ། །གཞལ་བར་མི་སྤྱོད་ཁྱབ་བདག་འཁོར་ལོའི་མགོན། །གང་གི་རྟོགས་བརྗོད་དྲུག་སྐྱེས་ཚངས་པའི་གླུ། །བརྩེ་ལྡན་བླ་མའི་གསང་གསུམ་འོད་དམར་རྡུལ། །འགྲོ་ཚོགས་གུས་བློའི་སྐྱེད་ཚལ་ཉམས་དགའ་བར། །དད་གསུམ་འདབ་བརྒྱས་རེག་ཕྱིར་སྐྱེས་སྟོབས་ཀྱི། །ཤེས་རབ་དབྱར་གྱི་དཔལ་མོ་ཅི་ཡང་བྲེལ། །རླབས་དཀར་མྱོས་བུམ་མཐོ་ལྡན་ཆུ་གཏེར་མོ། །འབྲས་ལྡན་རྐང་འཐུང་གཞོན་ནུས་རོལ་བ་ལས། །འཛམ་བུའི་གྲགས་དཀར་ལང་ཚོ་མ་རྙིང་པའི། །འཇིག་རྟེན་དགེ་ལེགས་སྣོད་དེ་རིངས་ནས་ལྷམས། །དེ་ཡི་བྱང་ཕྱོགས་ནོར་འཛིན་དཔལ་མོའི་བཞིན། །རྫོགས་ལྡན་སྨུག་རྩིས་བྲན་པའི་དཀྱིལ་འཁོར་དུ། །སྔོ་བསང་ས་ལ་ལྷུང་བས་མི་མཚོན་པའི། །མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ཞེས་བྱ་མཆིས། །དེ་དེའི་གནོད་སྦྱིན་ཕྱོགས་སུ་གདོད་མ་ནས། །གང་གང་སྡེ་བཞིའི་རེ་ཁྰ་མངོན་མཛེས་པའི། །བརྗིད་བརྗིད་འབྲོག་སྡེ་རེ་སྦྲ་སྨུག་པོ་ཅན། །མང་མང་རྐང་བཞིའི་འཕེལ་ཁའི་ལོངས་ལ་རྩེན། །གཡུ་ལོ་བཀོད་པའི་ཞིང་གི་དཔལ་ཡོན་གྱི། །མཛེས་རིས་མོག་པོར་བགྱི་བའི་ཁོར་ཡུག་ཏུ། །དབང་གཞུའི་དོ་ཤལ་གསེར་ལྡན་ཕང་བ་རུ། །ལྷུང་འདྲའི་མེ་ཏོག་སྦྲང་རྩིའི་མཛོད་དུ་དཀྲིགས། །རྩི་ལྗོན་ནགས་མའི་ཀློང་དུ་གར་རྩེན་པའི། །སྣ་ཚོགས་རི་སྐྱེས་དར་མའི་རྩེད་འཇོ་དང་། །སྤུ་སྡུག་གཉིས་སྐྱེས་མཁའ་རུ་འཕུར་ལྡིང་གར། །དགེ་ལེགས་དུས་སྟོན་རྫོགས་པའི་ཆོ་གར་སྣང་། །དཀར་མཛེས་ཕང་ཕུང་བརྩེགས་པའི་ཆུ་ཁུར་ལས། །སྤྲིན་གྱི་མེ་ཏོག་དུས་དང་དུས་སུ་འཇོ། །གནག་སྣུམ་ཞིང་ས་གཤིན་པོའི་ཕང་བ་རུ། །འབྲུ་དྲུག་གསེར་གྱི་སྙེ་མའི་མགོ་བོ་དུད། །རྒྱལ་ཀུན་བརྩེ་ཆེན་ཏིང་འཛིན་དཀར་པོའི་རོ། །སྙིང་པོར་ཡོངས་སྨིན་ཡི་གེ་དྲུག་མའི་དབྱངས། །རི་མོ་གསུམ་པའི་གུར་ཁང་ལ་འཕོས་པའི། །སྣ་མང་རྐང་གཉིས་སྡེ་བཞིའི་དཔལ་ལ་སྤྱོད། །དེ་རུ་དགེ་ཚོགས་ངང་པ་དཀར་པོའི་ཁྱུས། །ཀུན་བྱེད་ཆུ་མཚོའི་ཕང་པ་ཡོངས་གཏམས་པའི། །མཁའ་འགྲོའི་མཚན་བཀྲ་ཡུམ་གྱི་སྤྲིན་རུམ་དུ། །གཟུགས་སྐུའི་ཟླ་གཞོན་ཐུགས་བསྐྱེད་འཕྲུལ་གྱིས་དྲངས། །ནམ་ཞིག་ཡུམ་མཆོག་ཉ་ཕྱིས་ཁོག་ཡངས་ལས། །ཚོགས་གཉིས་མུ་ཏིག་དཀར་པོའི་སྙིང་པོ་རུ། །སྨིན་པའི་རྟེན་འབྱུང་ཡིད་འཕྲོག་མ་ལིཀྐ། །རྫོགས་ལྡན་དཔལ་མོ་མཛེས་པའི་རྒྱན་གྲུབ་རྨད། །དེ་ཡི་ཚེ་ན་དཀར་ཕྱོགས་ལེགས་བྲིས་ཚོགས། །དགའ་བའི་སྒྲ་བརྒྱ་དགོད་པའི་དབྱངས་སྙན་དང་། །ལུས་མེད་སྙིང་ལ་གདུང་བའི་མེ་འབར་ཏེ། །ཀྱི་ཧུད་ཆོ་ངེ་ལྡིར་བ་འགྲན་པ་བཞིན། །ཇི་ལྟར་གདོང་ལྔའི་ཕྲུ་གུ་ན་ཕྲ་ཡང་། །སྣ་ཚོགས་རི་སྐྱེས་ང་རོས་གཞོམ་པ་ལྟར། །རྒྱལ་སྲས་ཟླ་ཤེལ་མྱུ་གུའི་དུས་སུ་ཡང་། །སྐྱེ་རྒུའི་སྙིང་གི་མུན་པ་དྲུངས་ནས་ཕྱུང་། །ཕར་ཕྱིན་གྲངས་ཀྱི་དཀྱུས་རིང་མིག་ཡངས་མར། །ན་ཚོད་ལེགས་བྲིས་གཞོན་ནུས་འཁྱུད་པ་ན། །ཆོས་ཚུལ་གཡུར་ཟའི་འབྲས་བུས་ཡོངས་དུད་པའི། །ཁུ་བོ་ས་བརྟོལ་ལྗོན་པའི་བསིལ་གྲིབ་བསྙེགས། །གསང་ཆེན་གསང་བ་དབྱར་སྐྱེས་སྒྲ་བརྒྱའི་དབྱངས། །ཐུགས་བསྐྱེད་སྤྲིན་སྔོན་མཛོད་དུ་ལེགས་འཁྱིལ་བ། །ལྰ་མོའི་གོང་སའི་བཀའ་ལུང་བདུད་རྩིའི་ཆར། །ལེགས་ཚོགས་འོད་ལྔའི་རྡུལ་དང་ལྷན་ཅིག་བསྙིལ། །གང་གི་གཙུག་སྐྱེས་ཨུཏྤལ་དཀར་པོའི་ནགས། །ཞབས་སེན་འོད་བརྒྱས་བསྐྱངས་པའི་ཉིན་མོའི་མགོན། །གང་དེའི་ཡང་སྲིད་ཟླ་བ་གཞོན་ནུའི་གར། །སྒྱུར་བའི་བྱེད་པོ་མཆོག་ཏུ་མགོན་ཁྱོད་བསྔགས། །བྱང་ཆེན་གཏན་བདེའི་སྲོག་ལ་ཆེར་རྔམ་པའི། །འདི་སྣང་སྲིན་མོའི་འཛུམ་དཀར་རྒྱང་བསྲིངས་ཏེ། །རྣམ་གྲོལ་ཅང་ཤེས་རྒྱལ་པོའི་འཕྲུལ་འདེགས་ལ། །རླབས་ཆེན་ཐུགས་བསྐྱེད་འཛིན་བྱེད་ལྷོད་མ་གྱུར། །དེ་སླད་གཙུད་ཕུད་རལ་བའི་མེ་ཏོག་ཕོན། །དབྱིག་ལྡན་མགུལ་བ་མཛེས་པའི་རྒྱན་བྱིན་ཏེ། །ངུར་སྨྲིག་གོས་བཟང་འཆར་ཀའི་སྤྲིན་གསར་པས། །མཚན་བཟང་གཟུགས་སྐུའི་ཉི་གཞོན་བཀླུབས་པར་གྱུར། །ལྔ་རིག་འོ་མཚོའི་འཇིངས་ཟབ་མ་བགྲོད་པར། །སྐུ་གསུམ་དབྱིག་གི་མཛོད་ལ་དབང་མིན་པས། །ཁྱེད་སྐུ་གུས་རྟག་ཆུ་ཡི་ཤིང་རྟར་བཅས། །བཀྲ་ཤིས་གཡས་འཁྱིལ་ནོར་བུའི་གླིང་དེར་གཤེགས། །དེ་རུ་ལུང་རིགས་རལ་གྲིའི་འཕྲུལ་འཁོར་གྱིས། །ཕས་རྒོལ་མགྲིན་པའི་ཁེངས་པ་སར་བསྙིལ་བའི། །བཤེས་གཉེན་ལུང་རྟོགས་དཔུང་པ་སྦོམ་པའི་ཚོགས། །དད་གསུམ་དགེ་ལེགས་གྲོང་དུ་ཉེ་བར་བསུས། །གང་ཁྱེད་མཁྱེན་རབ་དགུ་ཚིགས་ཞགས་པ་ཡིས། །མཐའ་དག་ཤེས་བྱའི་སྔོ་བསང་ཡོངས་འཁྱུད་པས། །རྒྱལ་ཀུན་ཆོས་དབྱིངས་སྣང་བའི་མུ་ཁྱུད་ཅན། །རེ་ཞིག་སྐྱེངས་པའི་སྤྲིན་སྔོན་གོས་སུ་བཀླུབས། །ལྔ་རིག་ལི་ཤི་དཀར་པོའི་སྐྱེད་ཚལ་དུ། །སྐྱེས་སྦྱངས་རིག་པའི་གོམ་སྟབས་མཛེས་བསྒྱུར་པས། །ལེགས་བཤད་སྒྲེག་པའི་བསུང་ཞིམ་ནམ་མཁའི་ནགས། །སྐལ་བཟང་དྲི་བཞིན་མཛེས་མའི་དཔལ་དུ་མཆེད། །ལུང་རིགས་ཉག་ཕྲན་བའི་མཚོན་རྣོན་གྱིས། །ཕས་རྒོལ་འབོད་སྒྲོག་སྤོབས་པའི་མགྲིན་པ་བཅུ། །ངལ་མེད་དུམ་བུར་བཅད་པའི་དགའ་སྟོན་ལ། །ཕྱོགས་ཀྱི་བསྔགས་སྐྱེས་སི་ཏའི་འཛུམ་དཀར་གཡོ། །འཇི༷གས་མེ༷ད་དྲན་དབང་བྱུ་རུའི་ནགས་ཀློང་དུ། །རྣམ་དཔྱོད་སྤོས་ཀྱི་གཉིས་འཐུང་རབ་རྩེན་པའི། །ཤེས་བྱའི་རྒྱ༷་མ༷ཚོ་འཐུངས་པའི་དྲང་སྲོང་ཆེ། །ལེགས་བཤད་གངྒྰ་འཇོ་བའི་མགོན་དུ་འཕོས། །ཐ༷བས་མཁ༷ས་ཞོ་འཐུང་རུས་པའི་འཕྲུལ་འཁོར་གྱིས། །རྒུད་ཚོགས་ས་འཛིན་རྐང་པའི་འགྲོས་བཅོམ་ཞིང་། །བཤད་སྒྲུབ་མིག་སྟོང་གཡོ་བའི་རྣམ་སད་བདག །བདེ་ཆེན་འཁོར་ལོའི་རྒྱན་དུ་ཉེ་བར་བསུས། །འཇམ་མགོན་ཞལ་ཆབ་ཟབ་གསང་མདོ་སྔགས་ཀྱི། །ཆོས་ཚུལ་སྦྲང་ཆར་མངར་བོའི་རྒྱུན་འཇོ་བ། །བཤེས་གཉེན་ལུང་རིགས་གློག་དམར་འོག་པག་ཅན། །དུ་མ་བདེ་ཆེན་འཁོར་ལོའི་རྒྱན་དུ་དཀྲིགས། །ཁྱད་པར་འཇི༷གས་མེ༷ད་འོད་དཀར་དྲ་བ་ཅན། །འཕྲི༷ན་ལ༷ས་དཀྱིལ་འཁོར་སྲིད་ཞིའི་མཁའ་ལ་རྫོགས། །ཟླ་མེད་རིགས་བདག་རྒྱ༷་མཚོ༷འི་མར་གསར་ཕོན། །མོས་གུས་དབང་ཕྱོགས་ས་འཛིན་རྩེ་རུ་འཕགས། །མགོན་དེའི་ཐུགས་གསང་མགྲིན་སྔོན་རལ་ཀློང་ལས། །ལེགས་འོངས་མདོ་སྔགས་འཛད་མེད་ལམ་གསུམ་འབབ། །ཐོས་བརྩོན་ཞལ་དུ་འདྲེན་ལ་རིངས་པ་ཡི། །མགོན་ཁྱོད་སྐལ་ལྡན་ཤིང་རྟའི་རྣམ་ཐར་རྨད། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་ཡིས། །ཐུགས་གསང་མཛོད་དུ་འཁྱིལ་བའི་དྲན་དབང་ཚོགས། །ཁྱོད་དྲུང་བོས་པ་མེད་པར་འདུ་བ་ནི། །གཉིས་སྐྱེས་མཚོ་རུ་རྩེན་པའི་དཔལ་གྱིས་མིན། །ནམ་ཞིག་རིགས་བདག་མགོན་དེའི་བཀའ་ལུང་ནི། །མང་ཡུལ་དགའ་བ་བརྒྱ་ལྡན་ལྷའི་མདུན་སར། །ཆོས་སྡེ་རྣམ་པར་རྒྱལ་བའི་ཁང་བཟང་ཆེ། །སྐྲུན་དང་ཐུབ་བསྟན་ཕྱོགས་མཐར་རྒྱས་ཞེས་གསུངས། །དེ་ཡི་ཚེ་ན་ཐབས་ཤེས་མཇུག་མེ་ཡིས། །ལུས་མེད་སྲིན་གྲོང་ཐལ་བར་བརླགས་མཛད་པའི། །མགོན་ཁྱོད་ཞབས་ཟུང་ཨུཏྤལ་དམར་པོའི་རྒྱན། །མང་ཡུལ་ནོར་འཛིན་དགའ་མའི་མགུལ་བར་ལྷུང་། །མགོན་པོ་གང་གི་རླབས་ཆེན་ཐུགས་བསྐྱེད་ཀྱི། །ཝུ་ཕྲེང་གཡོ་ལྡན་མཛད་བཟང་ཆུ་གཏེར་རླབས། །ཤེལ༷་དཀར་ལུང༷་བའི་གཤོང་དུ་འཕྱུར་བ་ན། །དཀར་ཕྱོགས་ལྷ་ཀླུའི་ཡིད་ལ་ངལ་གསོ་ཐོབ། །རིམ་བཞིན་མདོ་སྔགས་ཆུ་སྐྱེས་དཀར་པོའི་ཚལ། །བྱང་ཆེན་སྦྲང་རྩིའི་མཛོད་དུ་དཀྲིགས་པའི་སྡེ། །འོག་མིན་ཞིང་གི་ལང་ཚོར་འཕོས་པ་ན། །རྒྱལ་ཀུན་བསྔགས་པའི་རོལ་མོ་རྡུང་ལ་བྲེལ། །
རྗེ་བླ་མའི་གདན་ས་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་།
བློ་བཟང་རྒྱལ་བའི་ཞལ་ཆབ་མ་དྲོས་ཀླུང་། །མ་རྨད་ཆེ་བའི་ཁ་འབབ་རྣམ་པ་བཞིས། །སྐུ་གསུམ་ཟླ་བའི་མ་མར་གཞོལ་བ་ཡི། །བྱང་ཆུབ་ལམ་གྱི་རིམ་པའི་བཤད་སྲོལ་བཙུགས། །རིམ་གཉིས་ཟླ་གདོང་སྒེག་མོའི་འགྲམ་ཆང་གིས། །ཟུང་འཇུག་སིནྡྷུ་ཝ་རའི་འཛུམ་དཀར་རྒྱ། །གཏན་བདེའི་དཔྱིད་དུ་གྲོལ་བའི་ཟབ་མྱུར་ལམ། །གསང་ཆེན་རྒྱུད་སྡེ་རྣམ་བཞིའི་སྒྲུབ་མཆོད་དར། །སྟོང་ཆེན་དགའ་བྱེད་ཁྲོས་པའི་མདའ་གཅིག་གིས། །ངར་འཛིན་འབོད་སྒྲོག་མགྲིན་པ་ནག་པོའི་ཕྲེང་། །དུམ་བུར་གཅོད་པའི་ཆོས་ཚུལ་བླ་མེད་པ། །ཌྰ་རྐང་སྒྲ་ཆེན་གླལ་བའི་ཟིལ་ལ་འབྱམས། །རྣམ་བཞིའི་འཕྲིན་ལས་རྡོ་རྗེའི་མེ་ཆར་གྱིས། །ཞིང་བཅུའི་དགྲ་བགེགས་བྲག་གི་ས་འཛིན་ཚོགས། །ཕྱེ་མར་ཡོངས་བརླག་ལམ་གསུམ་སྲུང་མའི་དཔུང་། །རབ་སྐུལ་སྒྲུབ་མཆོད་སྤྲིན་སྔོན་ཕྱུར་བུར་གཏིབས། །འཁོར་ལོ་གསུམ་གྱི་སྦྲང་རྩ་མངར་པོའི་རོ། །ཐོས་བརྩོན་ལྗགས་ཀྱིས་མྱོང་བའི་རིག་གྲོལ་སྡེ། །ངུར་སྨྲིག་གཤོག་ཟུང་སྒྱུར་བའི་དཔལ་ཡོན་ཅན། །ལུང་རིགས་དབྱངས་སྙན་སྒྲོག་པས་ས་འདི་དཀྲིགས། །མགོན་ཁྱེད་མཁྱེན་བརྩེ་ཕང་ཕུང་བརྩེགས་པའི་སྤྲིན། །འགྲོ་ཁམས་མོས་པའི་མཁའ་རུ་རྩེན་པ་ན། །ལེགས་བཤད་སྦྲང་ཆར་ལུང་རིགས་འོད་ཕྲེང་ཅན། །རྣམ་གྲོལ་མྱུ་གུ་ལྡེམ་པའི་གསོས་སུ་འཇོ། །ཁྱེད་གསུང་ལྷ་ཆེན་རལ་བའི་དག་བྱེད་རྒྱུན། །དད་གསུམ་མགྲིན་པར་བབས་པའི་དུག་ཅན་ཚོགས། །བཅས་བསགས་སྡིག་ལྟུང་ཚ་གདུང་ཡོངས་ཞི་སྟེ། །དགེ་ལེགས་འཆི་བ་མེད་པའི་ཚལ་དུ་འཕོས། །ལྔ་བདོའི་སྨག་རུམ་སྟུག་པོ་ཡོངས་དཀྲིགས་པའི། །མཐའ་འཁོབ་ལྗོངས་འདིར་མགོན་ཁྱོད་མཛད་འཕྲིན་གྱི། །སྣང་བའི་མུ་ཁྱུད་རྩེན་པའི་འཇུག་ངོགས་སུ། །ལུང་རྟོགས་བསྟན་པའི་པད་ཚལ་ཆེ་ཆེར་རྒྱས། །དེ་མཐུས་ལྔ་རིག་གསེར་གྱི་འདབ་མའི་གླུས། །རྫོགས་ལྡན་གཉིད་ལས་སློང་པའི་སྦྲང་རྩིའི་བུ། །གཅིག་མིན་དཔག་ཚད་བྱེ་བའི་ཁྱོན་བཀང་སྟེ། །ས་འདི་འོག་མིན་དཔལ་ལས་ལན་བརྒྱར་འགོངས། །མགོན་ཁྱེད་གསང་གསུམ་གསེར་འཁོར་རྩིབས་སྟོང་ཅན། །ཕྱོགས་ཀྱི་མུ་ཁྱུད་གླིང་བཞིའི་མཁར་རྩེན་པས། །རིག་འཛིན་རྒྱལ་ཕྲན་སྐྱོང་བའི་ས་སྐྱོང་འབུམ། །ཁྱོད་ཞབས་སྤྱི་བོས་ལེན་ལ་སྔ་ཕྱི་རྩོད། །རྒྱལ་ཀུན་གསང་བ་འབྱམས་སུ་ཀླས་པའི་མཁའ། །ཐུགས་བསྐྱེད་དགུ་ཚིགས་ཞགས་པས་ཉེར་བཅིངས་པའི། །ལྰ་མོའི་གོང་ཞབས་གཙུག་རྒྱན་སྤོས་རྫིང་དུ། །ཞབས་ཆེན་ངང་པའི་རྒྱལ་པོ་ཡུད་ཀྱིས་གཤེགས། །འཕགས་ཡུལ་མཁས་མང་མགྲིན་སྔོན་རལ་ཀློང་ལས། །ལེགས་འོངས་ལྔ་རིག་ལམ་གསུམ་འབབ་པའི་རྒྱུན། །མཁྱེན་རབ་ཧུབ་ཀྱིས་གསོལ་བའི་དྲང་སྲོང་ཁྱེད། །གདུལ་བྱའི་ཚ་གདུང་གཞིལ་བའི་གཉེན་དུ་བསྔགས། །རྒྱལ་ཀུན་གསང་འཛིན་ངུར་སྨྲིག་བླ་གོས་ཅན། །གང་དེའི་མཁྱེན་རབ་གསེར་གྱི་ཀྱོ་བའི་འཕྲུལ། །ཁྱོད་ཡོན་ཆུ་གཏེར་འཇིངས་སུ་བཏབ་པ་ན། །མདོ་སྔགས་གསེར་མིག་ངལ་བ་མེད་པར་བཀུག །ཐུབ་བསྟན་སྨུག་རྩིས་བྱང་རྒྱུད་མཛེས་མའི་གདོང་། །འཁྱུད་པའི་རྟེན་འབྱུང་དུས་སུ་ན་དར་བས། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོར་ཁྱོད་བཞེངས་ཏེ། །རིག་འཛིན་དཔའ་བོས་མཁའ་སྤྱོད་དོག་པོར་བྱས། །རྒྱལ་ཀུན་འཕྲིན་ལས་ཀུན་མཛད་པད་འབྱུང་རྗེའི། །བཀའ་ལུང་རྡོ་རྗེ་སྤྱི་བོར་གཡོ་མེད་པའི། །དཀའ་ཕྱོགས་ལྷ་སྲུང་ལས་བཞིའི་ཕྱག་རྒྱ་ཅན ། །དྲི་ལྡན་མེ་ཏོག་ཚལ་དུ་བུང་བ་བཞིན། །བྱང་ཕྱོགས་ནོར་འཛིན་ལྷ་ལམ་ཡངས་པོའི་ཁྱོན། །ཐུབ་བསྟན་ཉི་ཟླའི་འོད་ཀྱིས་འཁྱུད་དྲགས་པས། །ཡིད་སྲུབ་སྒྲ་གཅན་གདུག་པའི་ཁ་རླངས་ཀྱིས། །རྫོགས་ལྡན་སྣང་བའི་དཀྱིལ་འཁོར་རིལ་གྱིས་ཟོས། །འཆི་མེད་མདུན་སའི་དཔལ་ལས་རིངས་འགོངས་པའི། །ཞི་བའི་གྲོང་ཁྱེར་འབུམ་ཕྲག་ཐལ་བར་བརླགས། །ཐུབ་པའི་གདུང་འཚོབ་ངུར་སྨྲིག་འཆང་བའི་ཁྱུ། །མི་སྡུག་ཁྱིམ་གྱི་གཟེབ་ཏུ་དབང་མེད་ཚུད། །ལུང་རིགས་གཡུ་རལ་འཕྱོ་བའི་གདོང་ལྔའི་དཔུང་། །སྒྲོ་འདོགས་ཁོང་སྲིན་བྱེ་བས་རབ་མནར་ཞིང་། །གདོལ་སྤྱོད་ཝ་སྐྱེས་བརྒྱལ་བའི་ཆོ་ངེ་ཡིས། །བྱང་རྒྱུད་རི་སུལ་བསྐལ་པ་ངན་པར་བྱས། །ལྔ་རིག་གླེགས་བམ་གྲངས་ཀྱིས་མི་མཚོན་པ། །བརྩེ་མེད་བསྲེག་ཟའི་ཀློང་དུ་བསྟིམས་བྱས་ཏེ། །ལྟ་ངན་གཞུང་ལུགས་ནོར་སྐྱོང་ཤི་བའི་རོ། །བློ་ལྡན་རྒོད་པོའི་ཚོགས་ཀྱི་ཟས་སུ་བྱིན། །མདོ་སྔགས་བཤད་སྒྲུབ་ཐིག་ལེའི་རེ་ཁྰ་ཡིས། །རྣམ་དཔྱོད་ལུས་མཛེས་ལུང་རིགས་མཆེ་རྣོན་ཅན། །བསྟན་འཛིན་ནགས་ཀྱི་ཤྰ་ནའི་བསྟི་གནས་སུ། །གདོལ་སྤྱོད་མགྲིན་བཟང་མྱོས་པས་ཐན་སྐད་བསྒྲགས། །འོན་ཏང་རྒྱལ་ཀུན་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །ཉེར་དྲངས་ཐུབ་བསྟན་རྟ་བདུན་བདག་པོའི་གཟི། །བྱང་ཕྱོགས་པད་དཀར་ཚལ་དུ་འཕོས་པ་ན། །ལུས་མེད་སྲིན་བྱ་མྱ་ངན་ཁུང་བུར་ཡིབ། །མགོན་ཁྱོད་བརྩེ་ཆེན་ཆུ་ཁུར་རྔ་ཡབ་ལས། །ལེགས་བཤད་སྦྲང་ཆར་བྱིན་རླབས་འབྲུག་སྒྲ་ཅན། །སྐལ་ལྡན་ཞིང་སའི་དཔྱིད་དུ་ལྷུན་འཇོ་བས། །ས་འདི་སླར་ཡང་དགེ་ལེགས་མྱུ་གུས་ཁེབས། །ཁྱོད་ཞབས་པད་མོ་བཞད་པའི་ཕྱོགས་ཀུན་ཏུ། །སྐལ་བཟང་བུང་བ་གྲངས་ཀྱིས་མི་ཟིན་པས། །ཟབ་རྒྱས་ཆོས་ཚུལ་སྦྲང་རྩིའི་དོག་པ་ལ། །ཐོས་བརྩོན་མཆུ་ཡིས་བསྣུན་ལ་ལོང་ཡོད་སྤངས། །མཐའ་དག་འགྲོ་ཁམས་ཁྱུང་གི་སྔོན་སྐྱེས་མས། །ལེགས་དྲངས་ཁྱེད་གསུང་འོད་བརྒྱའི་དྲ་བ་ཅན། །རྒྱལ་བསྟན་ཆུ་སྐྱེས་ཚལ་དུ་འཕོས་པ་ན། །ལུས་མེད་གྲིབ་མ་ནག་པོའི་དཔུང་ཚོགས་བྱེར། །ཚོགས་གཉིས་ཤར་རིའི་ཕྲག་ཏུ་རྩེན་པ་ཡི། །གང་སྐུ་ཆུ་ཤེལ་དབང་པོའི་འོད་དཀར་ཕྲེང་། །ཚུར་མཐོང་ཆུ་བུར་མིག་གི་མཚོ་རྫིང་དུ། །མཚན་དཔེའི་དཀྱིལ་འཁོར་ཟླུམ་པའི་རོལ་གར་རྨད། །མདོ་སྨད་ལྷོ་བྱང་རྣམ་སད་སྐྱེད་ཚལ་དུ། །མཛད་བཟང་ས་སྲུང་དཀར་པོའི་སྟེང་འགྱིང་བའི། །ཟླ་བྲལ་མགོན་པོ་མཁྱེན་བརྩེའི་སྤྱན་སྟོང་ཅན། །བསྟན་འཛིན་ཚིགས་བཟང་བྱེ་བའི་བདག་པོར་བསྔགས། །འཇམ་མགོན་ལེགས་གསུང་འོད་དཀར་དྲ་བའི་རྒྱུན། །གདུལ་བྱ་སྐལ་བཟང་ཁྱེའུས་ཡོངས་གཞིབས་ཏེ། །བྱང་གྲོལ་ལུས་སྟོབས་དར་བའི་ངོ་མཚར་གྱིས། །མཐའ་དག་རྒྱལ་ཀུན་མཛད་འཕྲིན་བསྡུ་ལ་རིངས། །བསྐལ་མང་སྲིད་པའི་ཚང་ཚིང་འཇིགས་རུང་དབུས། །སྒྲིབ་གཉིས་ལྟོ་འགྲོ་གདུག་པས་ཡོངས་ཟིན་ཏེ། །རྣམ་གྲོལ་དམིགས་བུ་སྟོར་བའི་ལུས་ཅན་དག །སྐུ་གསུམ་གྲོང་དུ་འཁྲིད་པའི་ས་མཁན་ཁྱེད། །སྒོ་གསུམ་དྲི་བཅས་ཐེག་གསུམ་གདུལ་བྱའི་ཚོགས། །སྟོང་གཟུགས་གོ་འཕང་མཆོག་ལ་སྦྱོར་བྱེད་པའི། །རྒྱུད་ཀུན་ཡང་སྙིང་དཔལ་ལྡན་དུས་འཁོར་ལོའི། །ཆོས་ཆར་རིས་མེད་གདུལ་བྱའི་ཞིང་སར་ཕབ། །རིང་ནས་ཟུང་འཇུག་གདོད་མའི་སར་གཤེགས་ཀྱང་། །རྒྱལ་སྲས་དཔའ་བོའི་ཟློས་གར་ལེགས་བསྒྱུར་ཏེ། །ཕྱིན་དྲུག་དཔག་བསམ་ལྗོན་པའི་འབྲས་བཟང་གིས། །སྐལ་བཟང་རེ་བའི་སྙིམ་པ་ལྕི་བར་མཛད། །ཐེག་གསུམ་ངེས་འབྱུང་སེམས་ཀྱི་ནོར་འཛིན་ལྟོར། །སྡོམ་གསུམ་མྱུ་གུའི་ནགས་ཀློང་ཡོངས་དཀྲིགས་ཏེ། །སྐུ་གསུམ་གཡུར་ཟའི་འབྲས་བུ་སྨིན་མཛད་པའི། །གསང་གསུམ་ཕ་མཐའ་དམིགས་ལ་རྒྱལ་ཀུན་ཚོམ། །རྣམ༷་དག༷་ཁྲིམ༷ས་ཀྱི་སྒྲོ་ཐུལ་རབ་མཛེས་ཤིང་། །ལུང་རིགས་དབྱངས་ལྡན༷་སྡོམ་བརྩོན་ངང་པའི་ཁྱུ། །མདོ་སྔགས་པད་རྩའི་རོ་ལ་ལོངས་སྤྱོད་པའི། །འོག་མིན་གཉིས་པའི་གླིང༷་འདི་ཁྱོད་ཀྱིས་བསྐྲུན། །ཕྱི་རུ་གྲྭ་ཤག་ཨུཏྤལ་དཀར་པོའི་ཚལ། །ནང་བཅུད་རིག་གྲོལ་འདུས་ཚོགས་བུང་བའི་ཁྱུ། །ཁྱོན་ཡོན་དབྱར་གྱི་དཔལ་མོས་ཡོངས་བསྐྱངས་པས། །ཐར་འདོད་ཐ༷ར་པར་གཤེགས་པའི་ཤུལ༷་ལམ་ཉིད། །འཕགས་ཚོགས་འདུས་སྡེ་བཤད་སྒྲུབ་ལོངས་ལ་རྩེན། །དཀར་ཕྱོགས་སྲུང་མས་ལས་བཞི་དུས་སུ་སྒྲུབ། །འབྱོར་ལྡན་བསྙེན་པའི་རླབས་ཕྲེང་མངོན་མཐོར་བརྩེགས། །ལྗོངས་འདིར་རྫོགས་ལྡན་སྣང་བ་ཁྱེད་ཀྱིས་བཀྱེས། །དགེ་ལེགས་འཛད་པ་མེད་པའི་མཆོད་སྦྱིན་གྱིས། །བགྲང་ཡས་གདུལ་བྱའི་རེ་བ་ཡོངས་སྐོང་བ། །མགོན་ཁྱོད་དཔག་བསམ་ལྗོན་པའི་གྲིབ་བསིལ་དུ། །བྱིན་རླབས་འབྲས་བཟང་སྤྱོད་པའི་སྐལ་བ་སྦོམ། །ཐོག་མར་སྡོམ་གསུམ་ཐར་པའི་གྲོང་དུ་ཁྲིད། །བར་དུ་ལེགས་བཤད་འཆི་མེད་བདུད་རྩིས་བསྐྱངས། །ཐ་མར་རྣམ་གྲོལ་མཛོད་ཀྱི་ལྡེ་མིག་གཏད། །མགོན་ཁྱོད་བཀའ་དྲིན་རྡུལ་ཙམ་ཇི་ལྟར་གཞལ། །འཇ༷མ་དཔལ་ཟུར་ཕུད་བྱི་བའི་རོལ་རྩེད་ཀྱིས། །དབྱང༷ས་ཅན་དགྱེས་བ༷ཞད་ལེགས་བཤད་དབྱངས་སྙན་ཅན། །བ༷ཀྲ་ཤིས༷་དགེ་ལེགས་མཚན་མ་གཡས་འཁྱིལ༷་སྡེར། །ཞབས་སྐྱེས་རི་མོ་འཕོས་པ༷འི་རྟོགས་བརྗོད་རྨད། །སྐལ༷་ལྡན༷་རྒྱ༷་མ༷ཚོའི་རལ་བའི་ནགས་ཀླུང་དུ། །རྣམ་དཔྱོད་མེ་ཏོག་འཛུམ་པའི་དཔལ་ཡོན་ཅན། །གང་དེས་བ༷དེ་ཆེ༷ན་ཆོས༷་འཁོར༷་ལན་བརྒྱ་རུ། །བསྐོར་པའི་གླིང༷་དུའང་ལེགས་བཤད་དགའ་སྟོན་བསྩལ། །ཆེ་རྒུའི་ཟུར་ཕུད་གངས་ཀྱི་ས་འཛིན་སྤོར། །ལུགས་གཉིས་གཡུ་རལ་གསིག་པའི་གདོང་ལྔའི་དབང་། །ལྰ༷་མོ༷འི་གོང་ཞབས་གདན་ས་ཟླ་མེད་པ། །བ༷དེ་སྟོང་གསང་ཆེ༷ན་ཚལ་དེ་ཁྱེད་ཀྱི་སྐྱོང་། །འཇམ་དབྱངས་མི་གཟུགས་ཞྭ་དམར་པཎཌི་ཏའི། །ཞབས་པད་མངོན་མཛེས་བཀྲ༷་ཤིས༷་ཆོས༷་ཀྱི་སྡེ། །མདོ་སྔགས་པད་མོའི་ལྡིང༷་ཁང་མངོན་དགའ་བར། །བློ་གསལ་རྐང་དྲུག་མཛད་བཟང་སྦྲང་རྩིས་བསྐྱངས། །ངེས་གསང་སྙིང་པོ་ཨ༷་ཡིག་ལང་ཚོའི་འཕྲུལ། །རི༷ག་གྲོལ་དགེ༷་བའི་བཤེས༷་ཀྱི་ཞི་བསིལ་ཚལ། །གང་དེར་ཞབས་སྐྱེས་བཀྲ༷་ཤིས༷་འཁོར་ལོའ་རྡུལ། །དགེ་ལེགས་ཀུན་འབྱུང༷་གནས༷་དེའི་བྱིན་དུ་ཆགས། །ལུགས་གཉིས་ཤེ་མོང་མཆེ་སྡེར་རྣོན་པོའི་གར། །མཐའ་བཞིའི་རྒྱལ་ཕྲན་རི་སྐྱེས་སྙེམས་པའི་མགོར། །གདེངས་མཛད་གནམ་བསྐོས་རྒྱ་ནག་ས་སྐྱོང་ཆེའི། །གསེར་གྱི་ཕོ་བྲང་(པེ་ཅིན)ཆེ་དེར་ཞབས་ཀྱིས་བཅགས། །རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དཔའ་བོ་ཡི། །གསང་གསུམ་སྒྱུ་མའི་རོལ་རྩེད་འབྱམས་ཀླས་པ། །ཚུར་མཐོང་ཆུ་བུར་མིག་གི་སྤྱོད་ཡུལ་དུ། །སྣང་བའི་གནས་(རི་བོ་རྩེ་ལྔ)དེར་ཞབས་སྐྱེས་མེ་ཏོག་བཞད། །དེ་རུ་དད་གསུམ་སྙིམ་པའི་མེ་ཏོག་གིས། །ཞབས་ཟུང་སྲད་བུ་མཛེས་པའི་ལང་ཚོ་ཅན། །མགོན་ཁྱོད་དཀྱིལ་འཁོར་རྒྱ་མཚོའི་ཐིག་ལེ་རུ། །མངོན་བཞེངས་དག་པའི་རོལ་བ་འབྱམས་སུ་ཀླས། །ཁྱེད་ཀྱི་གྲགས་དཀར་སྤྲིན་གྱི་རོལ་མོའི་དབྱངས། །ཐ་དད་རིགས་ཀྱི་མདོང་མཐའ་འབུམ་ཕྲག་གི །དང་བའི་ཐོས་འཛིན་དཔལ་དུ་ཉེར་མཆེད་པས། །འཕྲིན་ལས་དབྱར་མཚོའི་རླབས་ཕྲེང་སྲིད་རྩེར་ལུད། །མགོན་ཁྱེད་གསང་གསུམ་འབྱམས་སུ་ཀླས་པའི་གར། །གཞོམ་མེད་རྡོ་རྗེའི་ལང་ཚོར་ཡོངས་སྨིན་ཏེ། །བདག་སོགས་གདུལ་བྱ་རྒྱ་མཚོའི་དཔུང་གཉེན་དུ། །རྡུལ་སྙེད་བསྐལ་པར་ཆོས་འཁོར་བསྐོར་བར་བསྐུལ། །རྒྱལ་བསྟན་སྣང་བ་ཆེ་ཆེར་ཕྲ་བ་ཡི། །རྒུད་ཚོགས་མི་བཟད་ལྔ་བདོའི་དབང་ཕྱོགས་མཁའ། །ཁྱོད་ཡོན་ཉིན་བྱེད་འོད་ཀྱིས་འཁྱུད་པ་ན། །ཡིད་སྲུབ་རྒྱུ་སྐར་འོད་ཚོགས་སྟོང་དབྱིངས་བྲོས། །ཕྱི་རུ་གསུམ་ལྡན་ངུར་སྨྲིག་འཛིན་པའི་གར། །ནང་དུ་རིམ་གཉིས་ཟུང་འཇུག་རྣལ་འབྱོར་སྤྱོད། །གསང་བ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བདག །ཁྱབ་བདག་བླ་མའི་མཛད་པ་འབྱམས་སུ་ཀླས། །ཟླ་ཤེལ་ལང་ཚོས་སྒེག་པའི་སྨན་ལྗོངས་འདི། །མགོན་ཁྱོད་འཕྲིན་ལས་ཉི་འོད་ཀྱིས་འཁྱུད་ཚེ། །རྒྱལ་བསྟན་པུཎཌ་རི་ཀའི་འཛུམ་དཀར་ལ། །ཕྲག་དོག་ལུས་མེད་ཀུན་དའི་མྱ་ངན་ལྕི། །བསིལ་ལྗོངས་ལྔ་རིག་དྲི་བྲལ་འོ་མའི་མཚོར། །ཁྱོད་ཀྱི་མཛད་བཟང་ཟླ་འོད་ཕོག་པ་ན། །རིག་བྱེད་རླབས་དཀར་འཕྱུར་བའི་ཟེགས་མ་ཡིས། །རྫོགས་ལྡན་སྤྲིན་གྱི་འདུ་འགོད་འགོག་ལ་བརྩོན། །
རྗེ་ཉིད་དགུང་གྲངས་དགུ་བཅུ་གོ་གྲངས་ནང་ཕེབས་དུས་ཀྱི་སྐུ་པར།
འཇམ་མགོན་རྒྱལ་ཚབ་ཁྲི་རབས་རིམ་བྱོན་དང་། །ལྔ་རིག་མཛོད་ལ་དབང་སྒྱུར་པཎཌི་ཏ། །སྙན་བརྒྱུད་གདམས་པའི་བཀའ་བབ་བསྟན་འཛིན་ཚོགས། །མགོན་ཁྱོད་གདུལ་བྱར་མ་གྱུར་འགའ་ཡང་མེད། །ཁྱེད་གསུང་ལེགས་བཤད་སྦྲང་རྩི་མངར་བོ་ཡིས། །རྣམ་དཔྱོད་ལུས་བརྟས་སྐལ་བཟང་བུང་བའི་ཚོགས། །ཐུབ་བསྟན་ལི་ཤི་དཀར་པོའི་སྐྱེད་ཚལ་དུ། །བཤད་སྒྲུབ་འདབ་གཤོག་སྒྱུར་བར་ཅི་ཡང་བྲེལ། །ཐུབ་བསྟན་གླིང་བཞི་ལ་དབང་འཁོར་ལོས་སྒྱུར། །བྱང་གྲོལ་རིན་ཆེན་སྩོལ་མཛད་དེད་དཔོན་ཆེ། །ལྔ་རིག་ཤེས་བྱ་ཀུན་གཟིགས་པཎཌི་ཏ། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔའ་བོའི་མཆོག །མགོན་ཁྱོད་སྐུ་གསུང་ཐུགས་ཡོན་དབྱར་སྐྱེས་ལྔ། །དད་གསུམ་སྒྲ་འཛིན་བཅུད་དུ་ཡོངས་སྨིན་ཏེ། །རེ་བའི་མིག་འབུར་མཐོ་བའི་མགྲིན་སྔོན་ཁྱུའི། །གདུང་སེལ་དབྱར་སྐྱེས་སྔོན་པོའི་རོལ་བ་རྨད། །མཁྱེན་རབ་བཅུ་དྲུག་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །བརྩེ་ཆེན་འོད་དཀར་དྲ་བའི་འཇོ་སྒེག་ཅན། །ནུས་སྟོབས་རླུང་གི་ཤིང་རྟའི་འཕྲུལ་འཁོར་གྱིས། །ཐུབ་བསྟན་མཁར་འཕགས་སྨྲ་བའི་ཟླ་བ་རྒྱལ། །ལྟ་ངན་ཝ་སྐྱེས་སྙིང་གི་ས་འཛིན་སྤོར། །ལུང་རིགས་མཆེ་སྡར་གནམ་ལྕགས་མཚོན་བསྙིལ་ཏེ། །ཀུན་རྨོངས་དོན་སྙིང་རྡུལ་ཕྲན་སར་འགོད་པའི། །འཇམ་མགོན་གངས་རིའི་གདོང་ལྔ་ཁྱེད་མིན་སུ། །ལུང་རྟོགས་ཡོན་ཏན་ཉི་ཟླའི་རྣ་ཆ་གཡོ། །བསྟན་འཛིན་གསེར་རིའི་ཕྲེང་བས་ཡོངས་སུ་བསྐོར། །ཚོགས་གཉིས་འཛིན་མར་བརྗིད་པའི་རི་དབང་ཆེ། །འཇིག་བྲལ་རྟག་བཞུགས་གསོལ་འདེབས་དབྱངས་སུ་ལེན། །ལྟ་ངན་ཆུ་སྤྲིན་ཀྱ་ཀྱུར་དཀྲིགས་པའི་དཔུང་། །ཐུབ་བསྟན་ཉི་འོད་སྲོག་ལ་གཟན་གྱུར་པའི། །དུས་འདིར་འཕྲིན་ལས་རྣམ་བཞིའི་འཐོར་རླུང་གིས། །རྒུད་ཚོགས་དབྱིངས་སུ་སྟིམ་བཞིན་བཞུགས་སུ་གསོལ། །ལྔ་བདོའི་མེ་ལྕེ་ཐུབ་བསྟན་ནགས་ཀླུང་དུ།ན །འཛེམ་མེད་མཆེད་འི་གཉེན་པོར་རབ་བསྔགས་པའི། །མཛད་འཕྲིན་སྤྲིན་གྱི་མེ་ཏོག་ཕང་ཕུང་ཅན། །གདུང་སེལ་ཆུ་འཛིན་དཀར་པོའི་ངོ་བོར་བཞུགས། །འཛམ་གླིང་ནོར་འཛིན་ཨུཏྤལ་དཀར་པོའི་ནགས། །ཐུབ་བསྟན་སྦྲང་རྩིའི་མཛོད་དུ་སྨིན་པ་ཡི། །ཡང་དར་དབྱར་གྱི་དཔལ་མོའི་མཛེས་རྒྱན་དུ། །གསང་གསུམ་མུ་ཏིག་དཀར་པོའི་རྒྱན་དུ་བཞུགས། །བརྗོད་བྱ་དགེ་ལེགས་ནམ་མཁའ་མཛོད་ཀྱི་སྒོ། །རྗོད་བྱེད་སྙན་ཚིག་དབྱར་སྐྱེས་སྙན་འཇེབས་གླུ། །དད་གསུམ་སྦྲང་ཆར་སྣུམ་པོའི་རྩེ་དགའ་ཅན། །ཚོགས་གཉིས་གཡུ་ལོ་དཀྲིགས་པའི་ཞིང་དུ་གཏིབས། །སྐུ་བཞི་ནོར་བུའི་གླིང་དུ་བགྲོད་པའི་གྲུ། །མཆོག་གསུམ་བྱིན་རླབས་དཀྲིགས་པའི་དཀྱིལ་འཁོར་བདག །རིམ་གཉིས་རྣལ་འབྱོར་མཐར་ཕྱིན་གྲུབ་བརྒྱའི་མགོན། །སྐྱབས་གཅིག་བླ་མའི་གསུང་གསུམ་ནམ་མཁའི་མཐའ། །ཚུར་མཐོང་བློ་གྲོས་བྱེའུའི་གཤོག་གུར་གྱིས། །གཞལ་བར་མི་སྤྱོད་ན་ཡང་དད་གུས་ཀྱི། །ཀུ་ཤའི་རྩེ་རུ་དྲངས་པའི་ཐིགས་པ་འདི། །སྐལ་ལྡན་དང་བའི་གསོས་སུ་འགྱུར་རམ་སྙམ། །རབ་བྱེད་འདིས་མཚོན་དུས་གསུམ་དགེ་བའི་ཚོགས། །རྒྱལ་སྲས་དཔའ་བོའི་རླབས་ཆེན་སྨོན་ལམ་དང་། །ཡོངས་འདྲེས་ཁྱབ་བདག་རྗེ་བཙུན་བླ་མ་ཡི། །གསང་གསུམ་རྡོ་རྗེའི་གཤིས་སུ་བརྟན་ཕྱིར་བསྔོ། །ཞེས་པ་འདི་ནི་ཁྱབ་བདག་འཁོར་ལོའི་མགོན་པོ། དུས་ཀྱི་མཐའ་འདིར་རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟ་བུར་བཞུགས་པའི་དྲིན་ཅན་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་བརྗོད་ན་༧ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་ཞེས་ས་གསུམ་གྱི་འདྲེན་པ་དམ་པར་གྱུར་པ་གང་གིས་བགྲང་བྱ་བཅུ་ཕྲག་གཅིག་ལྷག་གི་རིང་ཡི་གེ་དབུ་ཅན་དབུ་མེད་འབྲི་སྟངས་ནས་རྒྱུད་སྡེ་བླ་མེད་ཀྱི་དབང་སྐུར་བར་་ཆོས་དང་ཟང་ཟིང་གཉིས་ཀས་བུ་ལྟར་བསྐྱངས་པའི་སློབ་བུ་ཐ་ཤལ་བ། གདོལ་སྤྱོད་ངག་དབང་བསྟན་ཡེ་ཤེས་རྒྱ་མཚོའམ། ཡོངས་གྲགས་ཀྱི་སྨྱུག་མིང་ཀླུ་སྨྱོན་ཧེ་རུ་ཀར་འབོད་པ་དེས། རྗེ་བཙུན་བླ་མ་མཆོག་གི་རྟོགས་པ་བརྗོད་པའི་སྙན་ངག་འདི་ས་གསུམ་ན་འགྲན་ཟླ་བྲལ་བའི་གནས་མཆོག་ལུམྦྷི་ནིར་འབྲི་མགོ་བཙུགས་ཤིང་། གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདབས་རོལ་ཏུ་མཇུག་ཡོངས་སུ་གྲུབ་པར་བགྱིས་པ་དང་། སྣོད་བཅུད་མཐའ་དག་གིས་མི་རྟག་སྒྱུ་མའི་རང་མདངས་ངོམ་པའི་ཀློང་དུ། ཚུར་མཐོང་གདུལ་བྱའིི་སྣང་ངོར་རྗེ་བླ་མ་མཆོག་ཀྱང་རེ་ཞིག་ཞིང་འདིའི་གདུལ་བྱ་རྟག་འཛིན་ཅན་ཁོ་བོ་ལྟ་བུ་དག་གི་བློ་ཁ་ཆོས་ལ་སྐུལ་ཕྱིར་སྐུའི་མཆོད་སྡོང་རེ་ཞིག་མི་ཡུལ་འདིར་བཞག་གནང་སྟེ་དག་པའི་ཞིང་ཁམས་འབྱམས་སུ་ཀླས་པར་ཕེབས་བཞུད་ཐེངས་ཤིག་གནང་རྗེས། ཡང་སྐྱར་ཐུབ་པའི་བསྟན་པ་སྤྱི་སྒེར་དག་ལ་སྨན་ཕྱིར་དང་འགྲོ་བའི་སྡུག་བསྔལ་གཏོས་དྲག་པོ་དག་སེལ་ཕྱིར་ཡང་སྲིད་ཉི་མ་གཞོན་ནུ་སྐྱེ་རྒུའི་བསོད་ནམས་ཀྱི་ཤར་རིའི་ཕྲག་ནས་མངོན་པར་རྩེན་པའི་དུས་འདིར། རྗེ་བླ་མ་མཆོག་ལ་རྗེས་དྲན་ཞིག་གི་ཚུལ་དུ་སྙན་ངག་འདི་གློག་ཀླད་དུ་གཏགས་ཏེ་དྲ་ལམ་དུ་བཞག་པ་ལགས།། །།
ཨ་ཁུ་ཀླུ་སྨྱོན་གྱི་དོན་དང་ལྡན་པའི་སྙན་ངག་འདི་ལྟ་བུ་ཞིག་ཀློག་མཁན་རྣམས་ཀྱི་མིག་གི་དཔྱིད་དང་ཡིད་ཀྱི་གསོས་སུ་ཕུལ་བར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་ལགས།
གནའ་བོའི་དུས་སུ་གངས་རི་ར་བའི་ཁྲོད།།
སྙན་ངག་མཁན་པོ་གྲངས་ཀྱིས་གཞལ་བར་དཀའ།།
དུས་རབས་ཉེར་གཅིག་དུས་ཀྱི་མཐའ་མ་འདིར།།
སྙན་ངག་འདི་འདྲར་མཇལ་བ་བསོད་ནམས་ཆེ།
སྙན་རྩོམ་ལེགས་མོ་ཞིག་ཀུན་ལ་སྐྱེས་སུ་ཕུལ་འདུག་པ་བཀྲིན་ཆེ། སྐབས་དོན་དང་དངོས་སུ་མ་འབྲེལ་ཡང་འདིར་རྩོམ་པ་པོ་ཁྱེད་དང་གཞན་ཡང་དྲ་གྲོགས་རྣམས་ལ་དགོངས་འདྲི་ཞུ་རྒྱུར། དེང་སྐབས་ཕྱི་ནང་གི་གནས་སྟངས་དུ་མར་གཟིགས་ཏེ་༸གོང་ས་མཆོག་གིས་གསུང་སྟེགས་རིམ་པ་མང་སར་མ་འདས་སྤྲུལ་སྐུ་ཡང་ཡང་གླེང་གིན་ཡོད་པར་མ་ཟད། ཉེ་དུས་དྲ་ལམ་ཐོག་གསར་དུ་ཐོན་པའི་དབྱིན་སྐད་བཅར་འདྲི་རིང་མོ་ཞིག་ཏུ་སླར་ཡང་འདི་ལྟའི་སྤྲུལ་སྐུ་ཕེབས་པ་ཐེངས་དང་པོ་ཡིན་རྒྱུ་ཕར་ཞོག ཉེ་རབས་ཀྱི་ལོ་རྒྱུས་ནང་དུའང་བླ་ཆེན་གཉིས་ཀྱི་ཡང་སྤྲུལ་ཚུལ་འདི་ལྟར་དུ་ཕེབས་པའི་བཀའ་སྩལ་འདུག་ན་བླ་ཆེན་དེ་དག་སུ་དང་སུ་ཡིན་མིན་དང་། དེ་བཞིན་དུ་སྔ་རབས་རྣམས་སུའང་དེ་ལྟའི་རྣམ་ཐར་ཡོད་རིགས་ཀྱི་སྣེ་སྟོན་གནང་རོགས་ཞུ།།
ཨ་ལགས་ཚང་གིས་སྙན་ངག་འདི་འདྲ་དྲུད་ཡོང་དུས་སེམས་ལ་དད་པ་ཡང་སྐྱེས་ནི་ཞིག་རེད། མདོ་དབུས་ཁམས་གསུམ་ན་གྲགས་པའི་སྐྱེས་མཆོག་ཁོང་ལྟ་བུར་སྙན་ངག་གི་བསྟོད་པ་འདི་འོས་ཤིང་འཚམས་པ་རེད་དོ།
དཔག་མེད་བསྐལ་བར་གོམས་པའི་མཐུ་སྟོབས་ཀྱིས། །
རླབས་ཆེན་རྒྱལ་སྲས་སྤྱོད་པའི་རྟུལ་ཞུགས་ཅན། །
གང་གི་མཛད་འཕྲིན་ཉི་ཟླའི་འོད་སྣང་ལ། །
བསྟོད་པའི་སྙན་ངག་འདི་ལ་སུ་མི་དགའ། །
ཀླུ་སྨྱོན་ཧེ་རུ་ཀའི་གསུང་གི་སྙན་ངག་འདི་ཤིན་ཏུ་ཡག་པོ་འདུག ཡི་རང་དང་མོས་མཐུན་རེ་ཡོད་ཀྱང་།
སྙན་ངག་མཁན་ལ་ཅི་ཡང་རྒྱན་ཟེར་བ་དེ་མིན་འགྲོ། དགོངས་པ་མ་ཚོམས། སྙན་ངག་བྲིས་ན་བདེན་པ་ཕྲིས།
བོན་རྩོམ་དེ་མཐོང་ནས་བཟུང་ཁྱོད་ཀྱི་ལེགས་རྩོམ་བདུད་རྩིའི་ཐིགས་པ་ལ་མི་གཙང་དུག་གིས་ཁ་སྣོན་བརྒྱབ་ཚར་བ་རེད།
ང་བརྒྱད་ལོར་དགེ་བཤེས་འགའ་རེས་མའོ་ཙེ་ཏང་ལ་སངས་རྒྱས་ཞེས་བསྟོད་པ་ནང་བཞིན་རེད། སོ་ཟིན་མི་འདུག ཡིད་ཆེས་མ་སོང་། དགོངས་དག་ཞུ།
ཧ་ཅང་གི་ཡག་པོ་འདུག་དཔེ་རེད།
ད་ཀླུ་སྨྱོན་མཆོག་གིས་སྐྱབས་རྗེ་རྡོ་རྗེ་འཆང་འཁྲུལ་ཞིག་རིན་པོ་ཆེ་ལ་ཡང་དེ་འདྲ་ཞིག་བྲིས་གནང་བའི་རེ་བ་དང་བཀུལ་མ་ཡོད་ལགས།
མཆན་དངོས་རྒྱག་སའི་སྒོ་གཏན་པ་ཡིན་ནམ་གང་ལྟར་དེར་མཆན་རྒྱག་ཐུབ་ཀྱི་མི་འདུག་པས་དགོངས་འགལ་མེད་པར་འདིར་བརྗོད་བྱ་འདི་དང་མ་འབྲེལ་བའི་མཆན་ཞིག་འགོད་ཆོག་པར་ཞུ། མཁན་མིང་ལ་དགའ་བའི་རྒྱོས་པའི་རྡོ་མཇེས་ཟེར་ན། རྡ་རམ་ས་ལའི་དགེ་ལུགས་པའི་གཞུང་གིས། ༼གདོན་གཟུགས་བོན་གྱི་བསྟན་པ་སྣུབས།༽ ཞེས་པ་ཞིག་གཞུང་འབྲེལ་ཐོག་ནས་བཏོན་དང་འདོན་བཞིན་ཡོད་རབས་བཤད་པ་འདི་དངོས་བདེན་ཡིན་ན། བོན་པོ་ཚོས་ངེས་པར་དུ་ཤེས་དགོས་ལ། ལྷག་པར་དུ་བོན་པོའི་སྤྱི་འཐུས་དག་གིས་མཁྱེན་དགོས། དེ་བས་བོད་ནང་དུ་ཡོད་པའི་བོན་པོ་རེ་བ་ཅན་ཚོས་ཅི་བས་ཀྱང་མཁྱེན་དགོས། གང་ལགས་ཟེར་ན། འདི་ནི་དགེ་ལུགས་གཞུང་གིས་གྲུབ་མཐའ་སྒེར་ལ་གཞུང་འབྲེལ་གྱིས་ཐུབ་ཚོད་གཉའ་སྣོན་བྱས་པ་ཡིན་ཞིང་། རྒྱ་མིས་ཀྱང་འདི་འདྲ་དམིགས་བསལ་བོན་པོ་ལོགས་སུ་བཀར་ནས་བྱེད་མྱོང་མེད། བོད་དུས་ལོག་དུས་ཀྱང་བོན་པོའི་བླ་དཔོན་མང་པོ་ཕྱི་ཡུལ་དུ་གྱར་མེད་ཅིང་། དེ་ཚོས་རང་གི་ལྷ་འབངས་ལའང་ང་ཚོ་བོན་པོ་ལ་མཚོན་ན་རྒྱ་མི་ལས་དགེ་ལུགས་འདི་ཚོ་སྡུག་གི་རེད་ཅེས་བསླབ་བྱ་བརྒྱབ་མྱོང་བ་དངོས་ཡོད་ཙམ་མིན་པར་ད་སྐབས་ཡིག་ཐོག་གི་ལོ་རྒྱུས་སུའང་མཇལ་རྒྱུ་འདུག་པས། ད་ནི་དེ་ཚོ་ཅིས་མ་བདེན་སྙམ་པ་བྱུང་། ད་ནི་དངོས་གནས་བོན་པོ་ཚོ་གཉིད་སད་རན་འདུག ནུབ་ཕྱོགས་ཕྱི་རྒྱལ་ཡུལ་དུ་བོན་པོའི་ཆོས་ཚོགས་མང་པོ་ཡོད་རབས་འདུག་པས། དེ་དག་ཏུ་གནས་ཚུལ་འདི་རིགས་གདུང་སེམས་མཉམ་སྐྱེས་ཡོང་ཕྱིར་སྤེལ་དགོས། བོད་དུ་ཡོད་པའི་བོན་པོ་རེ་བ་ཅན་ཚོ་ལའང་ངེས་པར་དུ་བརྡ་ལན་སྤྲད་དགོས། ངས་ནི་དེང་སང་རྡ་སའི་དགེ་ལུགས་གཞུང་གིས་ཆོས་ལུགས་རིས་མེད་ཡིན་ན་གཅིག་མང་པོར་བགྲང་གིན་འདུག་པས། དངོས་གནས་ཡིན་ནམ་བསམ་ཡོད། དེ་ལྟར་མིན་པར་རྒྱོས་པའི་རྡོ་མཇེས་བཤད་པ་རྣམས་བདེན་ན། ང་དགུའི་རྗེས་སུ་བོན་རྣམས་ཡུལ་བྱོལ་དུ་སླེབས་པ་ནས་བཟུང་། དགེ་གཞུང་འདིས་བོན་པོ་ག་ཚོད་དམར་གསོད་བཏང་ཡོད་པ་འཛམ་གླིང་མི་དམངས་ཀྱིས་ཤེས་དགོས། བོན་བླ་ཚུལ་ཁྲིམས་ཉི་མ་དཀྲོང་སྟངས་འཇིགས་ཡེར་བ་དེ་གཅིག་པུ་ཐོས་ན་ང་ཚོའི་ཁྲག་འཁོལ་གྱིན་འདུག ཕྱི་རྒྱལ་ཞིབ་འཇུག་པ་ཞིག་གིས་སྐུ་སྲོག་བསྐྱབས་མེད་ན་སྨན་རིའི་ཁྲི་འཛིན་ཡང་དགེ་གཞུང་འདིས་དཀྲོངས་ཚར་ཡོད་པ། ད་དུང་བཀྲོངས་ཟིན་པའི་བོན་བླ་གཞན་རྣམས་རིམ་པས་བཤད་ཆོག རྒྱོས་རྡོར་འདིས་བོན་རྣམས་བསྟན་པའི་ཆོམ་རྐུན་ཡིན་རབས་ཤིག་བྲིས་ཡོད་པའི་ཁ་ཕོ་སྒྲོག་པ་ནི་སྟོང་སྐད་རང་རེད་དེ། དགེ་གཞུང་གིས་ལྔ་བཅུ་ང་དགུའི་རྗེས་སུ་བོན་པོ་ག་ཚད་དམར་གསོད་བཏང་ཡོད་རབས་ཀྱི་སྐོར་ཞིག་བོན་པོ་ཚོས་ད་ནི་འབྲི་རན་ཡོད་ས་རེད། ལྷག་པར་གཞུང་འབྲེལ་ནས་༼གདོན་གཟུགས་བོན་གྱི་བསྟན་པ་སྣུབས་༽ཟེར་བ་སོགས་འདོན་གྱི་ཡོད་ན་ངེས་པར་དུ་འབྲི་དགོས་པ་རེད། རྒྱུ་མཚན་ནི་ཁ་ནས་འདོན་པ་ཙམ་མིན་པར་ལག་བསྟར་གྱིས་བོན་རྣམས་དམར་གསོད་བྱེད་ཀྱི་ཡོད་པས་སོ། །
གདོན་གཟུགས་བོན་གྱི་བསྟན་པ་སྣུབས། །ཅེས་པ་ནི། སྔར་དུས་སུ་བོན་གཟུགས་སུ་གདོན་གྱི་བསྟན་པ་ཅིག་ཡོད་ན་དེ་ནུབ་དགོས་པ་དང་། དེང་དུས་སུ་གདོན་གཟུགས་སུ་ཡོད་པའི་དོལ་རྒྱལ་གྱི་བསྟན་པ་ནུབ་དགོས་པ་བཞིན་ནོ། །
ཨ་རོགས། ཤཱཀྱ་མི་བོ། ང་གཏུམ་ཆེན་ནི་མཁན་ཆེན་དཔལ་དགྱེས་གཏན་ནས་མིན། དེར་མ་ཟད་ཁྱོད་ཀྱིས་མཁན་ཆེན་དཔལ་དགྱེས་རེད་ཟེར་བ་ཚོའི་ནང་གི་རིག་པའི་རྡོ་རྗེ་དང་། དྲི་མེད་ལྷག་བསམ། པདྨ་གེ་སར་གསུམ་ཀ་མཁན་ཆེན་དཔལ་དགྱེས་མ་རེད། རིག་པའི་རྡོ་རྗེ་དང་ང་ཚོ་སྡོད་ས་ཐག་ཉེ་བོ་ཡིན་པ་དང་། དྲི་མེད་ལྷག་བསམ་ཡང་ངས་ངོ་ཤེས་པའི་ངོ་ཤེས་རྙིང་པ་ཞིག་ཡིན། པདྨ་གེ་སར་གྱི་དངོས་མིང་ངོ་མ་འདིར་བཀོད་འདོད་མེད་ཀྱང་། ཁོ་རང་སྒེར་གྱི་ངོ་དེབ་ཐོག་ནས་ང་སྒེར་གྱི་ངོ་དེབ་ཐོག་ཏུ་དོན་མེད་ལ་ཟུར་བྱས་པས་ངེད་ངེད་གཉིས་རྩོད་པ་ཡང་ཤོར་མྱོང་། ད་སྐབས་ཡོ་རོབ་ཕྱོགས་སུ་སྡོད་པའི་མཁན་པོ་ལོ་ཆུང་ཞིག་རེད། དེས་ན་ངས་མཁན་ཆེན་དཔལ་དགྱེས་དང་། རིག་པའི་རྡོ་རྗེ་དང་། དྲི་མེད་ལྷག་བསམ། པདྨ་གེ་སར་བཞི་པོ་ངོ་ཤེས་ཀྱི་ཡོད། ང་ཐེ་བའི་གང་ཟག་ལྔ་པོ་གང་ཟག་སོ་སོ་བ་རེ་རེ་རེད་ལོ། ངས་སྐད་ཆ་འདི་བདེན་པ་ཡིན་མིན་མ་མཐའ་ཡང་ཁ་བརྡ་དྲ་རྒྱ་སང་གི་ལས་འཛིན་པ་ཚོས་གསལ་བོར་ཤེས་ཀྱི་རེད། གང་ཡིན་ཟེར་ན་ཁ་བརྡ་དྲ་ཐོག་ཏུ་མཆན་འགོད་མཁན་ཚོ་རྒྱལ་ཁབ་གང་དང་། ས་གནས་གང་དུ་ཡོད་སོགས་དྲ་ལམ་ཨང་རྟགས་ཀྱིས་གསལ་བོར་ཤེས་ཀྱི་རེད། དྲ་རྒྱ་ལ་ལས་ཐོག་ནས་མི་ཤེས་ཡང་ཁ་བརྡ་སང་གི་དྲ་རྒྱ་འདིའི་ཐོག་ནས་ཤེས་ཀྱི་རེད། ཡིད་མ་ཆེས་ན་ཁོང་ཚོ་ལ་དྲིས་ཤོག ཁྱོད་དྲ་རྒྱ་ལ་ཆ་རྒྱུས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་ཁྱོས་ཀྱང་ལོས་ཤེས། དཔེར་ན་ཁར་ཉིན་ཀླུ་སྨྱོན་གྱིས་ཕུག་རོན་ནད་པ་ཞིག་དང་ངའི་སྙིང་རྗེའི་འཁྲབ་སྟོན་ལས་འཕྲོས་པ་ཟེར་བའི་ནང་དུ། བསམ་པ་ཟེར་བ་དང་ཤར་རལ་གྲི་ཟེར་བ་གཉིས་གྱིས་མིང་རྫུན་བཀོལ་ནས་ཁོང་ལ་མཆན་བཏབ་པ་ལ་ཁོང་གིས་ངོ་ཚ་ཇི་ཙམ་གཏད་འདུག ཐ་ན་ལས་ཁུང་གང་གི་དྲ་ལམ་བེད་སྤྱོད་བཏང་བ་ཡང་ཤེས་འདུག་ག ད་དུང་ཁྱོད་ཀྱིས་༼༼༼ ཀླུ་སྨྱོན་ཧེ་རུ་ཀས་བོན་ཆོས་རྙེད་པའི་བརྒྱུད་རིམ་ཞེས་པའི་འོག་ཏུ་ཁོས་གཏུམ་ཆེན་རྡོ་རྗེ་མེ་འབར་གྱི་མིང་ཐོག་ནས་མཆན་༣༥པ་བཀོད་པ་དེ་ཉིད་སྣང་མེད་ངང་ཧ་ལམ་གཅིག་མཚུངས་ཤིག་སྐབས་འདིའི་སྤོབས་མཐའི་ཟོག་གླུའི་འོག་གི་མཆན་༦པར་པདྨ་གེ་སར་གྱི་མིང་ཐོག་ནས་འགོད་ཉེན་ཤོར་ཡོད།༽༽༽ ཟེར་བ་དེ་ཡང་བདེན་པ་མ་རེད། ཀླུ་སྨྱོན་ཧེ་རུ་ཀས་བོན་ཆོས་རྙེད་པའི་བརྒྱུད་རིམ་གྱི་འོག་ཏུ་འབྲི་མཁན་དེ་ང་ཡིན། དེ་རིང་སྤོབས་མཐའི་གླུའི་འོག་ཏུ་མཁན་ཆེན་དཔལ་དགྱེས་ཀྱིས་ངའི་ཚིག་དེ་ལུང་དྲངས་འདུག ད་དུང་རྡོ་རྗེ་འཆང་གི་གསུངས་དངོས་འདྲ་བ་དེ་འདི་རེད། ཇི་སྐད་དུ་ཞེས་བྲིས་འདུག་པ་མ་མཐོང་ངམ། རང་དང་ལྟ་བ་མི་མཐུན་པ་ཐམས་ཅད་མི་གཅིག་ཟེར་ན་བྱབ་ཆུང་གི་སྐད་ཆ་རེད། ཁྱོད་ཚོས་མ་ཎི་དང་སིདྡྷི་ཏཱ་རེ་སོགས་ལོག་འགྲེལ་བྱས་པ་ལ་ལྟོས་དང་། མི་བཞི་ལྔ་ཞིག་གི་མ་ཚད་ས་ཡ་ཁ་ཤས་ཀྱིས་གཤེ་སྨོད་དང་ངོ་རྒོལ་བྱེད་ན་ཐང་ཀོ ཡིན་ན་ཡང་ཁྱོད་ཚོ་རླུང་རྟ་རྒྱུག་པ་ཞིག་ལ་དྲ་ཐོག་ཏུ་མི་ཉུང་ཤས་ཤིག་མ་གཏོགས་མེད་པ་དེ་རེད། མི་ཉུང་ཤས་དེའི་ནང་ནས་ཀྱང་ཕྱེད་ཀས་བསྡིགས་ཀྱིན་ཡོད་ན་རང་ཉིད་མ་འགྲིག་པ་ཡིན་ངེས་པས་ད་ཨུ་ཚུགས་བྱེད་རྒྱུ་ལས་དགོངས་དག་ཞུས་ན་མི་དགའ་འམ།
གོང་གི་མཆན་དེ་ཁར་སང་སྤོབས་མཐའི་གླུའི་འོག་ཏུ་བྲིས་པ་ཡིན་ཡང་དྲ་ལམ་ལ་སྐྱོན་ཤོར་བས་གཏོང་ཐབས་མ་བྱུང་། དེ་རིང་སྤོབས་མཐའི་གླུའི་འོག་ཏུ་མཆན་རྒྱག་ས་བཀག་འདུག་པས་འདིར་བརྒྱབ་པ་ཡིན། ཤཱཀྱ་མོ་བོ་ལོ་ལོ། ད་ཁོང་ཁྲོ་མ་བྱེད། ༼གདོན་གཟུགས་བོན་གྱི་བསྟན་པ་སྣུབས་༽ཟེར་བ་འདི་རྡ་རམ་ས་ལའི་གཞུང་གིས་བཏོན་ནས་ལོ་ལྔ་བཅུ་ལྷག་བརྒལ་ཟིན་པ་རེད། བོན་པོའི་སྤྱི་འཐུས་ཚོས་ཀྱང་འདོན་མཚམས་འདི་ལ་སླེབས་དུས་རྣ་བ་བཀབ་ནས་མགོ་བཏུམ་འཇོག་གི་མེད་ན་ཚར་སྟོང་ཕྲག་སྐྱོར་ཚར་ཡོད་ཁོ་ཐག་ཡིན་པས། ད་སོ་མ་ཤཱཀྱ་མོ་བོ་ཟེར་བ་ཞིག་གིས་གསར་བ་ཞིག་གོ་བཏང་མདོག་མ་བྱེད། འོན་ཀྱང་སྐད་ཆ་འདི་བཤད་མཁན་ང་གཏུམ་ཆེན་ཡིན་པ་ལས་མཁན་ཆེན་དཔལ་དགྱེས་མིན། དཔལ་དགྱེས་དབྱིན་ཡུལ་ན་ཡོད་རེད། ང་ཝ་ཤིན་ཊོན་གྱི་འཁྲིས་ན་ཡོད། ཁ་བརྡ་སང་གིས་ཤེས་ཀྱི་རེད་ལོ། ད་ཁོང་ཁྲོ་མ་བྱེད་པར་ཇ་ཞིམ་པོ་ཞིག་འཐུང་ལ་ངལ་གསོས། གཅེས་ཕྲུག་ཁྱོད་ཚེ་རིང་ལོ་བརྒྱ།
འོ་དགོངས་དག ཤཱཀ་རྒན་མོ་བོ་ལ་ད་དུང་སྒྲུང་ཞིག་ཤོད་རྒྱུར། འཇུ་མི་ཕམ་གྱིས་བྲིས་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་དེ་ཡང་རྡ་ས་ན་འདོན་གྱི་འདུག དེའི་ནང་ན་ཡང་། འཕགས་པའི་ཡུལ་དང་བསིལ་ལྡན་སོགས་གནས་བདག་ཏུ་ལྟ་བའི་རི་སུལ་བརྟེན་པ་བོན་དང་མི་སྟེགས་རི་དྭགས་ཚོགས།། གང་གི་མཚན་ཙམ་ཐོས་པས་རྣམ་པ་སྟོང་དུ་འཇིག་མཛད་འཇིགས་མེད་སྨྲ་བའི་སེང་གེ་གང་དེ་རྒྱལ་གྱུར་ཅིག། ཟེར་བ་ཞིག་ཀྱང་འདུག ངས་ཀྱང་དེ་རིང་འདི་བློ་ཐོག་ནས་བྲིས་པ་ཡིན། ཨེ་ད་ཁྱོད་ཁོང་ཁྲོ་ཟོས་ཀྱང་ཅི་ཡང་བ་རྒྱུ་མ་རེད་ཀོ ཁ་དཔེ་ལ་ཡང་། སྤྲང་པོ་ལྟོགས་མཆིན་ན་རུང་ཅི་ཟ།། གཉོམ་ཆུང་ཚིག་པ་ཟོས་ཀྱང་སུ་ཐུབ་ཟེར་བ་མིན་ནམ། ཧ་ཧ་ཧ་ཧ། ཡ་ཡ། ད་ཇ་འཐུང་ཇ་འཐུང་།
གཏུམ་ཆེན་ལགས།
ད་དེ་འདྲ་བཤད་ན་ཕན་ཐོགས་ཨ་ཡོད་བསམ།
བན་དེ་ཡིས་དགྲ་བཟློག་ག་ཚོད་ཅིག་རྒྱབ་མེད། དགྲ་བོ་རྒྱ་དམར་གྱི་གཙོས་པའི་ཕ་རོལ་རྣམས་ལེགས་སུ་ལེགས་སུ་ཕུན་སུམ་ཚོགས་སུ་ཚོགས་སུ་འགྲོ་གི་མིན་འདུག་གམ།
ད་ཆ་འཛམ་གླིང་ནང་ནས་དཔལ་འབྱོར་གྱི་ཨང་གི་གཉིས་པར་སླེབ་ཡོད་འདུག
དེ་བན་དེ་བ་ཚོས་བཟློག་པ་དང་དམོད་ངན་རྐྱང་རྐྱང་རྒྱབ་པ་ལ་བརྟེན་ནས་བྱུང་བ་རེད་སྙམས།
ཤ་ཚ་ཁག་མེད་སྤོ་པོས་ཐུབ་ས་རྨོ་རྨོ།
བན་དེ་བས་ཐུབ་ས་བོན་པོ། ལས་རྒྱུ་དེ་ལས་གང་ཡོད། དམོད་ངན་དགྲ་བཟློག་བྱེད་ན་བསྟན་དགྲ་རྒྱ་དམར་ལ་གྱིས་དང་ཁྱེད་ཚོས་བྱེད་རྒྱུ་ཡོད་ཚད་བྱས་ཟིན་པ་རེད་དེ་གང་ཡང་མ་བྱུང་ནས་ནང་ཁུལ་དུ་མཐུ་བྱད་ཟུག་ནས་བསྡད་ཡོད་པ། ལྟོས་དང་དགའ་ལྡན་ཁྲི་ཟུར་གྱི་གང་བྱེད་ཀྱི་འདུག་གམ། ཁྱེད་ཚོ་ལ་དགོས་པ་དེ་རེད། སྔར་ཤཀ་ཐུབ་ཀྱི་བསྟན་པར་ཆོས་ལུགས་གཅིག་ཆོས་རྒྱུད་གཅིག་བྱུང་བ་རེད། དེ་ནས་བོད་ཕྱི་ནང་གི་ཆོས་རྒྱུད་མི་འདྲ་བ་སྣ་ཚོགས་བྱུང་བ་རེད། རྙིང་མ་བ་ཚོར་དགོན་པ་གཅིག་གི་ནང་དུ་ཞི་ཁྲོའི་ཆོ་ག་ཞིག་འདོན་དགོས་ན་ཞི་ཁྲོ་ཐེང་མ་བཞི་ལྔ་ཞིག་འདོན་དགོས་པ་རེད། དེ་དུས་དབུ་མཛད་དང་ཆོས་དཔོན་བླ་མ་སོགས་ཀྱང་བརྗེ་དགོས་པ་རེད། དེ་ནས་བོད་རང་ས་ལའང་ཆོས་རྒྱུད་བཞི་ལྔ་ཞིག་བྱུང་བ་རེད། ་དེ་ནས་བཀའ་རྒྱུད་པར་བརྒྱད་ཙམ་བྱུང། དེ་ནས་ས་སྐྱ་བ་ལ་ག་ཚོད་ཅིག་བྱུང་མི་འདུག་གམ། ས་ངོར་ཚ་གསུམ་ཟེར་ཡ་འདྲ་བོ། ་དེ་ནས་དགེ་ལུགས་ལ་གསར་མ་ཞེས་བརྗོད་ཀྱང་ཡང་དགེ་གསར་དང་དགེ་རྙིང་ལས་སོགས་ག་ཚོད་བྱུང་འདུག ཡང་ཤུགས་ལྡན་བསྟེན་མཁན་དང་མི་བསྟེན་མཁན་ཟེར་ཡ་འདྲ་བོ། པཎ་ཆེན་ཕྱོགས་གཏོགས་དང་༸གོང་ས་མཆོག་གི་ཕྱོགས་གཏོགས་ཟེར་ཡ་འདྲ་བོ། དགོན་ཆུང་རེ་ལ་བླ་མ་རེ། བླ་མ་རེ་ལ་ལུགས་སྲོལ་རེ། ཧཧཧཧཧཧ་བོད་བླ་མའི་ཆོས་ལུགས་ཟེར་བ་དེ་འདྲ་ལ་བརྟེན་ནས་བྱུང་བ་རེད། ་ཆོས་ལུགས་བཙོག་པ། ད་སུས་ཡི་རྗེས་སུ་འབྲེང་དགོས་པ་རེད། ང་བདེན་ཁོ་རྫུན་ཟེར་ཡ་འདྲ་བོ་རི་འགོ་ཐོན་པོའི་རྩེ་ནས་བྱ་སྤaུ་རླུང་གིས་གཏོར་བ་བཞིན་ཁག་ཁུག་ཚང་མར་ཆོས་རྒྱུད་རེ་གསར་དུ་བཙུགས་པ་ལ་བརྟེན་ནས་ང་བན་དེར་ཡིད་ཐང་ཆད་སོང།
ད་བོན་པོ་བྱེད་འདོད་པ་ཞིག་ཡོང་གི་འདུག རང་མི་རིགས་ཀྱི་ཆོས་ལགས། ་རང་མི་རིགས་ཀྱི་ལྟ་གྲུབ། ་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས། ཕ་མྱེས་ཡབ་མྱེས་ཀྱི་ཆོས་ལུགས་ལྟ་གྲུབ་དེ་ཚོ་བུ་ཕྲུག་ཚ་ཕྲུག་ང་ཚོས་བདག་པོ་མ་བརྒྱབ་ན་སུས་རྒྱབ་ཡོང་གི་རེད། ་ཧིན་དྷུའི་ཆོས་དང་རིག་གཞུང་དེ་ཚོ་ང་ཡི་བློ་ལ་ནམ་ཡང་འཐད་པོ་ཡོང་གི་མི་འདུག རང་གི་ཕ་མྱེས་ཡབ་མྱེས་ཀྱི་ལྷ་དང་སྲུང་མ་ཆོས་ལུགས་ལྟ་གྲུབ་ཐམས་ཅད་རྒྱབ་ཏུ་དོར་བ་ལ་བརྟེན་ནས་བོད་ལ་བཀྲ་མི་ཤིས་པའི་ལྟས་སྣ་ཚོགས་པ་འདི་སྨིན་པ་རེད་འདུག མ་གཞི་ནས་གསང་སྔགས་ཀྱི་གཞུང་ནས་ཡི་དམ་སྤོང་ལེན་བྱེད་པ་ཐོལ་ལོར་བཤགས། ་ཞེས་པ་ཡི་དམ་ལ་སྤོང་ལེན་བྱས་ན་གསང་སྔགས་ཀྱི་དམ་ཚིག་དང་འགལ་འགྲོ་གི་ཡོད་པ་ང་ཚོས་ཤེས་དགོས། ད་ངོ་སྤྲོད་བྱས་ཡོད། རང་གི་ཕ་མྱེས་ཡབ་མྱེས་ཀྱིས་བརྟེན་པའི་ལྷ་བསྲུང་དེ་དག་རིང་དུ་མ་དོར་རོགས། གཞི་ནས་བོད་ལ་བདེན་པའི་ཉི་མ་ཤར་ཡོང་གི་རེད།
ཨ་ཁུ་གླུ་སྨྱོན་གྱི་སྙན་ངག་འདི་ཕུལ་དུ་བྱུང་བ་ཞིག་རེད། བློ་ལ་བབས་སོང་། རྗོད་བྱེད་དང་དང་བརྗོད་བྱ་གཉིས་ཀའི་ཐད་ནས་འུར་བསྟོད་ཙམ་རེད་མི་འདུག ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་ནི་མདོ་སྨད་ན་མིང་དུ་གྲགས་པའི་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་ཆེན་དམ་པ་ཞིག་རེད། ལྷག་པར་དབང་ལུང་ཁྲིད་རྒྱུན་དང་མན་ངག་མཐའ་ཡས་བ་ཐུགས་ལ་མངའ་ཞིང་། རིས་མེད་ཀྱི་བསྟན་པ་ལ་གཅེས་སུ་སྐྱོང་བའི་སེམས་དཔའ་ཆེན་པོ་ཞིག་ཡིན་སྟབས་ཀུན་གྱིས་དད་གུས་ཀྱི་མེ་ཏོག་འཐོར། ཁྱད་པར་རིག་གནས་གསར་བརྗེའི་རྗེས་སུ་མདོ་སྨད་ཀྱི་ཡུལ་འདིར་བསྟན་པ་སླར་གསོ་ལ་མཛད་རྗེས་གཟེགས་སུ་མཐོ་བ་བཞག་གནང་མཁན་ཞིག་ཡིན་ལ། ཀུན་གྱི་ཁ་ན་རླུང་ལྟར་དུ་གྲགས་པ་བླ་མ་ཁོང་ནི་དགོངས་གྲངས་དགུ་བཅུ་ལྷག་བཞུགས་ནས་བསྟན་པ་དང་འགྲོ་དོན་དཔག་མེད་བསྐྱངས་མྱོང་།
བན་དེ་བ་ཁྱོད་བདེན་པ་རེད། ཡིན་ན་ཡང་བོན་པོ་ལ་དམོད་ངན་གཏོང་བ་ཟེར་ན་དེ་འགྲིག་གི་མ་རེད། དམོད་ངན་མ་རེད། གོང་དུ་ངས་དྲངས་པའི་ལུང་རྣམས་ལོ་རྒྱུས་ཚིགས་བཅད་ཙམ་རེད། དཔེར་ན་༼གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་༽ཟེར་བ་དེ་སྔར་བསྣུབས་པ་རེད་ཟེར་གྱི་ཡོད་རེད་མ་གཏོགས། ད་ནུབ་པར་ཤོག་ཟེར་གྱི་ཡོད་ནི་མ་རེད། དེར་བརྟེན་དམོད་ངན་མ་རེད། ལར་བོད་ལ་ཆོས་ལུགས་མང་དྲགས་པའི་རྐྱེན་གྱིས་ཁྲག་གི་ཡུར་ཆུ་འཐེན་མྱོང་བ་དེ་ཁྱོད་བདེན། ཡིན་ན་ཡང་བྱེད་ཐབས་ཅི་ཞིག་ཡོད། ད་དུང་བོན་པོས་ཅི་ཡང་མི་བྱེད་ཀྱང་། ཉི་མ་གཅིག་ལ་དོལ་ཚོགས་འདིས་ཅི་བྱེད་ཡོང་ཤེས་ས་མ་རེད།
ཤཀྱ་རྨོ་བོ་ད་བཟོད་པ་སྒོམས། བཟོད་པ་སྒོམས། སྔོན་མ་ང་ཚོས་རྩོད་པ་རྒྱག་དུས་བོན་ཀྱི་ལུགས་འདི་ལྟ་བ་ཡས་འབུབས་དང་སྤྱོད་པ་མས་འཛེགས་ཡིན་ནམ་ཞིག་ཡིན་ཟེར་ནས་ངོམ་ངོམ་ཞེད་པོ་ཞིག་བྱས་སོང་། ད་ཡིན་ན་ལྟ་བ་ཡས་དབུབས་ཚོ་མ་འཇོན་ན་ཡང་སྤྱོད་པ་མས་ནས་རེ་འཛེགས་ཐུབ་ས་མ་རེད་པས། ཁྱེད་ཚང་གི་གཞི་སྙིང་རྗེ་ཆེན་པོ་དང་། ལམ་ཕ་རོལ་དུ་ཕྱིན་པ་བཅུ་ཡིན་ནམ་དེའི་ནང་དུ་བཟོད་པའི་ཕ་རོལ་དུ་ཕྱིན་པ་མེད་པ་རེད་དམ་རང་ཉིད་དང་ལྟ་བ་མི་མཐུན་མཁན་ཚོ་ལ་སྙིང་རྗེ་དང་བཟོད་པ་སྒོམ་མི་དགོས་པ་རེད།
ག་པ་ག་པ། ཤཱཀ་སྐྱབས་རྨོ་བོས་བཟོད་པ་སྒོམ་གྱི་མ་རེད། ད་དུང་ཁར་སང་ལ་སྟོད་བུས་ཁ་བརྡ་སང་ལ་འཇིགས་སྐུལ་ནས་ཅིག་བྱེད་རྒྱུ་ཡིན་ཟེར་གྱི་འདུག ཁ་བརྡ་སང་ལ་ཅིག་བྱེད་རྒྱུ་ཡིན་ནམ་མཁན་ཆེན་སོགས་ལ་ཅིག་བྱེད་རྒྱུ་ཡིན་མི་ཤེས། རྩོད་པ་རྩོད་པ་རེད། སྐབས་རེ་ལྟ་གྲུབ་རྩོད་ས་ནས་ཚིག་གྱོང་པོ་རེ་ལོས་ཡོང་། ཡིན་ན་ཡང་འཇིགས་སྐུལ་བྱེད་པ་འདི་ལ་ངོ་མས་ཅིག་དགའ་གི་མི་འདུག བོན་པོ་ཚོས་དུད་འགྲོ་དམར་མཆོད་བྱེད་པ་མ་གཏོགས་མི་དམར་མཆོད་བྱེད་པ་གོ་མ་མྱོང་ཡང་། ད་མི་ཡང་དམར་མཆོད་བྱེད་རྒྱུ་ཡིན་ས་རེད་ཀོ བླ་མ་མཁྱེན། ངོ་མ་སྐྲག་ནི་ཟིག་རེད། ད་ HOME DEPOT ལ་ཁང་པའི་ནང་གཏན་སྲ་མོ་ཞིག་ཉོ་བར་འགྲོ་གི་ཡིན།
ལ་སྟོད་བུ་ཡིན་ནམ་ཞིག་གིས་བོན་པོ་འབུམ་ཕྲག་མང་པོའི་སེམས་ལ་གནོད་པའི་སྐད་ཆ་བཤད་མཁན་ཚོ་འགོག་དགོས་ཟེར་ནས་ཁ་བརྡ་ཚང་ལ་རྙོག་དྲ་བཤད་མདོག་བྱེད་དུས་ང་ནི་གད་མོ་ཞིག་ཤོར་སོང་། འདི་ན་ང་ཚོ་དྲ་འབུ་ཚོའི་སྐད་ཆས་རང་རང་གི་མགྲིན་ཚབ་པ་བྱེད་མི་ཐུབ་པའི་དཀའ་ངལ་ཡོད་དུས་ལ་སྟོད་བུ་འདྲ་བའི་དྲ་འབུ་ཞིག་གིས་བོན་པོ་འབུམ་ཕྲག་གི་ཚབ་ག་འདྲ་བྱ་རྒྱུ་ཡིན་ནམ།
བན་བོན་འཁྲུག་རྩོད་མ་བྱེད་པར། །
བན་བོན་ལག་གདངས་སྦྲེལ་ནས་འགྲོ །
བན་བོན་ཆགས་སྡང་མ་བྱེད་པར། །
བན་བོན་བོད་རིགས་གཅིག་པར་སོམས། །
པདྨ་གེ་སར་ལགས། བོན་པོའི་སྐོར་རྩོམ་ཞིག་བྲིས་ན་རྩོམ་གཞན་པ་ཚང་མ་ནག་བསུབ་ཏུ་འགྲོ་ཨེ་སྲིད། དེས་ན་གོང་ས་མཆོག་བོན་པོའི་དགོན་པར་ཕེབས་ནས་བོན་ཞྭ་མནབས་མྱོང་བས། དེའི་རྗེས་སུ་ཁོང་གིས་དབུ་ཞྭ་ག་རེ་མནབས་ན་ཡང་དེ་ལ་ངོས་ལེན་མེད་དམ། ཡང་ན་གོང་ས་མཆོག་དམིགས་བསལ་ཡིན་ཟེར་རྒྱུ་ཡིན། ཡིན་ན་ནི་དབུལ་བོས་བག་ལེབ་བཅག་ན་ཟ་སྲོལ་མེད། ཕྱུག་པོས་དཀར་ཡོལ་བཅག་ན་སྦྱོར་སྲོལ་ཡོད་ཅེས་པ་དེ་མིན་ནམ། ཡང་ན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མགར་བའི་ཁྱིམ་དུ་ཕེབས་ཏེ་གསོལ་ཇ་བཞེས་མྱོང་བས་ཁོང་གི་གསོལ་ཕོར་དེ་ཡང་མི་གཙང་བར་གྱུར་པ་རེད་དམ། གོང་ས་མཆོག་བོན་དགོན་དུ་ཕེབས་ཏེ་བོན་ཞྭ་མནབས་པ་དང་པཎ་ཆེན་མཆོག་མགར་ཁྱིམ་དུ་ཕེབས་ཏེ་གསོལ་ཇ་བཞེས་པ་འདིས་དོན་ངོ་མར་ང་ཚོར་ཅི་ཞིག་སྟོན་གནང་མཛད་་ཡོད་པ་རེད། ཡང་ན། རྒྱལ་བས་བོན་ཞྭ་མནབས་པར་ངོས་ལེན་ཡོད། །ཀླུ་སྨྱོན་བོན་རྩོམ་བྲིས་པར་ངོས་ལེན་མེད། །པཎ་ཆེན་མགར་ཇ་བཞེས་པར་ངོས་ལེན་ཡོད།། །ཀླུ་སྨྱོན་དེ་འདྲ་བྱས་ན་ངོས་ལེན་མེད། །ཟེར་རྒྱུ་ཡིན་ནམ།
གཏུམ་ཆེན་རྡོར་རྗེ་ལགས།
མི་དམར་མཆོད་ཕུལམཁན་བོན་པོ་ཡིན་རྒྱུ་མ་རེད།
ཁྱེད་རང་མནོ་བསམ་གཏོང་དང་ག་ལེར་དྲན་གསོས་ཡོང།
བན་དེའི་གྲྭ་སར་མི་དམར་མཆོད་ལ་བཏང་མེད་དམ།
དྷ་སར་དགེ་ལུགས་ཚང་གི་བླ་མ་བན་དེ་ཡིས་དམར་མཆོད་བཏང་མེད་དམ། མཚན་ཉིད་རྒན་ལགས་སུས་དམར་མཆོད་དུ་བཏང་བ་རེད་དམ། དེ་དམར་མཆོད་གཏོང་མཁན་བོན་པོ་རེད་དམ།
དྷོར་པ་ཌན་དུ་ཡོད་པའི་བོན་པོའི་བླ་མ་ཚུལ་ཁྲིམས་ཉི་མ། དེ་ཉིད་སུས་དམར་མཆོད་བཏང་བ་རེད། ་གོང་དུ་དྲ་གྲོགས་ཤིག་གིས་བྲིས་འདུག་པས་གཟིགས་རོགས།
གུང་ཐང་ཚུལ་ཁྲིམས་སུས་དམར་མཆོད་བཏང་བ་རེད་དམ། ལྷ་སྲས་དར་མ་སུས་དམར་མཆོད་བཏང་པ་རེད་དམ།
རྐུན་མ་ཧམ་ཆེན་གྱིས་མི་གསོད་ཅེས་པ་དེ་ཅིས་མི་བདེན།
-ཧ ཧ བོན་པོ་སྐོར་བཤད་པ་དེ་ཁྱོད་ཀྱིས་བདེན་པ་ཡིན་ནམ་བརྫུན་ནམ་ཀུ་རེ་ཡིན། བདེན་པ་ཡིན་ན། ཁྱོད་རང་དྲང་ངེས་དང་བདེན་བརྫུན་མི་ཤེས་པ་འམ་སྒྲོ་བཏགས་ཀྱིས་སྙན་ངག་ཙམ་རེད། ཡ་ཡ། ད་དམངས་གཙོ་ཟེར་བ་དེ་ཅི་མ་བདེན། རེད། རེད། ༧གོང་ས་ཁྱེད་གཉིས་འདྲ་འདྲ་འདྲ་ཞིག་ཡིན་འདོགས་བཤད་བཞག མི་འགྲིགས་ཀྱི་མི་འདུག རེད་ཡ། པན་ཆེན་བཅུ་བ་རྒྱ་ཡིས་ཞྭ་ནག་དང་བོན་གྱི་རྫུན་ཞྭ་དེ་བཙན་གྱིས་གོང་སར་ཀོན་པས་རྒྱ་དང་བོན་པོ་ཡིན་དགོས་ནི་མ་རེད། ཁྱེད་ཚོས་སྙིང་གི་བླ་མ་ཀརྨ་པ་ཨོ་རྡོས་ཨ་རི་ནས་དམག་ཞྭ་གྱོན་ཀྱང་ཁོ་དམག་མི་རེད་མི་འདུག་གྰ། ཧ ཧ དེ་འདྲའི་རིགས་པ་ངར་བ་ལ།
གཤིན་འདྲེ་ཁོག་བཞུགས་གཏུམ་ཆེན་ལགས།
ངས་ཁ་བརྡ་ཚང་ལ་འཇིགས་བསྐུལ་བྱས་འདུག་དང་། འབོད་བསྐུལ་ཞུས་འདུག་སྣ་གཉེར་མིག་བགྲད་རྒྱུད་རབ་ཏུ་གཏུམ་ནས་མི་ལྟ་བར་ཡག་པོ་བྱེད་དེ་ལྟོས་དང་ངས་འཇིག་བསྐུལ་བྱས་ཡོད་མེད་དེ་ནས་ཤེས་ཐུབ།
འཇིག་བསྐུལ་ཁྱེད་ཚོས་བྱེད་ཀྱི་འདུག་ག གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་ཅིག་ཟེར་ཡ་འདྲ་བོ་ལྷ་འདྲེའི་ལུང་དུ་བསྟན་པ་དག་ལ་རྨོངས་དད་བྱེད་དེ་བསྡོད།
ས་སྐྱའི་བླ་མ་ཞིག་གིས་དབུ་མའི་ལྟ་གྲུབ་ཀྱི་གཞུང་ཞིག་ནས་་རྗེ་ཙོང་ཁ་བར་ཅི་ཞིག་བཤད་ཡོད་མེད་ཤེས་རྟོགས་ཡོད་དམ་མེད། ངས་ལུང་འདྲེན་ཁ་གསལ་བྱེད་དགོས་པ་འདུག་གམ། ད་དུང་རྙིང་མའི་ཆོས་གཞུང་ནས་རྗེ་ཙོང་ཁ་བར་ཅི་ཞིག་བཤད་ཡོད་མེད་ངས་ལུང་འདྲེན་ཁ་གསལ་འདིར་བཀོད་དགོས་པ་འདུག་གམ
ཁ་བཙུམས་ན་མ་གཏོགས་པདྨ་གེ་སར་དང་དཔལ་དགྱེས་སྤོབས་པ་མཐའ་ཡས་ཁྱེད་ཚོར་དགོས་པའི་ལུང་འདྲེན་ཡག་ཐག་ཆོད་ཅིག་འཛམ་གླིང་མི་མང་གི་སྤྱན་དུ་བསྟར་རྒྱུའི་གྲྭ་སྒྲིག་མ་ཐུབ་པ་དང་མི་ནུས་པ་ཞིག་གཏན་ནས་མིན་པས་མནོ་བསམ་དྲུག་སུམ་བཅོ་བརྒྱད་བཏང་ནས་ད་བར་ཁ་བཙུམ་ནས་བསྡད་ཡོད་པ་ཤེས་དགོས། ཁྱེད་ཚོས་བོན་པོར་སྡུག་རབས་བཤད་པ་དག་ཁྲོམ་བསྒྲགས་བྱེད་སྟངས་འདི་ཡིས་ངས་ཁ་བཙུམས་་ནས་བསྡོད་ཐབས་ཤིག་ཕལ་ཆེར་མི་འདུག ཁ་ནས་ཤོར་གྲབས་བྱེད་ཀྱིན་འདུག
བོན་པོ་ཚོ་བན་དེའི་མངའ་འོག་ཏུ་ནམ་ཡང་སྡོད་ཐབས་མེད། རང་བཙན་་་་་་ཆེས་རང་བཙན་་་་་རང་སྐྱོང་ལྗོངས་ལས་སོགས་དགོས་འདུན་བཏོན་རྒྱུའི་བསམ་བློ་ཞིག་མི་ཤར་མི་སྲིད་པ་མིན།
ཀླུ་སྨྱོན་ཁྱེད་རང་བཟོད་བསྒོམ་གནང་ན་ལེགས།
མི་འདི་རིགས་ཀྱིས་ཁྱེད་ཀྱི་སྲོག་ལའང་ཉེན་ཁ་བཟོ་སྲིད། མི་དེ་རིགས་ལྷ་ལུང་དཔལ་རྡོར་དང་མཚན་ཉིད་རྒན་ལགས་དང་གུང་ཐང་ཚུལ་ཁྲིམས་བཀྲོང་མཁན་གྱི་རྣམ་སྤྲུལ་མིན་པ་སུས་བཤད་ཐུབ།
ཀླུ་སྨྱོན་ཁྱད་ཀྱི་དགོངས་དོན་ཡིད་བཞིན་དུ་གྲུབ་ནས་ཉིན་ཅིག་མཁས་དབང་ནམ་མཁའི་ནོརབུ་་ཞེས་འབོད་པ་ཅི་བཞིན། མཁས་དབང་ཀླུ་སྨྱོན་རིན་པོ་ཆེ་ཞེས་སྒྲོགས་རྒྱུར་ཐེ་ཚོམ་མེད་པ་ཡིན། བདེན་པའི་རང་མདངས་རི་བོའི་རྩེ་ནས་འབར་གྱུར་ཅིག་གུ།
ཨོ་ཧོ་ཧོ། ད་རེས་བན་དེ་བས་ང་ལ་ཁ་གྲག་རྒྱུ་མེད་པ་ཞིག་བྱས་འདུག ད་ལན་ཇི་ལྟར་རྒྱག་དགོས་སམ། ཨ་ལ་རྩེད་མོ་ཡིན། བཞུགས་སྒར་ནས་རིག་སློབ་དགེ་བཤེས་དཀྲོངས་མཁན་དང་། གུང་ཐང་ཚུལ་ཁྲིམས་གསོད་མཁན་སོགས་བནྡེ་པ་མ་རེད། ཐ་ན་ནང་པ་ཡང་མ་རེད། ནང་པ་ཡིན་ན་མ་མཐའ་ཡང་སྐྱབས་འགྲོའི་བསླབ་བྱ་ལ་བརྩི་མཁན་ཞིག་དགོས། འདི་ཚོས་དམ་སྲི་འབྱུང་པོ་ལ་སྐྱབས་སུ་འཛིན་པའི་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་བསླབ་བྱར་མི་བརྩི། སེམས་ཅན་གྱི་སྲོག་གཅོད་པས་ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་བསླབ་བྱར་མི་བརྩི། གོས་ངུར་སྨྲིག་གྱོན་མཁན་དཀྲོངས་པས་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་བསླབ་བྱར་མི་བརྩི། དེས་ན་ཁོང་ཚོ་ནང་པ་མ་རེད། གང་ཡིན་ཟེར་ན་རྒྱུད་ལ་སྐྱབས་འགྲོ་མེད་མཁན་ནང་པ་མིན་ཞེས་ནང་པའི་གཞུང་རང་ནས་བཤད་ཡོད་རེད། ཁོང་ཚོ་ནང་པ་རྫུན་མ་རེད། དཔེར་ན་ཟི་ལིང་གི་ཇག་པ་ཚོས་ཉེན་རྟོག་པའི་གོན་རྒྱུ་གོན་ནས་ཚོང་བ་ཚོ་བཟུང་སྟེ་ག་ཤེད་ཅིག་ཏུ་ཁྲིད་འགྲོ་བ་ལྟ་བུ་རེད། ཡིན་ན་ཡང་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་གདོན་གཟུགས་ཀྱི་གྲལ་ཏུ་བརྩིས་ནས་ཕུད་པའི་བོན་པོའི་ལྟ་གྲུབ་དེ་བོན་པའི་རིང་ལུགས་ཨེ་རེད། དེ་ཡིན་ན་དམར་མཆོད་བྱེད་རྒྱུ་དེ་བོན་པོའི་ལྟ་གྲུབ་དངོས་ཡིན་པ་ལས་བོན་པོ་རྫུན་མ་མ་རེད། འོན་ཀྱང་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་གདོན་གཟུགས་ཀྱི་གྲལ་ཏུ་བརྩི་རྒྱུའི་བོན་པོའི་ལྟ་གྲུབ་དེ་བོན་པོའི་ལྟ་གྲུབ་དངོས་མ་རེད་ཟེར་རྒྱུ་ཡོད་ན་ཁྱོད་བདེན་རྒྱུ་བྱོས། བོན་པོ་དམར་མཆོད་མི་བྱེད་མཁན་ལ་བརྩི་ཆོག དེ་མིན་བོན་པོ་ངོ་མ་ཚོ་དམར་མཆོད་བྱེད་མཁན་རེད། དེང་སང་གི་བོན་པོ་ཚོ་བོན་པོ་ངོ་མ་མིན་པར་བནྡེས་ཆོས་ཀྱིས་ཚོས་ཁ་བསྒྱུར་ཚར་བ་རེད། ད་ང་ཚོ་ལ་ཨ་མྱེ་དྲིན་ཅན་ཟེར་ནས་བོས་ཤིག
ཀླུ་སྨྱོན་ཧེ་རུ་ཀ་མཆོག་གིས་རང་གི་རྩ་བའི་བླ་མའི་སྙན་དངགས་ཀྱི་ལམ་ནས་རྟོགས་བརྗོད་མཛད་པས་ཡིད་འཕྲོག་པ་བོད་རིག་གཞུང་ཉམས་སྨད་པའི་དུས་འདིར་དེ་འདྲ་རྩོམ་ཐུབ་པ་གངས་ཅན་རིག་གཞུང་ལ་གཅེས་པ་ཚང་མས་དགུ་བསུ་ཟོལ་མེད་ཞུ་དགོས་པར་སྣང་།
ཏིང་འཛིན་དཀར་པོའི་རོ། །དེ་རུ་དགེ་ཚོགས་ངང་པ་དཀར་པོའི་ཁྱུས། །ཀུན་བྱེད་ཆུ་མཚོའི་ཕང་པ་ཡོངས་གཏམས་པའི། འདི་དག་ལ་ལུང་སྐད་མ་ཤོར་བ་ལེགས་པར་སྣང་། གནག་སྣུམ་ཞིང་ས་གཤིན་པོའི་ཕང་བ་རུ། འདི་ལ་ལུང་སྐད་་ཤོར། ཚོགས་གཉིས་མུ་ཏིག་དཀར་པོའི་སྙིང་པོ་རུ། །འདི་དག་ལ་ལུང་སྐད་མ་ཤོར། དེ་སླད་གཙུད་ཕུད་རལ་བའི་མེ་ཏོག་ཕོན། ཤེལ༷་དཀར་ལུང༷་བའི་གཤོང་དུ་འཕྱུར་བ་ན། འདི་དག་ལ་ལུང་སྐད་ཤོར་བས། རལ་པ་ཞེས་དང་། ལུང་པ་ཞེས་དགོས་སམ་བསམ། ལེགས་བཤད་སྒྲེག་པའི་བསུང་ཞིམ་ནམ་མཁའི་ནགས། །སྒྲེག་པ་ཞེས་པ་ཟས་མ་ཞུ་བའི་དྲི་ངན་ཁ་ནས་འཐོན་པ་ལ་ཚིག་མཛོད་དག་ན་བྲིས་པས། ལེགས་བཤད་སྒྲོགས་པའི་བསུང་ཞིམ་ནམ་མཁའི་ནགས། ཞེ་བཅོས་ན་མི་ལེགས་སམ། འཆི་མེད་མདུན་སའི་དཔལ་ལས་རིངས་འགོངས་པའི། མདུན་སའི་ཞེས་པར་འདུན་ཞེས་པ་འདི་འདུས་ཀྱི་་དོན་ཡིན། དེ་ཡང་རྗེས་འཇུག་ན་དང་ས་གཉིས་གང་རུང་འདོན་པ་དང་འབྲི་ཆོག་པ། ཟས་དང་ཟན་ལྟ་བུ། འཐོས་བརྩོན་མཆུ་ཡིས་བསྣུན་ལ་ལོང་ཡོད་སྤངས། །འདིར་ལོང་ཡོད་དོན་མ་གོ་བས། ལོང་ཞེས་པ་དུས་ལ་གོ་བ་དེ་ཡིན་ནམ། ལོངས་སྤྱོད་ཅེས་པའི་ཡིག་ནོར་ཡིན་ནམ། རྫོགས་ལྡན་གཉིད་ལས་སློང་པའི་སྦྲང་རྩིའི་བུ། འདིར་སློང་བའི་སྦྲང་རྩིའི་བུ། ཞེས་དགོས་བསམ། །མངོན་བཞེངས་དག་པའི་རོལ་བ་འབྱམས་སུ་ཀླས། གདུང་སེལ་དབྱར་སྐྱེས་སྔོན་པོའི་རོལ་བ་རྨད། འདི་དག་ལ་ཞེས་པར་རོལ་པ་ཞེས་དགོས་སམ། ལུང་རིགས་མཆེ་སྡར་གནམ་ལྕགས་མཚོན་བསྙིལ་ཏེ། སྡར་ཞེས་པར་འགྲེང་བུ་ཆད་པ་མ་ཡིན་ནམ། བསྟན་འཛིན་གསེར་རིའི་ཕྲེང་བས་ཡོངས་སུ་བསྐོར། །ཕྲེང་ཞེས་པར་འ་སྔོན་འཇུག་ཡོད་ཡོད་གཉིས་ཀ་མཐོང་བས་ཡོད་མེད་ཀྱི་ནང་ན་ཡོད་པ་གཙོ་ཆེ་བས་བདག་གིས་འཕྲེང་ཞེས་འབྲི། འཛེམ་མེད་མཆེད་འི་གཉེན་པོར་རབ་བསྔགས་པའི། །འདིར་སྒྲ་ཞིག་ཆད་པར་མངོན། འཛམ་གླིང་ནོར་འཛིན་ཨུཏྤལ་དཀར་པོའི་ནགས། །འཛམ་ཞེས་པར་སྣར་ཐང་བཀའ་འགྱུར་སོགས་ན་ཛམ་ཞེས་པ་རྒྱ་སྐད་གཞིར་བཞག་དག་པར་སེམས། གདུང་སེལ་དབྱར་སྐྱེས་སྔོན་པོའི་རོལ་བ་རྨད། ལུང་སྐད་ཤོར། ཡང་དར་དབྱར་གྱི་དཔལ་མོའི་མཛེས་རྒྱན་དུ། ཡང་དར་རམ་ཡོངས་དར་གང་ཡིན་ཐག་མ་ཆོད། ཡུལ་འདིར་བཞག་གནང་སྟེ་ཞེས་པར་འཇོག་པར་མཛད་དེ་ཞེས་བོད་ནུབ་ཕྱོགས་པས་གོ་ཐུབ། ་སྐྱེ་རྒུའི་ཞེས་པ་དགུའི་ད་སྔོན་འཇུག་དེ་ར་ཡང་ན་ས་རུ་འདོན་པ་ལས་བྱུང་།
ཐ་སྙད་ལ་མཁོ་ཚིག་གི་དཔྱད་པ་འདིས།
རྣལ་འབྱོར་པ་ཡི་རྣ་བ་སུན་པར་བྱེད།
འོན་ཀྱང་བོད་སྐད་ལྷ་མོ་ཅན་མའི།
ན་ཚ་སེལ་བར་བྱེད་ལ་སྙིང་རྗེ་མཛོད།།
ཨ་ཧ་ཧ་ཧ་ཧ་ཧ། ལ་སྟོད་བུ། ང་དགོད་རྒྱུ་ཡོང་ནས་མིག་ཆུ་འཐོར་ཐལ་ན་དཀོན་མཆོག་གསུམ། བོན་པོས་རང་བཙན་རྩོད་རྒྱུ་ཨེ། ཧ་ཧ་ཧ། ད་ཕྱི་སོང་ནི་རེད་ཡ། ཨ་ཧ་བོ།
ལུག་ལས་ཀྱང་ལྐུགས་པའི་བླུན་པོ་ལ་སྟོད་བུ། ངས་ཁྱོད་ལ་ད་ཕྱི་སོང་ནི་རེད་ཟེར་དོན་ཅི་ཡིན་ཨེ་ཤེས། ཁྱོད་ཀྱིས་ཤེས་ས་མ་རེད་བསམ་ནས་འདིར་གསལ་བོར་བཤད་རྒྱུར། འདས་པའི་དུས་དུ་བོད་ཀྱི་སྲིད་དབང་དགའ་ལྡན་ཕོ་བྲང་གིས་བཟུང་བས་བནྡེའི་གཞུང་ཡིན་ཟེར་ན་ཆོག་ནི་རེད། ཡིན་ན་ཡང་ད་ལོ་ནས་བནྡེའི་གཞུང་གིས་སྲིད་དབང་འཛིན་མཚམས་བཞག་སྟེ་སྲིད་དབང་མི་མང་གིས་བཟུང་ཡོད་པ་ཁྱོད་ཀྱིས་ད་དུང་གོ་མེད་དམ། ངོ་མ་གཤིན་འདྲེ་ཞིག་གིས་ག་ཤེད་ཅིག་ལ་ཁྲིད་སོང་ནས་དེ་རིང་སོ་མས་ཕྱིར་སླེབས་ནི་ཡིན་ས་རེད། ད་བོན་པོའི་རང་བཙན་ཞིག་ལོགས་སུ་རྩོད་རྒྱུ་ཡིན་དུས་བོད་མི་རིགས་ཀྱི་གྲལ་ནས་བུད་རྒྱུ་གཅིག་པོ་མ་གཏོགས་ལྷག་ཡོད་ནི་མ་རེད་ཡ། བསོད་ཟད་པོ། དེ་ཙམ་ཡང་མི་ཤེས་ན་ཁ་བྲག་ཁུང་ལྟ་བུ་ཞིག་གདངས་ནས་མཁན་ཆེན་བླ་མ་ལྟ་བུའི་སྐྱེས་བུ་དམ་པ་ཚོར་སྐུར་འདེབས་བྱེད་རྒྱུ་དེ་མཚམས་བཞག་ན་ཡག་ས་རེད་ལོ།།
ཡ་རྒན་ཀླུ་སྨྱོན་གྱི་བླ་མ་བསྟོད་པའི་རྩོམ་འདི་ཡག ། ཡི་རངས་ཡོད་དོ། བོན་པོར་བསྟོད་པ་དང་ཡི་རངས་བྱེད་པ་ཡང་མི་འགྲིག་པ་མེད། ངོ་མ་ཤེས་རྒྱ་ཆེ་བའི་རྟགས་ལས་གཞན་མི་རུང་བ་ཅི་མིན། བན་བོན་བརྩོད་པའི་འབྲས་བུར་བོད་ཁ་བ་ཅན་འདི་ཡར་འདུམ་མར་འདུམ་ལ་ཆད་ནས་མཐར་དེའི་བར་ལ་རྒྱ་མི་རྒྱུགས་སོང་། གལ་ཏེ་བན་བོན་གྱི་བརྩོད་པ་འདི་བོད་ཀྱི་ནང་བློན་ནང་ལ་བྱུང་མེད་ན། གལ་ཏེ་ལྷ་ལུང་དཔལ་རྡོར་རྒྱ་གོང་མར་དགའ་བ་དེས། ཁོང་ལ་དྲིན་ཆེ་བའི་བོད་ཀྱི་རྒྱལ་བོའི་སྙིང་ཁར་མདའ་དེ་བསྣུན་མེད་ན། དི་རིང་གི་བོད་འདི་ཇི་འདྲ་ཡོད་དམ།
བསམ་བློ་གཏོང་བཞིན་གཏོང་བཞིན་སྙིང་ལ་ན་ཟུག་ཤིག་བསླེབ་པ་ནི། ཅིའི་ཕྱིར་ལོ་རྒྱུས་ཀྱི་སྙིགས་རོ་དང་དུག་ལྷགས་དེ་དག་སླར་ལག་ཏུ་ལེན་ནས། བོད་མིའི་ཚོའི་ཁ་ནང་བཅུག་ནས། སྡུག་ཐེངས་གཉིས་པ་ཞིག་སྦྱིན་པར་བྱེད་།
རྒྱལ་དབང་བཅུ་བཞི་པ་དེས། བོད་ཀྱི་ནད་གཞིའི་ཚང་མའི་རྒྱུ་དེ་དག་ལེགས་པར་མཁྱེན་ནས། དེའི་ནད་བཅོས་ལ་སྨན་ལྟ་བུར། ཆོས་ལུགས་རིས་མེད། ཆོལ་ཁའི་ཆིག་སྒྲིལ། བན་བོན་སྤུན་གྱི་འདུ་ཤེས་སྐྱོང་བ་འདི་ལོ་རྒྱུས་ལ་ལེགས་དོར་ཞིབ་པར་མཛད་པའི་ཐམས་བཅད་མཁྱེན་པའི་རྟགས་ཤིག་ཏུ་མངོན།
དེའི་འབྲས་བུར། ཁོང་གི་བུ་སློབ་ཀརྨ་པ་ལ་སོགས་པ་རྣམས་ཀྱི་ཐུགས་ལ་ཡང་ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་མེད་པར་མཛད་ཅིང་། ནང་པའི་བསྟན་པ་འདི་བྱམས་སྙིང་རྗེ་དང་སྟོང་པ་ཉིད་ཀྱི་བཅུད་ལ་བརྟེན་ནས་སྐྱོང་བ་བྱེད་པ་ནི་ཇི་ལྟར་མི་མཛེས་སམ།
ལྷན་རྒྱས་ཚོ། ལོ་ཤས་སྔོན་ཇོ་ནང་ཚང་གིས་ཇོ་ནང་སྤྱི་འཐུས་མ་སྤྲོད་ན་ཇོ་ནང་རྒྱ་འོག་ཏུ་འཛུལ་རྒྱུའི་ཉེན་བརྡ་རྒྱབ་སོང་། ད་ལོ་ནས་བོན་པོ་ཚང་གིས་བོད་ཀྱི་གདོད་མའི་ཆོས་གཡུང་དྲུང་བོན་ལ་བོད་མི་ཡོངས་ཀྱིས་བཀུར་བ་མ་བྱས་ན་ཟུར་ནས་བོན་རང་བཙན་རྩོད་རྒྱུའི་གྲ་སྒྲིག་བྱེད་འཆར་རེད་འདུག ཕྱིར་བལྟས་ཤིག་བྱོས་དང་། བོད་རང་བཙན་གྱི་ངོ་གདོང་རང་སྐྱོང་ལྗོངས་སུ་གྱུར་བ་རེད། རང་སྐྱོང་ལྗོངས་དེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཁས་ལེན་བྱ་བར་ཉི་མ་ཁ་ཤས་ལས་ཡོད་རྒྱུ་མ་རེད། དེས་ན་རང་བཙན་ཞེས་པའི་ཐ་སྙད་ཕར་གཡུག་ཞོག བསྐལ་བའི་བར་དུ་རྩོད་ཀྱང་བོད་ལ་ཅང་རེག་མདོག་མ་རེད། དེ་བས་ཀྱང་ཇོ་ནང་དང་། བོན་པོ་གཉིས་ལ་གཏན་ནས་རེག་གི་མ་རེད། རིགས་ཀྱི་བུ་རབས་ཚོ། གཙོ་བོ་བན་བོན་གྱི་གྲུབ་མཐའི་ལྟ་གྲུབ་ལས་འཕྲོས་ཏེ་ཕན་ཚུན་ས་རིས་ཐང་གསལ་གྱི་རྩོད་པ་ཞིབ་མ་བྱས་ནས་རྒྱབ་ན་ཡག་པོ་འདུག དེ་མིན་ཕྱོགས་ལྷུང་གཏམ་འཆལ་གྱི་སྒྱེ་མོ་བོད་མི་རྫི་རྒན་འགའི་ཟེར་སྒྲོས་ཁོ་ནར་གཡམ་ནས། བོད་ཀྱི་གྲུབ་མཐའ་ཕན་ཚུན་བར་སྒེར་རེ་ཟུང་གིས་ཚིག་ནག་གྱི་འཕྲེང་བ་བགྲང་བས་ཕན་ཐོག་ཅང་ཡོད་རྒྱུ་མ་རེད། །ད་ནི་ཁ་བརྡ་ཚང་ལ་མཆན་གྱི་སྒོ་རྒྱག་རྒྱུ་མང་དྲགས་པས་སྐུ་ཐང་ཆད་གྲབ་ཡོད་རྒྱུ་རེད། ཧཧཧཧ
རྒན་ལ་དྭགས་པ་ལགས་ཀྱིས་ཁོ་བོའི་སྙན་ངག་དེའི་ནང་གི་ཉིད་ཀྱི་དགོངས་གཞིར་མི་མཐུན་པ་དག་གསལ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
སྒྲེག་ཅེས་པ་དེ་ནི་ཁོ་བོས་ཡུལ་མདོ་སྨད་ན་སྙན་ངག་མཁན་འགྲན་ཟླ་མེད་པར་བགྲངས་པའི་སྒེའུ་སྟེང་བློ་བཟང་དཔལ་ལྡན་སོགས་ཀྱི་སྙན་ངག་ཏུ་གླང་པོ་ཆེ་ཡིས་སྨན་རྩྭ་དུ་མ་ཟོས་རྗེས་སྒྲེག་པའི་དྲི་མ་དེ་ཞིམ་པོའི་མཐར་ཐུག་ཅིག་ཏུ་བགྲངས་ཏེ་སྙན་ངག་གི་དཔེ་འཇོག་ཏུ་འབྲི་སྲོལ་ཞིག་འདུག་པ་དེའི་ལད་ཟློས་བྱས་པ་ཞིག་ཡིན་ལགས།
ས་སྐྱ་ལེགས་བཤད་ལས།
བསྟོད་པས་དགའ་བར་མི་འགྱུར་ལ།།
སྨད་པས་མི་དགའ་མི་འགྱུར་ཞིང་།།
རང་གི་ཡོན་ཏན་ལེགས་གནས་པ།།
སྐྱེས་བུ་དམ་པའི་མཚན་ཉིད་ཡིན།།
མཁན་ཆེན་བླ་མར་སྨོད་ཕྱིར་གདངས་པ་ཡི།།
ལ་སྟོད་ཤཱཀ་རྒན་སོགས་ཀྱི་ཁ་ནང་དུ།།
གཏུམ་ཆེན་རྡོ་རྗེས་རྡོ་རྗེ་བཅུག་པ་དེས།།
བསྟན་པའི་ཆོམ་རྐུན་སྙིང་ལ་བྲེད་ཤ་བྱིན།།
འཐུང་ཤིག་འཐུང་ཤིག་ལུང་རིགས་དྲི་ཆུ་འདི།།
ཧུབ་ཀྱིས་འཐུང་ལ་སྒྲེག་པའི་དྲི་ངན་ཀུན།།
རིགས་མཐུན་གྲོགས་ཀྱི་གདོང་ལ་བཏབ་བྱས་ཏེ།།
སླར་ཡང་འོལ་མོ་ལུང་རིང་འཚོལ་དུ་རྒྱུགས།།
གཏུམ་ཆེན་རྡོ་རྗེས་རྡོ་རྗེའི་ཐོ་ལུམ་གྱིས།།
ལོག་སྨྲའི་ནོར་སྐྱོང་མཆེ་བ་བཅག་པ་ཡི།།
ཉེས་པ་གང་མཆིས་ཁ་བརྡའི་དྲ་བ་དང་།།
སེམས་དཔའ་ཆེན་པོ་ཀླུ་སྨྱོན་སོགས་ལ་བཤགས།།
ཨ་ལགས་ཀླུ་སྨྱོན་ཚང་གི་སྙན་ངག་ལ་མངོན་པར་བསྟོད་དོ། སྙན་ངག་འདི་འདྲ་ཕྲིས་དང་། རང་གི་ཁྱད་ཆོས་འབུར་དུ་ཐོན་ཡོང་གི་འདུག
མཁན་ཆེན་བླ་མར་སྨོད་ཕྱིར་གདངས་པ་ཡི།།
ལ་སྟོད་ཤཱཀ་རྒན་སོགས་ཀྱི་ཁ་ནང་དུ།།
གཏུམ་ཆེན་རྡོ་རྗེས་རྡོ་རྗེ་བཅུག་པ་དེས།།
བསྟན་པའི་ཆོམ་རྐུན་སྙིང་ལ་བྲེད་ཤ་བྱིན།།
འཐུངས་ཤིག་འཐུངས་ཤིག་ལུང་རིགས་དྲི་ཆུ་འདི།།
ཧུབ་ཀྱིས་འཐུང་ལ་སྒྲེག་པའི་དྲི་ངན་ཀུན།།
རིགས་མཐུན་གྲོགས་ཀྱི་གདོང་ལ་བཏབ་བྱས་ཏེ།།
སླར་ཡང་འོལ་མོ་ལུང་རིང་འཚོལ་དུ་རྒྱུགས།།
གཏུམ་ཆེན་རྡོ་རྗེས་རྡོ་རྗེའི་ཐོ་ལུམ་གྱིས།།
ལོག་སྨྲའི་ནོར་སྐྱོང་མཆེ་བ་བཅག་པ་ཡི།།
ཉེས་པ་གང་མཆིས་ཁ་བརྡའི་དྲ་བ་དང་།།
སེམས་དཔའ་ཆེན་པོ་ཀླུ་སྨྱོན་སོགས་ལ་བཤགས།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས།
བོད་རིག་གཞུང་ཞེས་པའི་བོད་ཀྱི་རིག་གཞུང་ཞེས་པ་འབྲེལ་སྒྲ་མེད་པ་ཚར་གཉིས་པ་མཐོང་བ་འདིས་ཀྱི་ཆད་པ་མིན་པར་སུ་གང་ཡང་མི་མཐུན་འབྲི་དོན་ཁུངས་གང་ཡོད་དམ། ཡང་འདིར་དགའ་བསུ་ལ་དགུ་བསུ་ཕན་ཐོགས་ཆེ་བ་ཨ་ཡོད་སྙམ་སྟེ། རོགས་དེ་གྲོགས་ལ་བཅོས་ནས་མི་ཕན་པའི་ཞོར་དུ་སྤྱི་སྐད་ཡར་རྒྱས་དུས་ཚོད་འགོར་ཡུན་ཆེ་བ་ལས་ཕན་ཐོགས་ཅང་མ་མཐོང་སྟེ། དཔེར་ན་རོགས་པས་རོགས་གྱིས་དང་། ལྷས་གྲོགས་མཛོད་ཅེས་གོ་དོན་སོ་སོ་ཡང་ཡོད། འོན་ཀྱང་ཁྱེད་ཀྱི་གསུང་དག་མི་འཐད་དོ་ཞེས་ཟེར་བ་མིན་ལགས། ཕྲེང་བ་དང་ཕྲེང་རྡོག་ཅེས་འ་སྔོན་འཇུག་མེད་ན་ཡག་ག འ་སྔོན་འཇུག་ཅན་འདི་སེམས་འཕྲེང་བ་དང་ནོར་དྭོགས་མི་འདུག་གམ།
ཀ་རྡོ་རབ་འབྱམས་པ་ལེགས། བོད་རིག་གཞུང་ཞེས་པ་འབྲེལ་སྒྲ་བསྡུས་པ་དང་མ་བསྡུས་པ་བོད་ཀྱི་རིག་གཞུང་ཞེས་པ་གཉིས་ལ་་འགལ་བ་མེད། བོད་ཀྱི་གཞུང་ལ་བོད་གཞུང་ཞེས་པ་ལྟ་བུ། རོགས་ཞེས་པ་གྲོགས་ཞེས་པ་ཟུར་ཆག་པ་ཡིན་པས། སྐད་ཡིག་ལ་སྦྱངས་པ་དག་གིས་ཟུར་མ་ཆག་པ་དེ་བཀོལ་དགོས་པར་སྣང་། ཁྱེད་ཀྱིས་བཀའ་བསྟན་སོགས་བོད་སྐད་ལེགས་པ་འབྱུང་བའི་་ཕྱིར་དུ་ཀློག་པར་མཛད་ངེས། དེ་དག་ན་གྲོགས་ཀྱི་ཚབ་ལ་རོགས་ཞེས་བྲིས་པ་རེ་གཟིགས་ཚེ། སྤར་མ་འདི་དང་ཤོག་གྲངས་བཅས་འབྲི་བར་མཛད་ན་ངས་བཀའ་དྲིན་ཆེ་ཞུ་ངེས། འཕྲེང་བ་བཞིན་དུ་འབྲེལ་ཡོད་པ་ལ་སེམས་འཕྲེང་ཞེས་བྱུང་བར་སེམས། དེ་འདྲ་ཚིག་མང་པོ་སྐབས་ཐོབ་ཀྱིས་གོ་བ་ལེན་དགོས་པ། དཔེར་ན། མི་འདུག་ཅེས་པ་ལ་དོན་དག་གཉིས་ཡོད་པ་དེ་ལ་སྐབས་ཐོབ་ཀྱིས་གོ་ལེན་དགོས་པ་མི་འདུག་གམ།
༷དགའ་བསུ་ལ་དགུ་བསུ་ཞེས་ནོར་བ་མཐོང་མེད་པར་ལུས་པར་དགོངས་དག་ཞུ་བ་ལས་གཞན་ཅི། ང་མི་རྒན་དུ་གྱུར་པས་ནོར་འཁྲུལ་བྱུང་བར་མ་ཟད་གཞོན་པའི་དུས་སུ་ཡང་ཡིག་ནོར་མང་དུ་བྱེད་པ་ལ་སྤུན་གཞོན་པས་ནན་ཏན་དགོས་པ་སྐུལ་བ་དྲན། སྐད་གང་དང་དེ་དག་བཀའ་བསྟན་ན་མཐོང་བ་ཡོད་ན། དེ་དག་ལ་རང་རེས་ཕ་མེས་ཀྱི་ཚིག་དག་ལ་བདག་པོ་རྒྱབ་དགོས་པ་ཡིན། རྒྱལ་ཁབ་གཞན། དཔེར་ན། རྒྱ་གར་དང་། ཨིས་རལ་དང་། ནུབ་ཕྱོགས་པ་དག་གིས་ཀྱང་མི་རིགས་དག་གཅིག་འགྱུར་བྱེད་པ་ལ་སྔོན་གྱི་ཚིག་བཀོལ་བ་ཡོད་འདུག དེ་བཞིན་དུ་རང་རེ་བོད་ཀྱིས་ཀྱང་བོད་རིགས་དག་གཅིག་འགྱུར་འབྱུང་བ་ལ་བོད་སིལ་བུར་མ་སོང་བའི་ཚིག་དག་བཀོལ་དགོས་པར་མཐོང་། གནའ་བོའི་དུས་ལ་ལུང་པ་ཀུན་སྐད་ཚིག་གཅིག་ཡོད་པ་སྨྲ་མི་ཐུབ་ཀྱང་། དེ་དུས་ཀྱི་ཡིག་སྐད་དེ་ཚང་མས་སྦྱངས་ཏེ་གོ་ཐུབ་པར་འབད་པ་ཡོད་ངེས་ལགས། ཁྱེད་བདེ་ལེགས་སུ་གྱུར་ཅིག །
སྒྲེག་པ་ཟེར་བ་འདི་སྙན་ངག་གི་ཚིག་ཏུ་སྤྱད་པ་དེ་རྒྱ་གར་གྱི་ལད་མོ་ཞིག་ཡིན་ངེས་རེད། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་ཚིག་དེ་མང་པོ་ཡོང་གིན་འདུག
ཀླུ་སྨྱོན་ལགས་ཀྱིས་བྲིས་པའི་རྟོགས་བརྗོད་སྙན་ངག་འདི་ངོ་མ་སྙན་པོ་འདུག སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་གསལ་པོ་འདུག གང་གི་རྟོགས་རྟོགས་དྲུག་སྐྱེས་ཚངས་པའི་གླུ༎ཞེས་པའི་རྟོགས་གཉིས་བྱུང་བ་དེ་གཏགས་ནོར་ཆད་ལྷག་ཅིག་ཡིན་པ་འདྲ།
ཁ་ཤས་ཀྱིས་ཀླུ་སྨྱོན་གྱིས་བོན་ལ་བསྟོད་པ་བྲིས་པ་མ་ལེགས་ཟེར་བ་དེ་མི་བདེན། ངའི་ངོར་ཀླུ་སྨྱོན་གྱིས་བན་བསྟོད་བོན་བསྟོད་གང་བྲིས་ཀྱང་མི་ལ་ཇེ་ཆེ་དང་གཡག་ར་ཇེ་ཆུང་ལ་སོང་བ་གང་ཡང་མེད། ངས་ཁྱེད་ཀྱི་བསམ་ཚུལ་ལ་ངོས་ལེན་མ་ནུས་ཀྱང་ཁྱེད་ཀྱི་བསམ་ཚུལ་འདོན་པའི་ཐོབ་ཐང་དེ་ལ་ངས་རང་གི་སྲོག་ལ་བབ་ཀྱང་རྒྱབ་སྐྱོར་བྱེད་ངེས། ཞེས་པའི་མན་ངག་དེ་དྲན་དགོས།
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་གྲོགས་ཟུར་ཆག་ནས་རོགས་བྱུང་བར་གསུངས་པ་དེ་ལ་ངས་བསམ་ཚུལ་ཞིག་ཞུ་འདོད་བྱུང་། ངས་བལྟས་ན་རོགས་ཞེས་པ་བརྡ་རྙིང་ཡིན་པ་ལ་སྐད་གསར་བཅད་ཀྱིས་གྲོགས་བཟོས་པ་མིན་ནམ་སྙམ། དེ་ཡང་དེང་སང་བོད་སྟོད་སྨད་བར་གསུམ་མང་པོ་ཞིག་ལ་ཁ་སྐད་ནང་དུ་རོགས་ཞེས་པ་མང་པོ་དང་གྲོགས་ཞེས་པ་ཉུང་ངུ་ལས་མེད་པ་འདྲ། ཡིན་ན་ཡང་ཡིག་སྐད་ལ་གྲོགས་ཞེས་པ་མང་དུ་ཡོད། དེ་ཙམ་ལས་རྒྱུ་མཚན་མེད།
དྲ་གྲོགས་རྒན་ལ་དྭགས་པ་དང་སྤོབས་པ་མཐའ་ཡས་ལགས་སོགས་ནས་ཁོ་བོའི་སྙན་ངག་འདིའི་སྐོར་བགྲོ་གླེང་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དྲ་གྲོགས་གཞན་པ་ཚོས་ཀྱང་འདིར་སྐབས་སུ་མ་བབས་ཤིང་དགྲ་དགའ་རང་སྡུག་ཅིག་ལ་དེ་ལས་ཐུ་བ་མེད་པའི་བན་བོན་རྩོད་རྙོག་དེ་རིམ་པ་དགུའི་ས་འོག་ཏུ་དེད་དེ་བོད་ཀྱི་སྙན་ངག་རིག་པ་འདིའི་སྐོར་ནས་བགྲོ་གླེང་རེ་གནང་ཐུབ་ན་དགའ་བསུ་ཞུ་གི་ཡིན།
ད་རེས་ཨ་ལགས་ཀྱི་སྙན་ངག་འདི་སྙན་པ་ལ་ཚོད་ཅིག་མི་འདུག ངོ་མ་སེམས་པ་དགའ་དད་ཀྱིས་ཁེངས་པར་བྱས་སོང་། ཡིན་ནའང་མཆན་འདེབས་པོ་འགས་བསམ་གཟས་ནས་ཚོགས་བསགས་སར་རྣག་བསོག་རྒྱུའི་གྲབས་བཤམས་སྟངས་འདི་ཐབས་སྐྱོ་བ་ལ། ཚུལ་མཐར་འདི་ད་སྔ་མི་འདྲ་མིན་ལ་རྫུས་ནས་དགྲ་དགའ་གཉེན་སྡུག་གི་ལས་གཉེར་བ་ལ་གྲངས་ཞིག་མེད། ད་ཡིན་ན་ཁྱོད་རྐུབ་བཙུམ་ནས་སྡོད་ལོ།།
མཁས་དབང་ཀླུ་སྨྱོན་མཆོག་གིས་སྲོལ་རྒྱུན་གྱི་ཉམས་བཟང་འབུར་དུ་ཐོན་པའི་སྙན་རྩོམ་ལེགས་པོ་ཞིག་རྩོམ་གནང་འདུག་པར་ཐུགས་རྗེ་ཆེ། དེ་སྔོན་མཁས་དབང་སྒེ་ཏེང་བློ་བཟང་དཔལ་ལྡན་མཆོག་གིས་ཀུན་གཟིགས་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཨམ་མདོ་རེ་སྐོང་དུ་ཕེབས་སྐབས་ཀྱི་རྟོགས་བརྗོད་སྙན་རྩོམ་དེ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀུན་གཟིགས་བཅུ་པ་ཆེན་པོར་བསྟོད་པའི་སྙན་རྩོམ། དེ་བཞིན་འཇིགས་མེད་མཚན་ཅན་གཞན་ཞིག་ནས་ཀྱང་ཀུན་གཟིགས་བཅུ་པ་མཆོག་རེ་སྐོང་དུ་ཕེབས་སྐབས་ཀྱི་རྟོགས་བརྗོད་སྙན་རྩོམ། ལྡན་རྗེ་ངག་དབང་ཆོས་འབྱོར་མཆོག་གིས་པཎ་ཆེན་དབུས་ཕེབས་སྐབས་ཀྱི་རྟོགས་བརྗོད་སོགས་མཇལ་མྱོང་བས་བརྗོད་བྱ་དང་རྗོད་བྱེད་མཐུན་ཞིང་ཚིག་གི་ཉམས་འགྱུར་སོགས་ཕན་ཚུན་འགྲན་པ་ལྟ་བུར་འདུག
མཁས་གྲུབ་ཆེན་པོ་ལ་མོ་ཡོངས་འཛིན་མཆོག་ནི་ཆོལ་ཁ་གསུམ་ན་སྙན་པར་གྲགས་པའི་རྩོད་མེད་ཡོངས་གྲགས་ཀྱི་སྙིགས་དུས་ཀྱི་བསྟན་འཛིན་ཆེན་པོ་ཞིག་ཡིན། ཁོང་བླ་གོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གི་ཞབས་ལ་གཏུགས་པའི་སྐོར་ལོ་རྒྱུས་ཁ་ཤས་ནང་མཇལ་སོང་། ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་གི་བཀའ་སློབ་ཁ་ཤས་ནང་སྐུ་འབུམ་དགེ་བཤེས་ཆེ་མོ་ཞེས་གསུངས་འདུག་པས་ཁོང་སུ་ཡིན་ནམ། རྒན་ཀླུ་སྨྱོན་མཆོག་ནས་མཁྱེན་ན་བཀའ་ལན་ཞིག་ཡོད་པ་ཞུ།
མིང་གི་བྱུང་འཕེལ།
འཛིན་པར་བལྟོས་ནས། ལག་ཏུ་ཐོགས་པ་ལ་བཟུང་བ། བཟུང་ནས་བྱུང་བ་ལ་ཟིནན་པ། ཐིགས་པ་གསོག་གསོག་བྱས་ནས་བྲིས་པ་ལ་ཟིན་ཏིག ལག་པ་དང་སྐམ་པ་འཛིན་པ་ལ་འཛིན་བྱེད། ལྕགས་ཀྱུ་ལ་ཟུང་ང་སྟེ་ཤ་ཟུང་། ཁབ་ཟུང་། བཞོ་བཟུང་། ཆང་ཟུང་། ལུས་འཚོ་བའི་སྟོབས་ལ་ཟུངས་ཏེ། ལུས་ཀྱི་དྭངས་མ་ཤ་ཁྲག་ཚིལ།།རུས་པ་རྐང་མར་ཁམས་རྣམས་ནི།།ལུས་ཀྱི་ཟུང་བདུན་ཞེས་པའོ། །རྒྱུད་ལ་བརྗེད་མེད་དུ་གཏན་འཇགས་པ་ལ་གཟུངས། མི་བརྗེད་པའི་དབང་འབྱོར་བ་ལ་གཟུངས་ཐོབ་པ། གོས་བཟོ་བར་ཐིག་གཤར་རྒྱག་པ་ལ་གཟུངས་འདེབས་པ། མཆོད་རྟེན་དང་སྐུ་འདྲའི་ནང་ལ་འཇུག་རྒྱུའི་རིང་བསྲེལ་དང་གཟུངས་སྔགས་སོགས་རྟེན་གྱི་སྙིང་པོ་ལ་གཟུངས་གཞུག ཡུལ་ཅན་འཛིན་པར་བྱེད་པ་ལ་གཟུང་འཛིན།
ལ་དྭགས་བློ་བཟང་འཇམ་དཔལ་ནི་དུས་བབ་ཟིན་བྲིས་ནང་གི་སེ་རུའམ་ས་རཱའི་རྒན་ངག་རྡོར་དང་འདྲ་བར་རང་གིས་དཔྱད་པ་ལྷུར་བླངས་ཀྱིས་རྩོམ་ཡིག་ཅིག་འབྲི་རྒྱུར་འབད་བརྩོན་མི་བྱེད། གཞན་གྱི་རྩོམ་ཡིག་ལས་དུས་གསུམ་དང་དག་ཆ་ནོར་ཡོད་བཙལ་ནས་སྡོད་མཁན་ཞིག་རེད། འགྲིག་པ་ཡོད་རྒྱུ་མ་རེད། གཙོ་བོ་རང་གི་འདོད་པ་རེད། འོན་ཀྱང། དག་ཆ་དང་དུས་གསུམ་འགའ་རེ་ནོར་སྲིད་པ་ནི་ཆེས་ནོར་འཁྲུལ་བློ་ཡུལ་ལ་ཤོང་དཀའ་བ་དེ་འདྲ་མ་རེད། ངས་སྐད་ཆ་འདི་འདྲ་བཤད་དོན་ནི་མི་གཅིག་ལ་ལམ་ནོར་ལྡོག་ཤེས་ཀྱི་ཚུལ་དུ་མཛུབ་སྟོན་ཞིག་བྱེད་ཐུབ་ན་བསམ་པ་ཉག་ཅིག་ཡིན། ཡིད་ལ་ཟུངས་ཤིག
འཕགས་ཁོ་ལེགས། ངས་དག་ཆ་དག་ལ་རང་བོད་ཀྱི་བཀའ་བསྟན་ན་ཡོད་པའི་དག་ཆ་དང་བསྟུན་ནས་བསྟན་པ་མ་གཏོགས་རང་བཟོ་བྱས་པ་ཞིག་མེད་བསམ། དེ་ཡིས་གཟོ་བོར་གནས་པའི་སློབ་གཉེར་པ་དག་ལ་ངེས་པར་དུ་ཕན། དག་ཆ་ནོར་པ་ང་རང་ལ་མང་དུ་བྱུང་དང་འབྱུང་བཞིན་པ་ཡིན། དག་ཆ་ནོར་བ་དེ་དག་སྟོན་པ་པོ་དག་ལ་བཀའ་དྲིན་ཆེ་བསམ་པ་མ་གཏོགས། ངའི་དག་ཆ་ལ་སྐྱོན་སྟོན་པ་འདུག་ཞེས་སེམས་ལོག་པ་གཏན་ནས་མེད། ངས་བྲིས་པ་ཞིག་དྲ་རྒྱར་བསྐུར་དགོས་ན། ང་རང་གིས་བྲིས་པ་དང་བསྒྱུར་པ་དག་བསྡོམས་ན་ཤོག་བུ་སྟོང་ཕྲག་ལྷག་ལོངས་པ་ཞིག་ཡོད། ཉེ་ཆར་བོད་རྗེ་མི་མངས་ལ་ཕུལ་པའི་སྤྲིང་ཡིག་ཅེས་པ་༡༩༩༣་ཙམ་ལ་བྲིས་ནས་རྒྱལ་བ་རིན་པོ་ཆེ་དང་ཁག་མང་པོར་བཀྲམ་པ་དེ་ལ་རྒྱལ་བ་རིན་པོ་ཆེའི་ཞབས་ཀྱང་ཐུགས་མཉེས་ནས། འདི་ལྟར་གསུངས་ཏེ། དཔྱོད་ལྡན་ལ་དྭགས་བློ་བཟང་འཇམ་དཔལ་ནས། དེང་དུས་ཕྱི་ནང་འགལ་རྐྱེན་སྣ་མང་གིས་བོད་ཡིག་གི་བརྡ་དག་ཉམས་འཆལ་འགྱུར་པའི་གནས་ལུགས་སེམས་ཀྱིས་མ་བཟོད་པར་། ད་ལམ་བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཆེད་དུ་གཞེན་བསྐུལ་སྤྲིང་ཡིག་བསྲིངས་འབྱོར་ལ་སྤྲོ་བ་་བརྟས། ཞེས་པ་ནས་ ་ ་ ་ བོད་རིགས་གཙོ་གྱུར་བོད་ཀྱི་སྐད་ཡིག་སྤྱོད་མཁན་རྣམས་ནས་བླང་དོར་འཇུག་ལྡོག་མ་འཛོལ་བ་གལ་ཆེ། ཏ་ལའི་བླ་མས། བོད་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ཟླ་ ༣ ཚེས་ ༡༥ ལ།།
སྤྲིང་ཡིག་་དེས་དེ་དུས་ཀྱི་ཤེས་བྱ་དུས་དེབ་གཏན་འབེབས་མཛད་པོ་དག་གིས་དོ་སྣང་མཛད་ཚིག་འགའ་ཤས་བདག་གིས་ཞུས་པ་བཞིན་བྲིས་ཀྱང་། ཕྱིས་སུ་མི་གསར་པ་རེ་སླེབས་སྐབས་བདག་གིས་ཞུས་པ་དེ་དག་ཡལ་བ་ལྟ་བུར་མངོན། བདག་གི་སྤྲིང་ཡིག་དེ། དཧ་ས་ལྗང་གཞོན། སྤྱི་ལོ་ ༡༩༩༧ སྤྱི་འདོན་ཐེངས་་༩ ཤོག་ལྷེ་༡༡ ནས་ ༤༩ བར་དུ་སྤར་ཡོད། སྤྲིང་ཡིག་དེ། དྲ་རྒྱར་འགོད་བསམས་ནས། གློག་ཀླད་དུ་འཇུག་སྐབས་་བོད་ཡིག་འཐོན་པ་མེད་པས། སྐབས་ཤིག་བྱ་ཐབས་བྲལ། དེ་བཞིན་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་བརྩམས་པ་མ་ཡིན་པར་འདོད་པ་བོད་ཕྱི་ནང་གི་མཁས་པ་དག་གི་བཤད་པ་དང་། བདག་རང་གི་དྲི་བ་བཅས་ཡོད་པ་གློག་ཀླད་དུ་འཐོན་ཐུབ་ན་དྲ་རྒྱར་འཇུག་ངེས་ལགས། ཁྱེད་ཀྱིས་དེ་དག་བཀླགས་ཏེ། འཐད་ལྡན་མཁས་པའི་ལན་འབྲི་བའི་རེ་འདུན་ལགས། ཁྱེད་བདེ་བར་གྱུར་ཅིག
དགེ་བཤེས་ཚང་གིས།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།
དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།
སྐྱུར་རྩི་ལགས། པཎ་ཆེན་ཚང་གིས་གསུངས་པའི་སྐུ་འབུམ་དགེ་བཤེས་ཚང་སུ་ཡིན་གསལ་བོ་ཞིག་མ་ཤེས། ངའི་ཕ་ཡུལ་དུ་རྨ་ཆུའི་ཁུག་སོ་དཀར་མོ་གཡས་འཁྱིལ་དུ་འབོད་པའི་ཐག་ཉེ་རུ་ཨ་ཚོགས་དགོན་པ་ཞེས་པ་ཞིག་ཡོད་ཅིང་། དེའི་དགོན་བདག་དེའི་མཚན་ལ་སྐུ་འབུམ་དགེ་བཤེས་ཚང་ཞེས་ཞུ་བ་དང་། ཁོང་གི་སྐུ་ཕྲེང་དེ་ལ་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ་ཞིག་མ་ཡིན་པར་སྐུ་འབུམ་གྱི་དགེ་བཤེས་ཤིག་གི་ཡང་སྲིད་ཡིན་བསམས་སོང་། ཁོང་ནི་དཔེ་ཆར་མཁས་པ་ཞིག་ཡིན་ལུགས་མ་གོ་ཡང་དགེ་ལུགས་ཚང་ལ་དཔལ་ས་སྐྱ་པ་ནས་བརྒྱུད་པའི་ནྰ་རོ་མཁའ་སྤྱོད་མའི་དབང་ལུང་ཁྲིད་གསུམ་གནང་མཁན་བླ་མ་སྙན་གྲགས་ཅན་ཞིག་ཡིན་པ་དང་། དགོངས་པ་རྫོགས་དུས་ཀྱང་སྐུ་གདུང་ཧ་ཅང་ཆུང་ངུ་ཞིག་ཆགས་ནས་ཕལ་ཆེར་ཀ་ཏོ་ར་ཞིག་གི་ནང་དུ་ཆུད་པ་ཙམ་ལས་མི་འདུག་ཟེར་མཁན་ཡང་བྱུང་། ཁོང་མ་ཡིན་པའི་སྐུ་འབུམ་དགེ་བཤེས་གཞན་ཞིག་ནི་འཇམ་བཞད་ཀྱི་གྲུབ་མཐའ་རྩ་བར་འགྲེལ་པ་རྩོམ་པ་པོ་དགེ་བཤེས་བློ་བཟང་རྡོ་རྗེ་ཞུ་བའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་ཚར་བཅུ་གསུམ་ཡིན་ནམ་ཞིག་བསྐྱལ་ཚར་བའི་རྣལ་འབྱོར་བ་ཆེན་པོ་ཞིག་བཞུགས། ཁོང་གཉིས་མ་གཏོགས་སྐུ་འབུམ་དགེ་བཤེས་ཞུ་བ་དེ་སུ་ཡིན་མ་ངེས།
ལ་དྭགས་པ་འདི་དང་ངག་རྡོར་ཟེར་བ་གཉིས་རང་གིས་མི་འཇོན་ཞིང་མི་ཕྲིས་པ་དང་།
གཞན་ལ་དག་བཅོས་ལྟར་སྣང་རེ་བྱས་ཏེ་ཉི་མ་གང་འཁྱོལ་བྱེད་མཁན་ཉག་ཅིག་གི་བྱེད་པ་སྐྱོང་མཁན་ཡིན་པ་ཀུན་གསལ་རེད།
གོང་དུ་གཅིག་འགྱུར་ཟེར་ཚུལ་ལ་ལྟོས་དང་།
བཀའ་བསྟན་འགྱུར་གྱི་འབྲི་སྲོལ་ལ་དྭགས་པའི་འབྲི་སྲོལ་འདི་གཏན་ནས་མིན་ནོ།།
གང་ལྟར་ཀླུ་སྨྱོན་གྱི་སྙན་ངག་ཡག་བྱུང་།
ལ་དྭགས་པའི་ལོག་ཁྲིད་ལ་ཡ་མ་བྱེད་པར་མུ་མཐུད་དུ་སྙན་ངག་གོམ་སྟོབས་སྒྲོབ་ཉམས་དང་བཅས་ཏེ་སྒྱུར་རོགས། བོད་སྐད་རྣལ་མ་བཤད་འདོད་ན་ང་ཚོ་བོད་རིགས་ཡོངས་ཀྱིས་ལ་དྭགས་ཀྱི་སྐད་འདྲེས་འཛིངས་ཅན་དེ་སྦྱང་དགོས་འཁེལ་ས་རེད། དེ་བོད་སྐད་ཡིན་མིན་ཡང་ཐེ་ཚོམ་མོ།།
ཀླུ་སྨྱོན་ལགས། བདག་གི་རེ་བ་འདི་ཡིད་ལ་བཟུང་རོགས
ང་ལ་མི་དགོ་
རྒན་ལ་དྭགས་པས་ཀླུ་སྨྱོན་གྱི་སྙན་ངག་ཁྲོད་ཀྱི་ཚིགས་རྐང་ཁ་ཤས་ཁོལ་དུ་ཕྱུངས་ནས་འདི་ནི་གྲོང་སྐད་དང་ལུང་སྐད་དེ་ཟེར་ཞིང་། འགའ་ཤས་ནི་སྤྱིར་སྐད་དོ་གསུང་བ་ནི། རྒྱུས་མེད་རྒྱུས་གཏམ་ཁོ་ནར་སོང་འདུག་ན། སླད་དུ་མཁས་མིང་གི་འོག་ནས་འདི་འདྲའི་གསུང་ཐལ་མི་ཤོར་རྒྱུ་མཁྱེན་མཁྱེན་ཞུ་ལ། སྙན་ངག་ཟེར་བ་དེ་ནི་གདོད་མའི་སྤྲེའུ་མི་རུ་འགྱུར་མཚམས་ཀྱི་ཚིག་མེད་འབྲུ་མེད་ཀྱི་ངག་གི་ལྡ་ལྡི་ཚུན་ཆད་ཡིན་པའི་གཏན་ཚིགས་དེ་ལས་འགལ་འགྲོ་ན། རྒན་ལགས་ཀྱིས་རང་འདོད་ཆེན་པོའི་བཙན་འཛུལ་དེ་ད་ནས་འཁུར་མ་ཡོང་བ་ཅི་བས་མཁྱེན་ཞུ་རྒྱུ་ལགས།
སྙན་ངག་གི་ཐད་ནས། རིགས་དུ་མར་བགར་དུ་ཡོད་ཅིང་། རྒན་ལགས་ཀྱི་འདོད་པ་དེ་རིགས་གང་ལའང་གཏོགས་མི་ནུས་པས་ན། མདོ་སྡེ་པདྨ་དཀར་པོ་སོགས་དྲངས་ནས་ཨུ་ཚུགས་ཤིག་བརྒྱབ་ན་མ་གཏོགས། དེང་གི་དུས་ན། བོད་ཕྱི་ནང་གི་གཞོན་སྐྱེས་མང་བོས་འཛམ་གླིང་སྤྱིའི་འཁོར་ཕྱོགས་ཀྱི་སྙན་ངག་གི་ཁྱབ་རྒྱ་ཞིག་འཚོལ་གྱིན་ཡོད་པས། བར་གླགས་འདི་ནས་རྒན་ལགས་ཀྱི་གཏན་ཚིགས་དེས་ཇ་ཞིག་འཁོལ་རྒྱུ་ཁག་ཙམ་ལོས་ཡིན་འདོད།
མཁས་པ་མཁས་པའི་གྲལ་ན་མཛེས་ཞེས་པ་ལྟར། མཁས་པ་མང་བོ་འདུ་སའི་ཁོར་ཡུག་འདིར་རྒན་ཁྱོད་ལྟ་བུ་རེ་གཉིས་ཡོད་པ་དགའ་འོས་སུ་མཐོང་ཡང་། ཐལ་ཆ་ཤོར་བའི་དགོངས་གཞི་རེ་གཉིས་ཤིག་གིས་དྲ་གྲོགས་མང་བོ་ཞིག་ལ་དོན་མེད་ཀྱི་ཀླན་ཀ་འཚོལ་གྱི་ཡོད་པའི་སྣང་བ་བྱུང་། དེ་ལྟར་ན་རྒན་ལགས་ཀྱིས་ཞིབ་མོ་རྣམ་འཐག་གི་དཔེ་ལྟ་བུའི་དཔྱད་པའི་འབྲས་བུ་རེ་སྟོན་ཐུབ་ན། ང་དང་ང་འདྲ་བའི་ལེའུ་དང་བོ་བ་ཁག་ཅིག་ལ་ཕན་དུ་ཆེ་བ་ལས། མ་དཔྱད་མ་བརྟག་པའི་བཀའ་མོལ་འདི་འདྲ་གནང་བབ་མ་ཆེ་ཞུ། ཡང་གཅིག་བཤད་ན། རྒན་ལགས་ཀྱི་ཨ་མཆོག་ཅུང་མཁྲེགས་ཙམ་ལོས་ཡིན་འདོད་པ་ནི། ཀླུ་སྨྱོན་དང་ཀླུ་སྨྱོན་ལྟ་བུའི་རྩོམ་མཁན་ཁག་ཅིག་གི་བརྩམས་ཆོས་ལས་ཚིག་ཁ་ཤས་ལུང་སྐད་སོགས་སུ་བསྙད་པ་ནི། དགུང་ལོའི་བབ་དང་བསྟུན་ནས་སྤྱན་གྱི་ནུས་པས་མ་འདང་བ་མིན་ན། ཆེས་གོ་སླ་བ་དང་དེང་གི་སྐབས་སུ་སྤྱིར་སྐད་དུ་ཆགས་པ། ཡང་ན་མིང་ཚིག་གསར་བཟོའི་འགན་བབ་དེར་ཆེད་དུ་ངོ་རྒོལ་གཏོང་གི་འདུག དེ་དག་གི་ཐད་ནས་ཀྱང་བོད་ཀྱི་རིག་གཞུང་ལ་འགན་ཅི་ཙམ་འཁུར་ཡོད་མེད་དེ་ཏོག་ཙམ་གསལ་བོ་མ་ཡིན་ནམ་ཞུ།
ཞེས་གནམ་ལྕགས་ཀྱིས་གུས་པ་དང་བཅས་ཕུལ།
མིག་བརྒྱད་པ་ལེགས། ཁྱེད་ཀྱིས་བདག་གི་སློབ་གྲོགས་སློབ་དངོས་གྲུབ་ཚེ་རིང་མཆོག་དང་མཉམ་དུ་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་བཅས་ལ་གསན་བསམ་མཛད་པར་ཡིད་ལ་དགའ་བ་སྐྱེས། ཁོང་དང་ལྷན་དུ་བདག་ཅག་གིས་རྗེ་ཁུ་ནུ་བླ་མ་རིན་པོ་ཆེ་ཞལ་སྔ་ནས་སི་ཏུ་པཎ་ཆེན་སུམ་འགྲེལ་ཆ་ཚང་ཞིག་ཞུ་ཐུབ་པའི་སྐལ་བ་བཟང་པོ་བྱུང་། སློབ་དཔོན་དངོས་གྲུབ་མཆོག་ལོ་ཁ་ཤས་སྔོན་དུ་སྐུ་གཤེགས་པར་བདག་ཅག་གྲོགས་པོ་རྣམས་ལ་མ་ཟད་བོད་ཀྱི་ཤེས་རིག་ལ་་ཞབས་ཏོག་ཞུ་བ་དག་ལ་ཡང་་བློ་ཕམ་གྱི་གནས་ཡིན། ཁོང་སྐུ་མ་གཤེགས་གོང་དུ་ལྡི་ལི་བོད་ཁང་ལ་དགུན་དུས་ཕེབས་ཏེ། ཕྱག་ལས་མཛད། ༢༠༠༠ ལོར་བདག་ཅག་ལྡི་ལི་འཛོམས་པ་དེ་ཐ་མ་ཡིན།
ཉི་མ་གཞོན་ནུ་དང་། གནམ་ལྕགས་མཆོག
བདག་གི་བྲིས་ལ་་ཁྱེད་རྣམས་ཀྱིད་དགོངས་ཆར་གསུངས་པར་ཐུགས་རྗེ་ཆེ། བདག་གིས་ཞུས་པ་དེ་དག་ཁྱེད་ཀྱིས་ལེན་མི་ལེན་རང་རང་སོ་སོར་རག་ལས་པ་ཡིན། ང་རྨོངས་བརྟུལ་ཙམ་དུ་མ་ཟད་རྒྱ་བོད་སྐད་ལ་ནན་བྱན་ཆུད་པ་མཁན་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་ཁུ་ནུ་བླ་མ་རིན་པོ་ཆེ་ལ་རོང་པ་བོད་པར་བོད་སྐད་སློབ་པར་འོངས་པ་ཞེས་ཚིག་ངན་གིས་བརྩད་པ་ཐོས། ཁུ་ནུ་བླ་མ་རིན་པོ་ཆེའི་ཞལ་ནས་དངོས་སུ་ཚིག་ངན་སྨྲ་བ་འདུག་པས། མཇུག་ལ་ལན་མ་བྲིས་ཞེས་བདག་ཅག་བོད་ཀྱི་རིག་གཞུང་ལ་ཁྲིད་ཞུ་བ་པོ་དག་ལ་གསུངས་པ་དྲན། བདག་ལ་སྐྱོན་བརྗོད་དང་འབྲེལ་བཀའ་བསྟན་གྱི་དཔེ་ཆ་རེ་ཅིས་ཀྱང་ཀློག་པར་མཛོད་ཅེས་ཞུ་བ་ལགས། ཡུན་རིང་དུ་ཀློག་ན་ལུང་སྐད་དང་ཆོས་ཀྱི་ཁྱད་པར་ཤེས་ཐུབ། ང་ཚོ་ལ་དྭགས་པས། ལྷ་ས་པ་དང་། རྒྱ་གར་པ་ཟེར་བ་མ་གཏོགས། ཁྱེད་ཚོས་ཟེར་བ་ལྟར་། ལྷ་ས་བ་དང་། རྒྱ་གར་བ་ཞེས་མི་ཟེར། ལ་དྭགས་པས་ཟེར་བ་དེ་ཆོས་སྐད་ན་ཡང་ཡོད་པས། བོད་གཅིག་ཏུ་སྦྲེལ་བ་ལ་ཆོས་སྐད་དེ་ལ་ཆ་འཇོག་བྱེད་དགོས་པར་མཐོང་ངོ་།།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་མཆོག་ནས། ཁ་བརྡ་དྲྭ་ངོས་སུ་དག་ཆ་གཙང་སེལ་མཛད་པར་བླ་ན་མེད་པའི་གུས་བཀུར་དང་། མ་འོངས་པར་ཡང་དེ་བཞིན་དུ་མཛད་རྒྱུའི་རེ་སྨོན་ཞུ་རྒྱུ་ཙམ་མ་ཟད། ལྷག་པར་མིང་ཚིག་གི་གྲུབ་ཚུལ་སོགས་ཀྱང་དམ་པ་གོང་མའི་ཞལ་རྒྱུན་དམིགས་བསལ་བ་རེ་ཡོད་ན་དེ་ཚོ་རྩལ་འདོན་གནང་ཐུབ་ན་དངོས་འབྲེལ་ཕན་ཐོགས་འདུག མི་ཁ་ཤས་ནི་རྣ་བ་རྐུབ་ལ་སྐྱེས་པའི་ལན་པས། ག་དུས་ཀྱང་ཆགས་སྡང་ཙམ་མ་གཏོག་མི་ཤེས་པས་དེ་ཚོར་ཁ་ཡ་གནང་ཁོམས་མེད་ན་ལེགས།
ལྷ་ས་བ་དང་། རྒྱ་གར་བ། བོད་པ་དང་། བྱང་པ། སོགས་ནི། བདག་སྒྲར་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་ཁུངས་འདི་ཡང་མ་དག་པ་ཡིན་ནམ། བོད་ཀྱི་སྐད་ཡིག་དར་རྒྱས་ཤོག །
ཡང་འཇམ་དཔལ་ལགས། རྒྱ་དམར་གྱིས་བོད་རིག་གཞུང་རྩ་གཏོར་བཏང་བ་རེད། ཅེས་པ་འདིས་བོད་ཀྱི་རིགས་གཞུང་ཙམ་ལ་གོའམ། ཡང་ན། བོད་དང་རིག་གཞུང་གཉིས་ཀ་ལ་གོ་མི་སྲིད་པ་ཡིན་ནམ། དགེ་ལེགས་འཕེལ། །
རྒན་ཀླུ་སྨྱོན་མཆོག་ནས་བཀའ་ལན་གནང་བར་ཐུགས་རྗེ་ཆེ། སྐུ་འབུམ་དགེ་བཤེས་ཆེན་མོ་ཁོང་ཀུན་གཟིགས་བཅུ་པ་མཆོག་གི་དུས་སྐབས་སུ་བཞུགས་ཡོད་པ་འདྲ། ༡༩༨༠ རྗེས་སུ་ཨ་མདོའི་འབྲོག་ཁུལ་ཞིག་ཏུ་ས་རྩོད་ཀྱིས་ཕན་ཚུན་གསོད་རེ་བྱེད་པའི་གནས་ཚུལ་བྱུང་བར་ཀུན་གཟིགས་མཆོག་ནས་བཀའ་སློབ་ནན་པོ་ཞིག་ཕེབས་འདུག་པའི་ནང་དུ་སྐུ་འབུམ་དགེ་བཤེས་ཆེན་མོ་བར་བསྡུམས་སུ་གཏོང་གནང་ཚུལ་གསུངས་འདུག་པས་སྐབས་དེ་དུས་གུས་རང་གི་སེམས་ནང་དུ་དགེ་བཤེས་ཆེ་མོ་དེ་སུ་ཡིན་ནམ་མཉམ་པའི་ཤེས་འདོད་ཆེན་པོ་ཡོད། ཁ་སང་ཁྱེད་ཀྱི་ཉམས་འགྱུར་ལྡན་པའི་རང་གི་བླ་མར་བསྟོད་པའི་སྙན་རྩོམ་དེ་མཇལ་སྐབས་ལོ་ངོ་བཅུ་ཕྲག་སྔོན་གྱི་སེམས་ནང་གི་རྣམ་དོགས་དེ་འཕྲལ་དུ་ཤར་བྱུང་བས་བཀའ་དྲི་ཞུས་པ་ཡིན།
ལེགས་སྦྱར་དང་། བོད། དབྱིན་ཡིག་བཅས་ལ་མཁས་པའི་མཐར་སོན་ཅིང་། བོད་ཀྱི་རིག་གཞུང་ལ་ལྷག་བསམ་མཆོག་ཏུ་དཀར་བའི་མཁས་དབང་ལ་དྭགས་རྒན་འཇམ་དཔལ་མཆོག་དྲ་རྒྱ་འདིར་ཕེབས་ནས་ནོར་བར་ནོར་བཅོས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒན་ལགས་ཀྱི་དགོངས་གཞི་ནི་སྔོན་གྱི་ཆོས་རྒྱལ་དང་ལོ་པཎ་བཀའ་དྲིན་ཅན་ཚོས་དཀའ་བ་བརྒྱ་ཕྲག་སྤྱད་ནས་རྒྱལ་བའི་བཀའ་བསྟན་རྣམས་པུར་རྒྱལ་བོད་དང་། ཆེན་པོ་ཧོར་ཧི་མ་ལ་ཡའི་རིགས་རྒྱུད་དང་བཅས་པའི་ནང་པ་ཡོད་དོ་ཅོག་གི་ཀློག་ཐུབ་པ་དང་། ཀློག་ན་དོན་གོ་བའི་གྲགས་སྙན་འབར་བའི་སྤྱི་སྐད་འདི་ཉིད་ཟུར་དུ་བསྐྱུར་ནས་དེང་རབས་མཁས་པའི་དབང་པོར་རློམ་པ་མང་པོ་མཁས་ཐལ་ཤོར་ནས་སྤྱི་སྐད་ཁ་སྐད་དུ་འགྱུར་བ་དང་། ལུང་ཚན་སོ་སོའི་ཁ་སྐད་དུ་རྩོམ་ཐུང་རེ་བྲིས་ནས་ལུང་ཚན་དེའི་མི་ལས་གཞན་པས་གོ་བར་དཀའ་བའི་གནས་སྟངས་སྐྱོ་བོ་དེར་ཐུགས་ཚབ་ཆེན་པོ་གནང་མཁན་ཞིག་ཡིན།
དོན་མ་གོ་ཉུང་ཤས་ནས་རྒན་ལགས་ལ་ཚིག་ངན་སྨྲ་བ་ནི་རང་ཉིད་བོད་ཀྱི་བརྡ་དག་མི་ཤེས་པའི་བླུན་རྟགས་སྟོན་པ་རང་ཡིན།
སྐྱུར་རྩི་ལགས། ས་རྩོད་འདིའི་སྐབས་ཀྱི་བར་འདུམ་པའི་ཁྲོད་ཀྱི་སྐུ་འབུམ་དགེ་བཤེས་ཚང་ནི་ཨ་ཚོགས་དགོན་པའི་དགོན་བདག་དེ་ཡིན་ངེས། རྒྱུ་མཚན་ནི་ས་རྩོད་བྱེད་ས་དེ་ངའི་ཕ་ཡུལ་དང་ཐག་ཉེ་ལ་སྐུ་འབུམ་དགེ་བཤེས་ཚང་གི་དགོན་པ་དང་ཐག་ཧ་ཅང་ཉེ། དེ་དུས་ཀྱི་བར་འདུམ་པའི་ཁྲོད་དུ་ལྰ་མོའི་ཞབས་དྲུང་དཀར་པོ་ཚང་དང་པཎ་ཆེན་རྒྱ་ཡག་རིན་པོ་ཆེ། སྐུ་འབུམ་དགེ་བཤེས་ཚང་སོགས་བླ་ཆེན་དུ་མ་ཞིག་ཡོད་འདུག
རྒན་འཇམ་དཔལ་ལགས་ཀྱིས་གསལ་བཤད་དང་བཀའ་བཀྱོན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་སྐབས་འདི་ནི་སྙན་ངག་གི་སྐོར་བཤད་ས་རེད། འདི་ལ་ངེས་པར་དུ་ཆོས་སྐད་ཡིན་དགོས་གསུང་བ་ནི་ཅུང་མཁས་པའི་ཐལ་ཆ་ཞིག་ཏུ་མཐོང་ལ། ཡང་རང་གི་བླ་མ་དང་རང་གི་ཤོད་རྒྱུན་ཙམ་རྒྱན་དུ་འཁུར་ནས་ངེས་པར་དུ་འདི་ལྟར་བགྱིའོ་ལྟ་བུའི་དགོངས་གཞི་བཏོན་པར་ཡང་ཅུང་མཁས་པའི་ཐུགས་ཉམས་མ་བཞག་པའི་ཨུ་ཚུགས་ཀྱི་རྣམ་པ་ཞིག་ཏུ་མཐོང་།
རྒན་ལགས་ཀྱིས་སྔོན་མའི་བཀའ་བསྟན་གྱི་ཚིག་གཅིག་བུས་དེང་གི་ཆོས་འཇིག་རྟེན་ཡོངས་སུ་འགྲུབ་དགོས་པའི་ཐུགས་འདུན་བཅངས་པ་དེ་ཤིན་ཏུ་ནོར་ཚབས་ཆེན་པོ་ཡིན་ཏེ། མིང་དང་ཚིག་གི་གྲུབ་ཆ་རེ་རེ་བཞིན་འགྱུར་དང་འགྱུར་བཞིན་ཡོད་ལ། མཁས་པ་དང་མཁས་པའི་བར་ནས་གསར་གཏོད་ཅེས་པའི་མིང་ཚིག་ཅིག་ཀྱང་ཡོང་གི་ཡོད། ལྷག་པར་དུ་སྙན་ངག་དང་སྙན་ངག་འགྲུབ་བྱེད་ཀྱི་མིང་དང་ཚིག་སྟེ། དཔེར་ན་མངོན་བརྗོད་དང་བརྡ་རྙིང་གི་བར་ནས་ངེས་པར་དུ་འགྱུར་བ་དེ་མ་ཡོང་ཐབས་མེད་ཡིན་པ་དེང་གི་སྤྱི་ཚོགས་དང་ཁོར་ཡུག་གིས་བཟོས་ནས་ཡོང་བཞིན་པ་འདི་ལྟ་ན། རྒན་ལགས་ཀྱིས་ངེས་པར་དུ་ཐུགས་ཞིབ་ཟབ་མོ་གནང་སྟེ་གཞོན་རབས་པ་དག་ལ་སྐྱོན་བརྗོད་ཀྱི་ཚེགས་ཆུང་དུ་གཏོང་བའི་རེ་བ་ཞུ།
གཞར་ཡང་། ཉི་མ་རེ་རེ་བཞིན་དངོས་པོ་འདྲ་མིན་བཅྭོ་བརྒྱད་གསར་དུ་འབྱུང་གི་ཡོད་པ་འདི་དག་ལ་མིང་གསར་བ་རེ་བཏགས་འོང་སྐབས། འདི་སྔོན་མའི་བཀའ་བསྟན་དུ་མ་གྲགས་པའི་ཐ་སྙད་དོ་ཞེས་ཨུ་ཚུགས་སྐྱོན་ག་ལ་སྲིད་ཨང་། ཡང་ཁྱོད་ཚོས་ད་དུང་ལྔ་བ་དང་དགུ་བར་ལྔ་པ་དང་དགུ་པ་འབྲི་དགོས་པའི་རྒྱུ་མཚན་དུ་ལྷ་ས་པ་དང་ལ་དྭགས་པ་དྲངས་ཏེ། བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།ཞེས་པའི་རྩ་ཚིག་འདིར་འཁོར་གསུམ་སྐོར་ག་ལ་སྲིད། རིང་ལུགས་དང་གཞན་ལུགས་ཞེས་པའི་ཐ་སྙད་ཅིག་ཀྱང་ཞར་དུ་རྒན་ལགས་ལ་ངོ་སྤྲོད་ཞུ་དགོས་དོན་ནི། མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ལ་སྐྱོན་བརྗོད་གནང་ན་མཐར་རང་ཉིད་ཀྱི་བདེ་བ་འཇོམས་པར་བྱེད་པའི་གནས་ལུགས་དེ་ཡང་མཁྱེན་པར་མཛོད།གནམ་ལྕགས་ཀྱིས་གུས་པ་དང་བཅས།
མཆན་༥༣པའི་ནོར་འཁྲུལ། པཎ་ཆེན་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ།
བཀའ་བསྟན་ནི་རང་རེའི་བོད་ཀྱི་རིག་གནས་ཀྱི་སྲོག་རྩ་གཅིག་བུ་དེ་ཡིན་པས། འདི་ཡོད་ན་བོད་ཀྱི་རིག་གནས་གསོན་པོར་ཡོད་ལ། འདི་མེད་ན་བོད་ཀྱི་རིག་གནས་ཟེར་བ་ཞིག་མེད། བོད་ཀྱི་སྐད་ཡིག་ཡག་པོ་ཡོད་པ་དང་ཤེས་པ་ཙམ་གྱིས་བོད་ཀྱི་རིག་གནས་ཡག་པོ་ཡོད་པ་དང་ཤེས་རྟོགས་ཡོད་པའི་ཚབ་བྱེད་མི་ཐུབ། བོད་ཀྱི་རིག་གནས་ཀྱི་འགྲོ་སྟངས་མི་ཤེས་པའི་ནང་རུལ་བ་དེ་ཚོས་ད་བར་དུ་ནང་ཆོས་ལ་དགག་པ་བརྒྱབ་ནས་ཁོ་ཚོའི་བསམ་དོན་འགྲུབ་རྒྱུ་ཕར་ཟད། དེ་ལས་ལྡོག་སྟེ་བཀའ་བསྟན་གྱི་རིག་གནས་ནི་འཛམ་གླིང་ལ་ཉི་ཤར་སྦར་མོས་མི་ཐེབས་པའི་ཚོད་དུ་བསླེབས་ཡོད་པ་འདི་ནང་རུལ་བ་དག་གི་བསམ་ཡུལ་ལས་འདས་བའི་གནད་དོན་ཞིག་རེད།
རྒན་ལ་དྭགས་པ་མཆོག་གིས་བཀའ་ལན་གནང་བ་དེས་ཕན་ཐོགས་བྱུང་། ངས་མཁས་དབང་ཁོང་གི་སྐུ་མདུན་ནས་སི་ཏུའི་སུམ་རྟགས་དང་སྙན་འགྲེལ་དནྜིའི་དགོངས་རྒྱན་ཀྱི་སློབ་ཁྲིད་ཀྱང་ཞུས་མྱོང་།
བཀའ་བསྟན་ཟེར་བ་དེ་ལ་ཡང་འགྱུར་བ་གང་མང་བཏང་ཚར་བ་རེད།
མ་འོངས་པ་ན་ང་ལྟ་བུ་བོད་ཀྱི་རིག་པའི་ཆ་ཚང་ཁོང་དུ་ཆུད་ཡོད་མཁན་དག་གིས་དེ་ལ་དག་བཅོས་བྱེད་སྲིད་པ་རེད།
ལ་དྭགས་པ་ལ་དྲི་བ་ཞིག་ཡོད་པ་ནི། རྒྱལ་པོ་དང་རྒྱལ་བ་གཉིས་ཀྱི་མིང་མཐའ་འདི་གཉིས་ལུང་སྟོན་པའི་གང་ཞིག་དྲངས་ནས་ཁྱོད་ཀྱིས་བསྒྲུབ་རྒྱུ་ཡིན་ནམ། འདི་དག་གིས་ཆོས་སྐད་སྨྲ་བར་རློམ་པ་ཁྱེད་ཅིག་གི་རང་གནོངས་ནམ་མཁར་མི་ཤོང་བ་དེའོ།།
འདི་ལྟ་བུ་གང་མང་ཡོད་མོད། མང་བོ་རིགས་བསྒྲེ་ན་རྟོགས་ཐུབ་པར་ཆ་འཇོག་གི་ཡོད། མི་རྟོགས་ན་ང་ལ་དྲིས་དང་ཆོག
སྔོན་མ་བཀའ་བསྟན་སོགས་ནས་ཀྱང་གག་སོགས་གང་དང་ལ་སྩོགས་པ་སོགས་ལ་སོགས་པ་སོགས་ལ་བཅོས་པ་རེད། མ་འོངས་པར་ཡངས་བཅའ་སྲིད་པ་རེད། དེ་ནི་རྟག་བརྟན་པ་ཞིག་མིན་པ་བློ་གྲོས་ཀྱི་ཁབ་མིག་ལྡན་དག་གིས་ཀྱང་རྟོགས་ལོས་ཐུབ
བོད་ཀྱི་རིག་གནས་ནི་སེམས་ཁམས་དང་ཀུན་སྤྱོད་དང་འབྲེལ་བའི་རིག་གནས་ཤིག་ཡིན་པར་འདོད་དོ། །
སེམས་ཁམས་དང་ཀུན་སྤྱོད་མ་འབྲེལ་བའི་རིག་གནས་ཤིག་ག་བར་འདུག
རྒན་ལ་དྭགས་པའི་དགོངས་གཞིའི་ཚད་མཐོ་བ་ལས་གཞན་ཉི་མ་གཞོན་ནུ་ལ་ཡང་གནས་ལུགས་ལྡན་པར་འདོད། ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་བཀའ་བསྟན་འདི་བོད་རང་གི་ཁ་སྐད་གཙང་མའི་ནང་དུ་འབེབ་ཆེད་བཀས་བཅད་རིམ་པ་གསུམ་གནང་དགོས་བྱུང་བ་དང་། རྒྱ་མི་བོད་ལ་བསླེབས་རྗེས་དགེ་བཤེས་ཤེར་རྒྱམ་དང་ཚེ་ཏན་ཞབས་དྲུང་སོགས་ཀྱིས་དེང་དུས་ཀྱི་མིང་བརྡ་སྟོང་ཕྲག་མང་པོ་ཞིག་གསར་བཟོ་གནང་བ་རེད། ཆར་པ་དང་ཆར་བ་ལྟ་བུ་གང་བྲིས་ཀྱང་གཞུང་ཆེན་མོའི་དགོངས་པ་འཁྲུག་འགྲོ་བའི་རྙོག་དྲ་རྡུལ་ཙམ་ཡང་མེད་པ་འདི་དག་ལ་སེམས་པ་གུ་ཡངས་པོའི་སྒོ་ནས་བོད་སྟོད་སྨད་དང་ཕྱི་ནང་གང་ནས་བྲིས་ཀྱང་དང་ལེན་བྱེད་ཐུབ་དགོས་ཀི་འདུག བཀའ་འགྱུར་བསྟན་འགྱུར་གྱི་ཚིག་རིས་དང་འགལ་འགྲོ་བར་སྐྲག་ནས་བསྡད་ན་བསྡད་ཚོད་ཅིག་ག་ལ་ཡོད་དེ། རེའི་བོད་པ་བརྒྱ་ཆའི་དགུ་ཅུ་གོ་ལྔ་ཡན་ཆད་ཀྱིས་བཀའ་འགྱུར་བསྟན་འགྱུར་ཟེར་བ་དེ་མཆོད་བཤམས་ནང་བཅུག་སྟེ་སྒོ་ལྕགས་བརྒྱབ་རྗེས་མདུན་དུ་མཆོད་པ་རེ་བཤམས་བཞག་ན་བཀའ་འགྱུར་བསྟན་འགྱུར་བླུ་ཡོན་ཞུས་པའི་དགོངས་པ་གཙོ་བོ་དེ་འགྲུབ་པར་འདོད་པ་ཡིན་པས། ཡི་གེ་འབྲི་ཀློག་དངོས་ཀྱི་སྐབས་སུ་བཀའ་བསྟན་རྣམ་པ་ཚོ་ནི་མཆོད་བཤམས་ནང་གཟིམ་སྐྱིད་པོ་ཁུག་ནས་ཡོད་པ་མ་གཏོགས་དེ་ལྟར་བྲིས་ན་ངའི་ཉལ་ས་མི་བདེ་གི་ཞེས་རྙོག་དྲ་ཅི་ཡང་སྔོན་ཆད་གསུངས་མ་མྱོང་ལ་ད་ལྟ་ཡང་གསུང་བཞིན་མེད་ཅིང་མ་འོངས་པར་ཡང་དེ་ལྟར་གསུང་མདོག་ཁ་བོ་མ་རེད།
མིག་བརྒྱད་ནས་སེམས་ཁམས་དང་ཀུན་སྤྱོད་མ་འབྲེལ་བའི་རིག་གནས་བརྒྱད་མཐོང་གི་ཡོད་ན་མ་གཏོགས་
མཆན་༦༢པའི་ཆད་པ། རང་རེའི་་་་་་་་་་་་་་་
སེམས་ཁམས་དང་མ་འབྲེལ་བའི་རིག་གནས་དཔེར་ན། ས་གཤིས་རིག་པ། རྫས་འགྱུར་རིག་པ། དངོས་ཁམས་རིག་པ། འཕྲུལ་ཆས་རིག་པ། གློག་རྡུལ་རིག་པ། རྩིས་རིག་སོགས་མང་།
དེ་དག་གང་འདྲ་བྱས་ནས་སེམས་ཁམས་དང་མ་འབྲེལ་བའི་ཀུན་སྤྱོད་ཆགས་ཀྱི་ཡོད་དམ། དེ་དག་ཀུན་སྤྱོད་རེད་པས།
སེམས་ཁམས་དང་ཀུན་སྤྱོད་མ་འབྲེལ་བ་ཟེར་ན་ག་རེ་ལབ་གི་ཡོད་རེད།
བསམ་བློའི་རྣམ་བཞག་དེ་ལ་༼psychology ༽་ཟེར་བ་རེད། དེ་ནི་སེམས་ཀྱི་བྱེད་ལས་དང་འབྲེལ་བའི་སློབ་སྦྱོང་གི་རིམ་པ་ཞིག་རེད། ས་གཤིས་རིག་པ་ལ་༼ geography༽གླིང་ཕྲན་བདུན་དང་རི་བོ་སོགས་ཇི་ལྟར་ཆགས་ཚུལ་གྱི་སློབ་སྦྱོང་གི་རིམ་པ་ཞིག་ཡིན་པས་སེམས་ཁམས་དང་འབྲེལ་བ་མེད། ཀུན་སྤྱོད་ཟེར་དུས་སེམས་ཁམས་དང་འབྲེལ་ནས་ཡོང་གི་ཡོད། དཔེར་ན། ནང་པ་སངས་རྒྱས་པའི་ཀུན་སྤྱོད་ཀྱི་མིག་དཔེ་ལྟ་བུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གཞུང་ལྟ་བུ་ཀུན་སྤྱོད་རིག་པའི་གཞུང་ལུགས་གཙོ་བོ་ཞིག་རེད།
psychology ལ་སེམས་ཁམས་རིག་པའམ་བསམ་བློའི་ཚན་རིག་བསམ་བློའི་རྣམ་གཞག་ཟེར་། འོན་ཀྱང་། geography ལབ་ན་ས་བཤད་དམ། ས་ཁམས་རིག་པ་ལ་ཟེར་། དཔེར་ན། geography of Tibet ལབ་ན་བོད་ཀྱི་ས་ཁམས་སམ་ས་བཤད་ལ་ཟེར། ས་གཤིས་རིག་པ་ཞེས་ལབ་ན། geology ཞེས་པ་འདིར་གོ་དགོས། ཁྱད་ཆོས་སྦྱར་ནས་དཔེར་ན། geological ལྟ་བུར་ས་གཤིས་དཔྱད་རིག་མཁས་པ་ལ་ཟེར། ཀུན་སྤྱོད་ཞེས་ལབ་དུས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་དམ་སྤྱོད་ལམ་ཟེར་རམ། དཔེར་ན། རྟོགས་པ་ལྷ་དང་མཉམ་ཡང་། ཀུན་སྤྱོད་མི་དང་མཐུན་དགོས། ལྟ་བུ་ལུས་ངག་གི་བྱ་བ་ཐམས་ཅད་བློའི་གཡོ་བ་སྔོན་དུ་སོང་ནས་བྱས་ཡོད་མེད་མི་ཤེས།
གནམ་ལྕགས་ཁྱེད་དུས་ཡུན་རིང་དུ་སྐུ་ཁམས་བཟང་པོ་དང་། སློབ་སྦྱོང་ལེགས་པ་དང་། ཆོས་སྒྲུབ་པ་རྟག་ཏུ་བདེ་བ་དང་ལེགས་པར་གྱུར་་ཅིག བོད་སྐད་དུ་ཚིག་གསར་རེ་མ་འོངས་པ་ན་བཟོ་དགོས་འབྱུང་ཚེ། སྐྱེ་བོ་ཕལ་མོ་ཆེས་གོ་བ་ལ་དམིགས་ཏེ། རྒྱ་གར་པས་ལེགས་སྦྱར་དང་། ནུབ་ཕྱོགས་པས། གི་རིག་ ལ་ཏིན་ སྐད་རྙིང་ལ་་ཁུངས་བཏུགས་ཏེ་བཟོ་བ་བཞིན་དུ། རང་རེ་བོད་ཀྱིད་་ཀྱང་ཆོས་སྐད་ལ་གཏུགས་ཏེ་བཟོ་དགོས་པ་ཐུགས་ལ་འཇོག་པར་འཚལ།
ཨ་རི་རུ་ལོ་བརྒྱ་ཕྲག་སྔོན་དུ་ཚིག་མང་པོའི་དག་ཆ་ལ་འགྱུར་བཅོས་བཏང་བ་ལ་ཨ་རིའི་སྐྱེ་བོ་མང་པོ་ལ་བློ་ཕམ་བྱུང་། ཚིག་གི་དག་ཆ་་འགྱུར་བཅོས་ལ་ཆོག་མཆན་ལག་རྟགས་རྒྱབ་མཁན། སྲིད་འཛིན་དེ་ཉིད་ལན་གཉིས་པར་སྲིད་འཛིན་བྱེད་པར་མོས་ཤོག་བསྡུས་པ་ན་མོས་ཤོག་ཏུ་ཕམ། གསར་ཤོག་དག་ཏུ། འགྱུར་བཅོས། འགྱུར་བཅོས།འགྱུར་བཅོས། ཞེས་དགོད་བྲོ་བའི་ཚུལ་དུ་བཀོད་པ་ཐོས། སྲིད་འཛིན་གྱིས་ལག་རྟགས་བརྒྱབ་པས་ཚིག་མང་པོ་ལ་ཨ་རིའི་ཡི་གེའི་དག་ཆ་དེ། ཨིན་ཡུལ། རྒྱ་གར་སོགས་དང་མི་མཐུན་པར་གྱུར། ཨིན་ཡུལ་པ་སོགས་ཀྱིས་ད་དུང་ཡང་། ཨ་རིའི་ལུགས་ཀྱི་ཡི་གེའི་དག་ཆ་ལ་མི་དགའ་བ་ཡོད་པ་ཐོས། དེ་བཞིན་རང་རེ་བོད་པ་ཡི་གེ་དག་ཆ་ལུང་སྐད་བཞིན་འགྱུར་བཅོས་ལ་དགའ་་འགའ་ཞིག་གིས་བྱང་ཆུབ་ལམ་རིམ་མོ་ཆེན་མོ་དང་། ཐུ་བཀྭན་གྲུབ་མཐའ་སོགས་ཀྱི་དག་ཆ་ལ་འགྱུར་བཅོས་བྱས་པ་དེ་དག་མཐོང་ནས། བློ་ཕམ་པ་མང་པོ་བྱུང་བ་ཁྱེད་ཅག་གིས་མཁྱེན་ངེས། རང་རེ་ལ་སྔར་གྱི་མཁས་པ་རྣམས་ཀྱིས་སྒྱུར་རྩོམ་གྱིས་བོད་ཀྱི་སྐད་དེ་མཐོ་ཚད་ཆེ་བ་ཡང་རྩེར་ཆགས་ཡོད། རིག་གནས་གསར་པ་ཇི་ལྟ་བུ་ཞིག་འབྱུང་ཡང་བོད་ཀྱི་ཆོས་སྐད་ལ་བརྟེན་ནས་མིག་ཚིག་གསར་པ་བཟོ་ཐུབ་པ་ཡིན། འདི་ལྟ་བུའི་སྐད་ཡོད་པ་ལ་བདག་པོ་མ་རྒྱབ་པར་ཁ་ནས་ཡར་རྒྱས་ཡར་རྒྱས་ཟེར་བ་ནི་ནོར་བ་ཡིན། ལ་དྭགས་ལུང་པ་ཆུང་ཆུང་ཞིག་ཡིན་ཀྱང་ཡང་རྩེར་སོན་པའི་ཡིག་སྐད་དེ་བཞག་ནས་ཕལ་སྐད་ལ་གསར་ཤོག་སོགས་བཏོན་པ་དེ་རིགས་ནི་བཀའ་བསྟན་རིག་གནས་ཀྱིས་ཕྱུག་པའི་སྐད་དེ་མ་འོངས་པ་ན་སུས་ཀྱང་གོ་མི་ཐུབ་པ་ཞིག་ཏུ་འགྱུར་ངེས་བསམས་ཏེ། ཕལ་སྐད་ལ་གསར་ཤོག་སོགས་འབྲི་བ་མེད་པ་བྱས། དེ་བཞིན་འབྲུག་པ་དང་། གཞན་དག་ཕལ་སྐད་ལ་འབྲི་བ་པོ་དག་གིས་ཀྱང་བྱེད་དགོས་པ་མ་ཡིན་ནམ།
དེས་ན་རང་རེས་ཆོས་སྐད་དེ་ལ་བསྒྱུར་བཅོས་མ་བཏང་བར་བསྲུང་དགོས། རང་རེས་ཡར་རྒྱས་ཡོད་པའི་ཆོས་སྐད་དེ་ལ་བསྒྱུར་བཅོས་བཏང་སྟེ། ལུང་པ་རེ་རེའི་ཁ་སྐད་དམ་ལུང་སྐད་གསར་པ་རེ་བཟོ་བ་འདིས་བོད་སིལ་བུར་སོང་བ་ལས་ཆེས་བུར་འགྲོ་བ་ཞིག་ཏུ་མི་འགྲོ་བའམ། འདིར་མ་འོངས་རྒྱང་གཟིགས་བོད་ཀྱི་རིག་གཞུང་ལ་གཅེས་སྐྱོང་མཛད་པོ་མཁས་དབང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་གསུང་དེ་སླར་ཡང་འགོད་དགོས་པ་མཐོང་སྟེ། འདི་ལྟར།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
ལྷ་ས་ཧོར་ཁང་སྤར་མ། ཤོག་གྲངས། ༣༢
མཁས་དབང་ཀླུ་སྨྱོན་མཆོག་ལ་ཞུ་རྒྱུར། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པར་མདོ་སྨད་ཕྱོགས་ནས་ཡོངས་འཛིན་གསུམ་བྱུང་ཡོད།་༡ འཇམ་མགོན་བསྟན་པ་འཛིན་པའི་སྐྱེ་བོ་ཀུན་གྱི་གཙུག་གི་ནོར་བུར་གྱུར་པ་མཁས་གྲུབ་ཆེན་བླ་འཁོ་རྡོ་རྗེ་འཆང་ཆེན་པོའི་མཛད་རྣམ་མཇལ་མྱོང་། ༢རྒྱ་ཡག་རིན་པོ་ཆེ་ཡང་མཇལ་མྱོང་ཡང་། ༣ཨ་ལག་བསང་ཁོག་འཇིགས་མེད་རྒྱ་མཚོ་མཆོག་གི་མཛད་རྣམ་ད་ལྟ་བར་དུ་ཡིག་ཐོག་ཏུ་མཐོང་མ་སོང་ཞིང་། གོ་ཐོས་ལ་ཁོང་བླ་འཁོ་རྡོ་རྗེ་འཆང་གི་མཆོད་དཔོན་མཁན་པོ་ཡིན་པ་འདྲ་བོ་ཞིག་འདུག་པས་མཁས་དབང་མཆོག་ནས་ཁོང་གི་སྐོར་མཁྱེན་གྱི་ཡོད་ན་ལོ་རྒྱུས་ཀྱི་ཟིན་མཐོར་བཀོད་གནང་ཡོད་པ་ཞུ།
གང་ལགས་ཞེས་ན་ཀུན་གཟིགས་བཅུ་པ་མཆོག་དེ་བོད་མི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་དབང་གིས་ཁོང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དེ་ཚོ་གལ་ཆེན་པོ་ཞིག་ཆགས་ཡོད། གུས་རང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་མོར་མཆོད་མཇལ་དུ་བཅར་སྐབས་བསྡེབས་བྲིས་སུ་ཀུན་གཟིགས་མཆོག་དབུ་བཞུགས་ཐོག་གཡས་གཡོན་དུ་ཡོངས་འཛིན་རྣམ་པ་ལྔའི་སྐུ་བརྙན་ཀྱང་ཡོད། ཁྱབ་བདག་འཁོར་ལོའི་མགོན་པོ་ཡོངས་འཛིན་རྡོ་རྗེ་འཆང་དངུལ་ཆུ་གསང་བདག་བསྟན་པའི་རྒྱལ་མཚན་མཆོག་དང་། རྣམ་འབྱོལ་གྱི་དབང་ཕྱུག་ཆེན་པོ་དཀའ་ཆེན་བློ་བཟང་ཉི་མ་མཆོག་སོགས་ཡོད། དངུལ་ཆུ་རྡོ་རྗེ་འཆང་གི་མཛད་རྣམ་ཡིག་ཐོག་ཏུ་ཡོད་ཀྱང་ཡོངས་འཛིན་བློ་བཟང་ཉི་མ་མཆོག་གི་མཛད་རྣམ་ཡིག་ཐོག་ཏུ་མེད
ཐ་སྙད་ལ་འགྱུར་བ་གཏོང་དུས་མཐའ་གཅིག་ཏུ་ཆོས་ཚིག་ལ་ཁུངས་གཏུག་དགོས་པའི་ངེས་པ་མ་མཐོང་སྟེ། ཐ་སྙད་ལ་མཚོན་ན་ཆོས་ཀྱི་ཚིག ཆབ་སྲིད་ཀྱི་ཚིག དཔལ་འབྱོར་གྱི་ཚིག སྙན་ངག་གི་ཚིག ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཐ་སྙད་དཀྱུས་མའི་རིགས་སོགས་མ་ངེས་པ་སྣ་ཚོགས་ཡོད་པ་མ་ཡིན་ནམ། དཔེར་ན་གནའ་སྔ་མོའི་དུས་སུ་བསྒྱུར་པའི་མདོ་མཛངས་བླུན་དང་དཔག་བསམ་འཁྲི་ཤིང་སོགས་སུ་ཡོད་ཀྱང་དེང་དུས་བེད་སྤྱོད་བྱེད་ཀི་མེད་པའི་རིགས་ལ་ད་དུང་ཨུ་ཚུགས་མི་བྱེད་པར་ཐ་སྙད་དེ་དང་དེའི་ཚབ་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་མིང་ཚིག་གསར་པའི་རིགས་གསར་སློབ་པ་ཚོར་ངོ་སྤྲོད་བྱེད་མི་དགོས་སམ། དེའི་དཔེ་མཚོན་དུ་སྐྱོགས་སྟོན་གྱི་ལི་ཤིའུ་གུར་ཁང་དུ་དྲངས་པའི་བརྡ་རྙིང་ལ་དྭགས་སོགས་བོད་ཀྱི་མཐའ་མཚམས་ལུང་པ་རེ་ཟུང་ན་མ་གཏོགས་བེད་སྤྱོད་མེད་པའི་རིགས་དེ་ཚོ་ད་དུང་འདོར་མི་ཐུབ་པའི་ཞེན་ཆགས་དྲག་པོ་དེ་ཡག་པོ་ཞིག་ཡིན་
ནམ།
རྗེ་མི་ལས། ལྟ་བ་ཕྱོགས་རིས་མེད་པ་ཡིན།།
སྤྱོད་པ་ཆོས་དང་མཐུན་པ་ཡིན།།
སྒོམ་པ་རྣམ་གཡེང་མེད་པ་ཡིན།།
ཞེས་པ་ལྟར་ཆོས་དང་མཐུན་པའི་སྤྱོད་པ་ལ་ཀུན་སྤྱོད་བཟང་པོ་ཟེར་ན་ཆོག
ཕྱི་ལོ་༡༩༨༠་གཡས་གཡོན་དུ་རྒྱ་གར་འཕགས་ཡུལ་གྱི་གདན་ས་སེར་འབྲས་དགའ་གསུམ་དུ་པཎ་ཆེན་སྐུ་འཕྲེང་བཅུ་པའི་སྐོར་གྱི་བལྟ་མོ་འདྲ་བསྟན་ན་ཚོང་པ་རྒྱག་པའི་སྐོར་ང་ཚོས་ལྟ་གི་མིན་ཞེས་རྒྱ་དམར་ལས་ཀྱང་དགྲ་བོར་བརྩི་ཡི་ཡོད་འོ་ན་ཚོང་པ་རྒྱག་པ་ལས་ལྷག་པ་ཁྱོད་ཚོས་གང་གནང་ཡོད་དམ། དྲང་བདེན་གྱི་ལན་ཡོད་ན་ངས་ཕྱག་འཚལ་ཆོག བདེན་པའི་གནས་ཚུལ་ཤོད་ཀྱི་ཡོད།
ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་དམར་གྱི་ལག་ཏུ་རྩིས་སྤྲད་ནས་ད་ཐུགས་བདེ་པོར་བཞུགས་ཡུར་གྱར་གྱི་བོད་མི་རྣམས། ད་ང་ཚོ་བློ་བདེ་བོ་བྱས་ནས་ཉལ་ཆོག
སྐད་ཆ་བཤད་ཚེ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཤེས་དགོས།
ད་ངས་སྐྱིད་གླུ་ལེན།
ཚོང་པ་རྒྱག་པ་རྒྱ་མིའི་ལག་ཏུ་སྤྲད།
ས་ཡ་དྲུག་གི་སྐྱིད་པའི་གླུ་དབྱངས།
ཚོང་པ་རྒྱག་པ་མེད་ན་བདེ་སྐྱིད་བྱུང་།
ཚོང་པ་རྒྱག་པས་བོད་ཀྱི་བདེ་སྐྱིད་བཅོམས།
ཚོང་་པ་རྒྱག་པ་བོད་པ་གནོད་པ་འདྲ།
དེ་ནི་བཙན་བྱོལ་བོད་མིའི་མཐོང་ཚུལ་ལགས།
ཚོང་པ་རྒྱག་པ་མེད་ན་བོད་ལ་བདེ་སྐྱིད་འབྱུང་།
ཚོང་པ་རྒྱག་པ་མེད་ན་བོད་ཀྱི་སྐད་ཡིག་གོང་དུ་འཕེལ།
ཚོང་པ་རྒྱག་པ་མེད་ན་ད་བཟོད་བོད་འདི་འཆི་བདག་གི་ཁ་ནས་མཐར་བར་ངེས།
ལ་བདག་བློ་བཟང་བློ་བཟང་འཇམ་དཔལ་ལགས།
ཁྱེད་རང་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ ཡོད། དེང་སང་བོད་ཀྱི་ཐ་སྙད་ལ་བརྡུང་རྡེག་དྲག་པོ་ཕོག་ནས་མི་རེ་རང་རང་གི་འདོད་པ་དང་གྲོང་ཚིག་མང་པོ་ཞིག་ཡིག་སྐད་ནང་དུ་ལྐུགས་པ་ཨུ་ཚུག་གིས་བཅུག་ནས་མཁས་འདོད་བྱེད་པ་འདི་རྒྱ་གུང་ཁྲན་ལས་ཀྱང་ཧམ་སེམས་ཆེ་བ་འདུག །
ལ་བདག་བློ་བཟང་འཇམ་དཔལ་ལགས།
ཁྱེད་རང་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ ཡོད། དེང་སང་བོད་ཀྱི་ཐ་སྙད་ལ་བརྡུང་རྡེག་དྲག་པོ་ཕོག་ནས་མི་རེ་རང་རང་གི་འདོད་པ་དང་གྲོང་ཚིག་མང་པོ་ཞིག་ཡིག་སྐད་ནང་དུ་ལྐུགས་པ་ཨུ་ཚུག་གིས་བཅུག་ནས་མཁས་འདོད་བྱེད་པ་འདི་རྒྱ་གུང་ཁྲན་ལས་ཀྱང་ཧམ་སེམས་ཆེ་བ་འདུག །
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཆོས་སྐུ་དྲི་མེད་རིན་ཆེན་བསྟན།
ཆོས་ལུགས་རེས་མེད་བལྟ་བར་མཁས་པའི་ལུགས། །
ཆོས་ལུགས་མཐུན་སྒྲིལ་གནང་བ་གཟུ་གནས་ལུགས། །
ཆོས་བྱེད་རྩི་བཀུར་གནང་བ་ཡ་རབས་ལུགས། །
ཆོས་ལུགས་དག་སྣང་དགོས་པ་མི་ཡི་ལུགས། །
ལ་དྭགས་པ་བློ་འཇམ་ལགས།
བོད་སྐད་ཀྱི་ཐ་སྙད་ཐམས་ཅད་བཀའ་བསྟན་ལ་ཁུངས་གཏུག་ཏེ་གཞིར་འཇོག་དགོས་ན། དཔེར་ན་བཀའ་འགྱུར་ནང་གི་རྒྱུད་པོ་ཏི་ཕལ་ཆེ་བ་སྔགས་ཡིག་རྐྱང་རེད། སྔགས་ཡིག་དེ་ཚོ་ཆ་ཚང་གོ་ཐུབ་མཁན་ཞིག་དཀོན་སེའེ་རེད་པ། མར་ཀློག་དུས་ཀྱང་རྒས་པོ་རྒས་མོས་ཕྱུར་སྐམ་མུར་བ་ལྟར་ཀློག་ཐུབ་ལ་དང་མི་ཐུབ་ལ་ཀློག་གི་ཡོད་པ་ནི་མཁྱེན་གསལ་རེད། མ་གཞི་སྐུ་ཉིད་ཀྱིས་བཀའ་བསྟན་ཆ་ཚང་མར་ལྗགས་ཀློག་གཅིག་གནང་དང་། དེ་ནས་གོ་ཐུབ་པའི་བརྡ་རྙིང་ག་ཚོད་ཡོད་མེད་དང་གོ་མི་ཐུབ་པའི་བརྡ་རྙིང་ག་ཚོད་ཡོད་མེད། མཟད་རྒྱུན་དུ་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་ག་ཚོད་ཡོད་མེད་རྒྱུན་དུ་བེད་སྤྱོད་མི་བྱེད་པའི་ཐ་སྙད་ག་ཚོད་ཡོད་མེད་གསལ་པོར་གསུང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ངེས་རེད། ཡང་གཅིག་བཤད་ན་། ང་ཚོའི་སྐད་ཡིག་འདིར་ཆོས་སྐད་དང་ཡིག་སྐད་ཁ་སྐད་དང་ཕལ་སྐད་ཀྱི་བར་ཐག་ནི་ཧ་ཅང་རིང་ལ། འགྲེལ་པ་ནས་ཡང་འགྲེལ་རྒྱག་དགོས་པའི་དཀའ་གནད་འདིར་ཐུག་འདུག་སྙམ།
༄། །གོང་དུ་སྐུ་འབུམ་དགེ་བཤེས་ཟེར་བའི་སྐོར་ལ། སྐུ་འབུམ་དགེ་བཤེས་ཚང་བསྟན་པ་རབ་རྒྱས་ཞུ་བ་ཁོང་སྐུ་གཟུགས་ཆུང་ཆུང་ཅན། དགེ་ལུགས་པའི་ཆོས་བརྒྱུད་འཛིན་མཁན་ལས་རྙིང་མ་བཀའ་བརྒྱུད་སོགས་ལ་རིས་མེད་གནང་མཁན་བླ་མ་དམ་པ་ཞིག་ཡིན་ཞིང་། ཟི་ལིང་བཙོན་ཁང་ས་ཕག་བཟོ་གྲྭར་ལོ་བཅུ་ཕྲག་གཉིས་ཙམ་བཞུགས་དགོས་བྱུང་བ་གཅིག་དགུ་གྱ་གྲངས་ནང་བཙོན་ལས་ཐར་རྗེས་སུ། འབའ་སྨད་རྨ་ཀླུང་ཉེ་འགྲམ་དུ་ཡོད་པའི་རང་དགོན་གཡང་འཁྱིལ་དགོན་པ་ཉམས་གསོ་གནང་སྟེ་བསྟན་རྒྱུན་འཛིན་སྐྱོང་སྤེལ་གསུམ་གནང་མུར་གཅིག་དགུ་གོ་གྲངས་ནང་ཞི་བར་གཤེགས་འདུག་ཞུ།
བརྗོད་བྱ་དོན་གྱི་རི་དབང་འབིགས་བྱེད་ཕུལ་བྱུང་ཡུན་ཏན་ཕྱུར་བུས་གཏམས།།
བརྗོད་བྱེད་གསུང་དབྱངས་སྙན་འཇེབས་རོལ་མོས་སྐྱེ་དགུའི་སྒྲ་འཛིན་དོག་པོར་སྐྲུན།།
མྱོང་གོམས་ཕྲ་ཞིབ་མངོན་རྗེས་རིགས་པས་ལུས་སེམས་འཚོར་བའི་སྤུ་ལོང་གཡོ།།
རབ་བརྟགས་རྒྱན་གྱི་རིན་ཆེན་ལྔ་ཡིས་རྟོགས་བརྗོད་སྐུ་ཡི་མགུལ་བར་མཛེས།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་ཆོས་སྐད་ཀྱི་རྩོམ་ཡིག་འབྲི་དུས་ཆོས་སྐད་ཉག་ཅིག་འབྲི་དགོས་པར་བསྐུལ་མ་གནང་བར་བདག་རང་ངོས་ནས་ཀྱང་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཞུ། འོན་ཀྱང་འབྲུག་པའི་ཚགས་པར་འབྲུག་པའི་སྐད་ཀྱི་སྟེང་ནས་གདོན་པར་མི་འོས་ཚུལ་གསུངས་པ་ལ་རྒྱབ་སྐྱོར་ཞུ་ཐབས་བྲལ། དེ་ཡང་ཚགས་པར་རམ་གསར་ཤོག་ནི་དུས་དང་དུས་སུ་བྱུང་བའི་གནས་ཚུལ་ཏེ་གནས་སྟངས་དང་འབྲེལ་བའི་ལོ་རྒྱུས་མི་མང་གིས་ངེས་པར་དུ་ཤེས་དགོས་པ་རྣམས་ཡིག་ཐོག་ཏུ་བཀོད་དེ་མི་མང་ལ་བརྡ་སྤྲོད་བྱེད་ཅིག་ཡིན། དེའི་ཕྱིར་གསར་ཤོག་དེ་དེའི་དམིགས་བྱའི་མི་མང་གིས་གོ་ཐུབ་པའི་སྐད་ཡིག་སྟེང་ནས་འབྲི་དགོས། བདག་ཅག་འབྲུག་པའི་གསར་ཤོག་གི་དམིགས་བྱ་ནི་འབྲུག་པའི་མི་མང་ཡིན་པས་འབྲུག་པའི་སྐད་ཡིག་གི་སྟེང་ནས་འདོན་པར་མི་རུང་བ་དང་མི་འོས་པ་ཅང་མ་མཐོང་། དེ་ལྟར་ཡིན་པར་གོང་དུ་ཉིད་ཀྱིས་དྲངས་པའི་དགེ་ཆོས་ཀྱི་ལུང་གིས་ཀྱང་འགྲུབ་སྟེ། དེ་ཡང་ནང་ཆོས་ཀྱི་རྩོམ་ཡིག་འབྲི་ཚེ་རྩོམ་ཡིག་དེ་ཡི་དམིགས་བྱ་ནི་ནང་ཆོས་ཀྱི་ཀློག་པ་པོ་ཡིན་གཤིས་ནང་ཆོས་ཀྱི་ཀློག་པ་པོ་ཡོངས་ཀྱིས་གོ་བར་འབྲི་དགོས་པ་བཞིན། བདག་ཅག་གི་འབྲུག་པའི་གསར་ཤོག་གི་དམིགས་བྱ་ནི་འབྲུག་པའི་མི་མང་ནང་ཆོས་ཀྱི་ཤེས་ཡོན་ཡོད་མེད་གཉིས་ཀ་ཡིན་པས་དེ་དག་ཀུན་གྱིས་ཁྱད་མེད་གོ་ནུས་པར་འབྲི་དགོས་པ་ནི་གསར་ཤོག་གི་དམིགས་དོན་འགྲུབ་དགོས་པའི་ཕྱིར་ཡིན་ནོ། ཁྱེད་ལ་དྭགས་པས་ལ་དྭགས་ཀྱི་གསར་ཤོག་ཆོས་སྐད་སྟེང་དུ་འདོན་བཞིན་ཡོད་པ་ནི་མངོན་པར་བསྟོད་པར་འོས་པ་ཡིན་ཀྱང་ལ་དྭགས་པའི་མི་མང་གིས་གོ་བ་ལོན་མི་ནུས་བཞིན་དུ་གསར་ཤོག་གི་རྩོམ་སྒྲིག་པས་ཨུ་ཚུགས་ཀྱིས་འདོན་པ་ཡིན་ན་ཁྱེད་ཀྱི་གསར་ཤོག་དེས་གསར་ཤོག་གི་དམིགས་དོན་འགྲུབ་མི་ནུས་པས་དོན་བྱེད་ནུས་སྟོང་གི་གསར་ཤོག་ཅིག་ཏུ་འགྱུར་བར་གདོན་མི་ཟ། དེ་བས་ཆོས་སྐད་དང་ཕལ་སྐད་གཉིས་ཀྱི་དབར་ལ་ས་མཚམས་དང་རྡོ་མཚམས་ཤིག་བཞག་ནས་གཅིག་གིས་གཅིག་ལ་བཙན་དབང་བཙན་འགོག་བཙན་འཛུལ་སོགས་མ་བྱེད་ན་མི་ལེགས་སམ། ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཐུགས་མཉེས་པའི་རེ་བཅས་འབྲུག་ཡུལ་ནས་ཕུལ།
༸གོང་ས་མཆོག་གིས་དཔྱ་འབུལ་ཕྱག་དེབ་བསྣམས་པའི་སྐོར་གྱི་མཆན་ནས་འཕྲོས་པ།
༸གངས་མགོན་ཁྱེད་མཆོག་དཔྱ་དེབབཟུང་མིན་གྱིས།།
གངས་ཅན་སྐྱེ་འགྲོའི་དོན་ཆེན་མཚོན་མིན་ཏེ།།
གངས་རིའི་ལྗོངས་གཙོས་གོ་ལའི་ཁྱོན་ཀུན་ཏུ།།
གངས་ལྗོངས་མཚོན་རྟགས་་ཁྱེད་ཉིད་ཡིན་པའི་ཕྱིར།།
ཞེས་ཞུུ་རྒྱུ་དང་།སེམས་པ་ཆེན་པོའི་མཚན་ཅན་ཀླུ་སྨྱོན་ལགས་
ཁྱེད་ཀྱིས་དེ་ལྟར་མཆན་བསྐྱོན་ན་དུས་འཁོར་དབང་ཆེན་ཞུས་པ་སོགས་ཀྱི་བཤེས་གཉེན་བསྟེན་ཚུལ་རྣམས་ཇི་ལྟར་འགྱུར་རམ།ཞེས་སེམས་དཔའ་ཆེན་པོ་ལགས་ལ་བཀའ་འདྲི་ཞུ་རྒྱུ་ཡིན།
ཡང་ན་ཁྱེད་རྣམ་པ་ཉམས་རྟོགས་མཉམ་ནས་དམིགས་གསལ་ཅན་དུ་གྱུར་པ་ཡིན་ནམ།
ངས་དྲ་ངོས་འདིར་རྒྱུ་བའི་མི་སྐོར་ཞིག་ལ་དཔྱ་དེབ་མེད་ཅེས་པ་དང་དུས་དབང་ཞུས་པའི་བླ་མ་བསྟེན་ཚུལ་གཉིས་ལ་འབྲེལ་བ་ག་རེ་འདུག
གལ་སྲིད་ཁྱེད་ཀྱིས་༸གོང་ས་མཆོག་ལ་ཟུར་ཟ་བྱེད་པ་མ་ཡིན་ན་༸གོང་ས་མཆོག་གིས་དཔྱ་དངུལ་ཕྱག་དེབ་གསར་དུ་བཞེས་པ་དང་སྟབས་སྟུན་ནས་མཚམས་དེར་སུའི་སྐོར་ཞིག་ལ་གོ་དགོས་སམ།
མཚུངས་མེད་ཀླུ་སྨྱོན་ལགས།
དངོས་གནས་དེ་ལྟར་མ་ཡིན་ན་ལྷ་རབ་ནང་གི་ལྷ་རབ་རེད་མ་གཏོགས།
གཞན་ཞུ་ཡས་གང་ཡང་མེད།དེ་མིན་གྲོང་པའི་བླ་མར་རྩིས་ནས་བཀྲིན་ལ་བསམ་ཤེས་མ་བྱས་ཚེ་ཐེར་འདོན་དང་རྡུང་རྡེག་ཚ་ནན་བྱ་ཡུལ་ལས་མ་འདས་པ་ཡིན།
དོགས་པ་ཡོང་རྐྱེན་ནི་སྐབས་ཐོག་དེར་ཆེད་དུ་གཉེར་ནས་མཆན་དེ་ལྟར་འགོད་དོན་ཅི་ཡིན་ཞེས།
གསལ་བཤད་གནང་རོགས་ཞུ་བ་
ཡིན།
འཕགས་བོད་ཞིང་ནས་འཕགས་བོད་གཞུང་བཟང་ལ།།
འཕགས་བོད་གོང་མས་འཕགས་བོད་གདམས་པ་བཞིན།།
འཕགས་བོད་སྐྱེ་འགྲོར་འཕགས་བོད་དོན་འདོམས་མཁས།།
འཔགས་བོད་ཀྱིས་མཚོན་འཕགས་བོད་འཛམ་གླིང་མགོན།།ཞེས་པ་ནི་བར་སྐབས་ཀྱི་བཀྲིན་དྲན་པའི་ཚུལ་
ཙམ་མོ།།
སྙན་པ་སྙན་པའི་དཔལ་ཞིག་ན།།
སྙན་པའི་མེ་ཏོག་འོད་དུ་བཞད།།
གཤམ་མཆན་འབྲི་བའི་རྫོབ་ཚིག་གིས།།
སྐྱིད་མོའི་པད་ཚལ་གླང་བོས་བཅོམ།།
རྒན་ལ་དྭགས་པ་ལ་ལགས། སྐུ་ཉིད་སོགས་སེམས་ཤུགས་ཅན་སྐོར་ཞིག་གིས་དེ་སྔོན་ལ་དྭགས་སུ་འདོན་སྤེལ་བྱས་པའི་ལ་དྭགས་སྐད་ཀྱི་ཚགས་པར་སོགས་སྒོ་རྒྱབ་བཅུག་ཀྱང་ཉེ་བའི་ལོ་ཤས་ནས་སླར་ཡང་དེའི་སྐོར་ལ་བསམ་ཚུལ་མང་པོ་ཐོན་བཞིན་ཚ་ཚ་འུར་འུར་ཏུ་གྱུར་འདུག དཔེར་ན་སྤྲུལ་སྐུ་རང་གྲོལ་ཉི་མས་ ལ་དྭགས་སི་བརྡ་སྤྲོད་ཟེར་བའི་དེབ་ཅིག་བཏོན་འདུག་ལ། དེའི་སྐོར་ལ་ཚོགས་འདུའང་མང་པོ་ཚོགས་སྐད་འདུག དེ་རྗེས་མཁན་པོ་དཀོན་མཆོག་ཕན་བདེས་ཀྱང་དེབ་ཅིག་བཏོན་པའི་ནང་གི་ཚིག་འགའ་འདིར་དྲངས་ན། འདི་ལྟར། ལ་དྭགས་ཀྱི་མཁས་བླུན་ཁ་ཅིག་གིས་ཀྱང་། བོད་ཀྱི་སྤྱི་སྐད་ཁོངས་སུ་ལ་དྭགས་པའི་སྐད་ཀྱང་འཐུས་དགོས་དགོངས་ནས་རང་སྐད་ཡིག་ཐོག་ཏུ་འབྲི་བ་ལ་ངོ་རྒོལ་ཞི་དྲག་ཐབས་ཤེས་སྣ་ཚོགས་མཛད་དེ་སྤྱི་ཚོགས་དོན་མེད་རྣམ་རྟོག་རྒྱས་སུ་བཅུག ་་་་་་ཅེས་དང་ཡང་། ཐོན་མིའི་སུམ་རྟགས་དང་མཐུན་པའི་ལ་དྭགས་ཀྱི་སྐད་འབྲི་ཉན་ན་དེ་ལྟར་མི་འབྲི་བའི་རྒྱུ་མཚན་ཅི་ཡོད། ངེས་པར་འབྲི འོན་ཀྱང་ལ་དྭགས་ཀྱི་དམིགས་བསལ་ཚིག་དང་ཚིག་ཕྲད་གྲངས་མེད་པ་ཞིག་སུམ་རྟགས་དང་བོད་ཀྱི་ཚིག་མཛོད་དུ་མེད་པ་ཡིན། དེས་ན་མེད་པ་ཞིག་མཐུན་རྒྱུ་ག་ལ་ཡོད། ་་་་་་་་་འོན་ཀྱང་རང་རེའི་ལ་དྭགས་ལ་དེ་ལས་ཟློག་སྟེ་རང་སྐད་ནང་གསར་ཤོག་བྲིས་པར་འགྲམ་ལྕག་ཕོག་ལ་ཉེ་་་་་་་་་་་་ཉིན་གཅིག་ངེས་ཀྱིས་ཨམ་རི་ཀ་མ་བུ་མོ་སྐད་ཡིག་ལ་ཞིབ་དཔྱོད་བྱེད་མཁན་ཞིག་ལ། ངེད་ཅག་གི་ལ་དྭགས་ལ་མཁས་དབང་ཁ་ཅིག་གིས་ལ་དྭགས་སྐད་ལ་བརྡ་སྤྲོད་བྱེད་མི་ཉན་གསུང་འདུག་ཟེར་བས། མོ་དགོད་ཤོར་ནས་འདི་ལྟར་ཟེར། དེ་ལྟ་ན་ལ་དྭགས་པ་ཀུན་གྱིས་གཅིག་དང་གཅིག་ལ་གཏམ་ཇི་ལྟར་སྨྲ་སྟེ། གཏམ་སྨྲ་བ་དང་བརྡ་སྤྲོད་པ་ལ་ཁྱད་པར་ཅི་ཡོད་ཟེར། ཅེས་སོགས་འཁོད་ཅིང་དེའི་སྐོར་ལའང་བགྲོ་གླེང་མང་པོ་བྱུང་ཚོད་འདུག་ན་ད་ཉིད་ཀྱི་དགོངས་གཞི་དེ་དག་འགྲུབ་དཀའ་བར་སྙམ་མོ།
དྲང་པོར་བཤད་ན་ཁ་བརྡ་ཚང་གི་ནང་དུ་ཡོད་པའི་བན་བོན་གྱི་རྩོད་པ་འདི་ནི། བསམ་མེད་ཨ་མདོ་བ་ཁ་ཤས་ཀྱིས་བསླངས་པ་ཡིན་ཞིང་། ཁོ་ཚོའི་ཕ་ཡུལ་དུ་དར་ཆེ་བའི་བན་བོན་གྱི་རྩོད་པ་དུག་དྲི་ཅན་དེ་བོད་སྤྱི་བའི་ནང་དུ་སྤེལ་འདོད་པ་རེད། ཡིད་མི་ཆེས་ན་རྩོད་པ་སློང་མཁན་གཏེ་བོ། རྒྱོས་པའི་རྡོ་མཇེ་དང་། སྤོབས་པ་མཐའ་ཡས། མིག་བརྒྱད་པ། གཏུམ་ཆེན། བོན། ད་དུང་ཨ་རིར་ཡོད་པའི་རྙིང་མའི་སློབ་དཔོན་སྟག་གསོད་འབྲོང་འདུལ་ཟེར་བ་ཞིག་བཅས་ཁ་ཤས་ལས་མེད་པ་དེ་ཚོར་ལྟོས་དང་ཤེས། དྲི་མེད་ལྷག་བསམ་དང་། ལྷག་པ་ཡེ་ཤེས། རིག་པའི་ཡེ་ཤེས། པད་མ་གེ་སར། ཤྲི་སྨྱོན་སོགས་ནི་མི་གཅིག་རང་རེད། རྩོད་ངན་དེའི་ནང་ཁམས་པ་དང་དབུས་གཙང་རྣམས་མི་འཛུལ་བ་དེས་ཀྱང་གནད་དོན་གསལ་དུ་བཏང་ཡོད། རྩོད་པ་འདི་བོད་སྤྱི་བའི་དོན་དང་མཁས་པའི་བྱ་བ་ཞིག་ཡིན་ན་ཁམས་དང་དབུས་གཙང་དུ་མཁས་པ་སོགས་མེད་པ་ཞིག་ག་ལ་ཡིན།
ཨ་ར་དཀར་པོ་ལེགས།
ཁྱེད་ཀྱིས་ལམ་སྟོན་མཛད་པར་དགའ་བསུ། ལ་དྭགས་ཀྱི་སྐད་ལ་ཐོན་པའི་གསར་ཤོག་དེ་ལ་ངས་རྒྱབ་སྐྱོར་བྱེད་པ་མ་གཏོགས། དགག་པ་རྒྱབ་མེད། རྒྱུ་མཚན་ནི་དང་པོ་ཆེ་བ་མ་བཀག་ན། ཆུང་བ་བཀག་པས་གར་ཡང་མི་སླེབས་པ་ཡིན། དེ་དུས་ངས་ད་དུང་འདི་ལྟར་བཤད། གལ་ཏེ་ཆོས་སྐད་མི་ཉམས་པ་དགོས་ན། ས་གནས་གཞན་གྱི་གསར་སོགས་ཁ་སྐད་དུ་འདོན་པ་དག་ལ་བཤད་དགོས་ཞེས་སྤྱི་ལོ་༢༠༠༤ ལ། སངས་རྒྱས་པའི་ཆོས་དང་ལྟ་བའི་བགྲོ་གླེང་སྐབས་བྱུང་བ་ཞིག་ཡིན་འདུག དེ་དུས་གཅིག་གིས་བཤད་པར་། ལེགས་སོ་ཞེས་གསུང་བའི་རེ་བས། སྐུ་མདུན་ལ་ལ་དྭགས་སྐད་ཀྱི་གསར་ཤོག་དེ་ཕྱག་ཏུ་ཕུལ་པ་གཟིགས་པ་ན། འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག་ཅེས་གསུངས་ནས་བཏང་སྙོམས་སུ་བཞག་པར་མཛད་པ་་ཐོས། ཡང་གཅིག་ནས་གོ་ཐོས་ལ། སྐུ་མདུན་གྱིས་འདི་ལ་གོ་རྒྱུ་ཞིག་མི་འདུག་ཅེས་གསུངས་པ་ལ། འབུལ་བ་པོ་དེས་ང་ཞ་ལ། རེད་མ་རེད་། ཅེས་པ་ཡང་གོ་རྒྱུ་མི་འདུག་ཅེས་ཞུས་པ་ཐོས།
ལ་དྭགས་སྐད་ལ་ཐོན་པའི་གསར་ཤོག་དེ་ལ་ལ་དྭགས་པ་གཤམ་ཕྱོགས་པ་དང་། སྟོད་པ་གཉིས་བར་ལ་ཡང་འཆད་ཚུལ་མི་མཐུན། ལ་དྭགས་སྟོད་པས། ང་ཞ། ཁྱེ་ཞ། ལ་དྭགས་གཤམ་ཕྱོགས་པས། ང་ཅ། ཁྱེ་ཅ། སོགས་སྨྲ། གཤམ་ཕྱོགས་པ་གྲྭ་པ་ཞིག་གི་ལག་ཏུ་གསར་ཤོག་དེ་སྐྱེས་སུ་སྤྲད་པ་བཀླགས་པས། གོ་དོན་ལེགས་པ་མ་བྱུང་བས། ངས་ནི་ཚིག་གཅིག་ཀྱང་མ་གོ་སྤྲད་པ་ལ་ནི། ཐུགས་རྗེ། ཞེས་བཤད་པ་ཡིན་ཟེར། མཁན་པོ་དཀོན་མཆོག་ཕན་བདེ་ལ་དྭགས་ཁ་སྐད་ཀྱི་གསར་ཤོག་དེའི་ཡི་གེ་སྐྲུན་པ་པོ་ཡིན་པ་ཐོས། ཨ་རི་པ་བུ་མོ་དང་། ལ་དྭགས་པ་མཁས་པ་ཞིག་གི་བར་གཏམ་གླེང་བྱུང་བ་དེ། ལ་དྭགས་མཁས་པ་དེས་བརྡ་སྤྲོད་ཅེས་པ་སུམ་རྟགས་ལ་ངོས་འཛིན་པ་དང་། བུ་མོ་དེས་བརྡ་སྤྲོད་ཅེས་པ་ཚིག་གི་འགྲོ་སྟནས་ལ་བསམས་པ་ཕར་ཚུར་གོ་བརྡ་མ་སྤྲོད་པའི་སྐྱོན་ནོ། །ངས་ད་ལྟ་རང་རེའི་ལག་ཏུ་ཡོད་པའི་དག་ཆ་ཀུན་ལ་བདག་པོ་རྒྱབ་དགོས་པར་འཆད་ཀྱི་ཤི་ཚར་བ་ཞིག་ལ་ལོང་་ཟེར་ན་ཕན་ཐོགས་ཅང་མེད། བཀའ་བསྟན་སོགས་མཁས་པས་བྲིས་པའི་དག་ཆ་མིག་མཐོང་ལག་ཡོད་ལྟར་འགྲོ་ན། རང་རེ་བོད་རིགས་ཀྱི་སྐད་རིགས་གཅིག་འགྱུར་འབྱུང་བ་ལ་ཕན། མཆན་འདི་ན་བདག་གིས་མ་མཐོང་བ་མང་པོ་ལུས་འདུག ཕྱིས་མེད་ན། ལན་རེ་ཞུ་དགོས་པ་ཡིན།
ད་ཉིད་ཀྱི་དགོངས་གཞི་དེ་དག་འགྲུབ་དཀའ་བར་སྙམ་མོ། ཞེས་པར་ས་སྐྱ་ལེགས་བཤད་ལས།
བློ་ལྡན་བྱ་བ་ཅུང་ཟད་ཀྱང་།
རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།
གྲུབ་པར་གྱུར་ན་ལྟ་ཅི་སྨོས།
མ་གྲུབ་ན་ཡང་མཛེས་པའི་རྒྱུ།། རབ་བྱེད་༨ ཚིགས་ ༡
ང་ལ་བྱ་བ་འདི་དག་ངེས་པར་དུ་འགྲུབ་པར་གདེང་ཡོད། ངའི་མི་ཚེ་རིང་ལ་མ་གྲུབ་ན་ཡང་། མ་འོངས་པ་ན་་བོད་མི་རྣམས་ཀྱིས་རང་གི་མི་རིགས་གཅིག་འགྱུར་བྱེད་པ་ལ་མི་མངས་ཀྱི་་ཁ་ནས་འཐོན་པའི་ཚིག་རྣམས་་བཀའ་འགྱུར་དང་། བསྟན་འགྱུར་གྱི་ཚིག་གི་དག་ཆ་དག་རྣམས་དང་བསྟུན་དགོས་པའི་ཉི་མ་ཞིག་འཆར་རོ།།
གསེར་འབྲུག་སྡེར་ལྔ་ལེགས།
བཀའ་བསྟན་ན་ཚིག་ཡོད་ཚད་རང་རེས་ག་ལ་ཤེས་ཐུབ།
གང་ཤེས་པ་དེ། དེ་དག་གི་དག་ཆ་དང་ངེས་པར་དུ་བསྟུན་དགོས།
ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།
ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།
ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།
གོ་བའི་ཚིག་བཞིན་དང་དུ་བླང་བར་བྱ།།
ཚིགས་བཅད་འདི་དག་ཡོད་དམ་མེད་མི་ཤེས། དག་མེད་ཚེ་ཞུས་དག་མཛོད།
ངས་མ་མཐོང་བར་ལུས་འདུག དགོངས་དག་ཞུའོ།།
གཡུ་འབྲུག་དཀར་པོ་ལེགས།
ཁྱེད་ཀྱིས་བོད་ཡིག་ལེགས་པར་སྦྱངས་པའི་འབྲས་བུ་འདུག འབྲུག་གི་སྐད་ངས་ལེགས་པ་ཞིག་ངས་མི་ཤེས། མི་མངས་ལ་གནས་ཚུལ་སྤྲོད་དགོས་པ་གལ་ཆེ། གང་ཐུབ་ཐུབ་ཆོས་སྐད་བཀོལ་ན། མི་མངས་ལ་བོད་སྤྱི་སྐད་ཤེས་པ་ཕན། དེ་ཡིས་བཀའ་འགྱུར་དང་། བཀའ་བསྟན་འགྱུར་ན་ཡོད་པའི་རིག་པའི་གནས་ཀུན་ལས་སླ་བས་ཤེས་ཐུབ། ངས་ཚིག་གཅིག་གཉིས་མཐོང་བ་ལྟར་ན། ང་ལ་དང་། ཁྱེད་ལ་ཞེས་པར་། ང་ལུ་དང་། ཁྱེད་ལུ་ཞེས་པ་ལྟ་བུ་ཞིག་མཐོང་། དེ་བདེན་པ་ཡིན་ན། ང་ལུ་དང་། ཁྱེད་ལུ་འདོན་པ་དག་ལ། ང་ལ་དང་། ཁྱེད་ལ་ཞེས་འདོན་དུ་འཇུག་ན། མི་མངས་ཀྱི་ནང་དུ་བཀའ་འགྱུར་དང་བསྟན་འགྱུར་གྱི་ཚིག་རྣམས་མ་བརླག་པར་མི་མངས་ཀྱི་སྐད་བཟང་ནས་བཟང་དུ་འགྲོ་བ་ལ་ཕན་པ་ལ་ཐེ་ཚོམ་མེད། དཔེར་ན། ལ་དྭགས་སྟོད་པས། ང་ཞ་དང་། ཁྱེ་ཞ། ཞེས་འདོན་པ་དག་ལ། སྐད་ཚིག་སྲུང་བར་འདོད་པ་པོ་དག་གིས། ང་ཅག་དང་། ཁྱེད་ཅག ཅེས་འདོན་དུ་འཇུག་གོ། འདི་བཞིན་དཔལ་འབྲུག་ཡུལ་དུ། མ་འོངས་པ་ན་བཀའ་བསྟན་གྱི་ཚིག་དང་མཐུན་པའི་གསར་ཤོག་འཐོན་ནས། བོད་གངས་ཅན་དང་། རི་བོ་གངས་ཅན་པའི་ཡུལ་གྱི་མི་རིགས་ཀུན་ཀྱིས་གོ་ཐུབ་པ་ཞིག་འབྱུང་བར་ཡིད་སྨོན་ཞུའོ།།