ལྷ་རྩེའི་ཁུ་བྱུག
ངག་གི་དཔལ་མོ་མགྲོན་དུ་བསུས།།
སེམས་ཀྱི་དབྱངས་ཅན་འོ་མ་བབས།།
སྣང་བ་སོས་པའི་མགུར་གླུ་འདི།།
གཤིས་དང་ཉེ་བའི་བརྡ་ཆད་རེད།།
ཚིག་གི་རི་མོ་བསྟར་ལ་རྒྱུས།།
དོན་གྱི་རྡོ་མཚོན་རབ་ཏུ་བཀྲ།།
སེམས་ཀྱི་ཐང་ག་བབ་ཆགས་འདི།།
བློ་ལས་ཕྱུང་སྟེ་ཁྱོད་ལ་སྟོན།།
ང་དང་སྙན་ངག་གློ་བ་འདྲེས།།
སྙན་ངག་གཤོག་པ་ང་ལ་ཡོད།།
དོན་དམ་འོད་ཀྱི་ལོ་མ་འདི།།
ཀུན་རྫོབ་ལམ་དུ་ཁྱོད་ལ་སྤེལ།།
ཡིད་ཀྱི་ཟུར་ནས་དྲངས་པ་ཡི།།
ཚིག་གི་བརྡ་རུ་ཤར་བ་ཡིན།།
དགའ་སྐྱོའི་བྲོ་བ་འབུམ་བརྡལ་འདི།།
རྩོམ་གྱི་ཐབས་ཤེས་ཨེ་མ་ཧོ།།
སེམས་ལ་མུན་པ་བབ་གྱུར་ན།།
སྙན་ངག་འཇའ་ཚོན་ཤར་བ་མིན།།
གསར་རྙིང་བརྩམས་ཆོས་མ་བཀླག་ན།།
ངག་རིག་ཐང་མར་བརྡལ་འདོད་འཁྲུལ།།
སྣང་བ་ཁ་ཡན་ཤོར་བ་དང་།།
ཚོར་བ་རླུང་གིས་བརྡས་པའི་དུས།།
བརྩེ་དུང་ཆུ་མིག་འབྲུལ་བའི་སྐབས།།
སྙན་ངག་རྗེན་གཅེར་ཡོད་པར་གྲགས།།
བཙན་གྱིས་སྦྱོར་ཡང་ཟང་མ་མིན།།
བསྐྱར་དུ་བཤུས་ཀྱང་བཅོས་མ་སྟེ།།
གནད་ལ་ཁེལ་བའི་རྣོ་སྦྲེང་སྐད།།
ད་དུང་སྙན་དུ་བབས་པ་མིན།།
ནང་གི་འདུ་ཤེས་ཡག་བཙོག་ནི།།
ཕྱི་ཡི་རྣམ་པས་ཕིགས་སོ་ཞེས།།
ཉམས་ལྡན་ཉམས་ཀྱི་ལྷ་མོ་འདིས།།
ཁྱོད་ལ་ཟུར་གྱིས་འཛུམ་པ་སྟོན།།
སྐྱོ་བས་བཞུར་བའི་མིག་ཆུ་དང་།།
དགའ་བས་བསླངས་པའི་དགོད་སྒྲ་གཉིས།།
དུས་ཀྱིས་སྐལ་ཡང་སྙན་ངག་གི།།
དགའ་སྡུག་བྲོ་བ་སོ་ན་གནས།།
ཐ་སྙད་རུ་དཔུང་རྒོད་ས་མེད།།
ཞེན་པའི་རྡོ་མཁར་བརྩེགས་པ་མིན།།
བློས་བསླངས་རྨ་བྱ་རྩེན་པ་མིན།།
སྙན་ངག་སྣང་བ་འདྲིས་ན་ཡིན།།
སྐབས་རེར་ཚོར་བ་གློ་རྡེག་གིས།།
ཀློང་ལས་གཞུར་དང་ཐོལ་གྱིས་སད།།
སྙན་ངག་རྒྱ་ལ་འབྱམས་པའང་ཡོད།།
སྐབས་རེར་བྱ་ལམ་རྗེས་མེད་ཡིན།།
ཡང་དག་དོན་ལ་ཐ་སྙད་མེད།།
གཟུགས་དང་ཁ་དོག་མཉམ་པ་ཉིད།།
གཞན་ངོར་ཕབས་པའི་གཏན་ཚིག་ནི།།
སྙན་ངག་ཁྱོད་ལས་གཞར་ཡང་མེད།།
སྣང་བ་དབྱིངས་ཀྱི་རིག་པ་ནི།།
སེམས་ཀྱི་འུབ་ཏུ་ཆུད་པ་ན།།
རྡོ་རྗེའི་དོ་ཧ་ཐོལ་གྱིས་སྐྱུག།
དེ་ཡང་གཉུག་མའི་སྙན་ངག་ཡིན།།
ཆོས་ཉིད་གློ་ལ་འཕྲད་གྱུར་ན།།
རིག་པས་གཞལ་དུ་མི་བཏུབ་པས།།
སྐབས་ཀྱི་སྙན་ངག་འཇའ་འོད་ཀློང་།།
སྒྱུ་འཕྲུལ་གཟུགས་སྐུ་མཐོང་བར་ངེས།།
ལྐུག་པས་ལྷ་ཚོགས་མཐོང་བ་བཞིན།།
སྨྲ་བསམ་བརྗོད་ལས་འདས་པ་ཡང་།།
སྙན་ངག་ངོ་བོ་མཐོང་གྱུར་ན།།
དོན་དམ་ཉམས་ཀྱི་འོ་བསིལ་འཇོ།།
ང་དང་ཁྱོད་དང་སྙན་ངག་གསུམ།།
དྲང་ངེས་རྣམ་འབྱེད་མི་བྱ་སྟེ།།
ཆོས་ཉིད་དོན་གྱི་འདྲ་འབག་འདི།།
སྣང་བའི་ཀློང་ནས་འདི་ལྟར་མཐོང་།།