འབའ་སྲས།
མི་རིགས་ལ་རྒྱ་བདག་ལ་ཡོད་པ་དང་།།
སྲིད་དོན་བྱ་བའི་འགན་ཞིག་བདོག་ན་ཡང་།།
བདག་ཉིད་སྙན་ངག་དུར་དུ་ཤི་གྱུར་བས།།
སྲོག་གི་མཆོད་མེ་འབར་བ་མ་རིག་ཐལ།།
ས་ཆ་གང་དང་རྒྱབ་ཁབ་གང་ཞིག་ཏུ།།
དོན་རྐྱེན་ཅི་ཞིག་བྱུང་བ་ཐོས་དགོས་མོད།།
དབྱངས་ཅན་ཕྱག་གི་པི་ཝང་སྒྲར་ཉན་ནས།།
འཛམ་གླིང་གསར་འགྱུར་ཅི་བསྒྲགས་མ་ཐོས་ཐལ།།
བླ་མ་རྣམ་པར་དད་པ་ཆེ་བ་དང་།།
ཆོས་ཀྱི་བསྟན་དོན་ཡིད་ཆེས་ཟབ་ན་ཡང་།།
ཚངས་པའི་བུ་མོའི་ཐུགས་ཀྱི་དཀྱིལ་འཁོར་ནས།།
དཔལ་ལྡན་བླ་མའི་དྲུང་དུ་མ་ཐར་ཐལ།།
དཔོན་པོ་བཟང་ན་དམངས་ཚོགས་སྐྱིད་པ་དང་།།
དམངས་ཀྱིས་དཔོན་པོ་བཟང་བོ་བཀུར་དགོས་ཀྱང་།།
སྙན་ངག་རིག་པའི་རྒྱལ་བོའི་སྐུ་དྲུང་ནས།།
དཔོན་པོའི་མདུན་ལ་བཅར་རྒྱུ་མ་དྲན་ཐལ།།
གྲོགས་པོ་བཟང་བོ་སྤུན་དང་ཁྱད་པར་མེད།།
ཇ་ཆང་མཉམ་འཐུང་བྱེད་ལ་འབོད་དགོས་ཀྱང་།།
སྙན་ངག་བདུད་རྩིའི་ཆང་གིས་བཟིས་གྱུར་བས།།
གྲོགས་དག་མགྲོན་བསུ་ཡིད་ལ་མ་དྲན་ཐལ།།
གཉེན་ཞིག་བསྒྲིགས་ཚེ་ཆུང་མར་གཅེས་དགོས་ཏེ།།
མི་ཚེ་གང་བོར་སྐྱོང་མཁན་འདི་ལས་མེད།།
འོན་ཀྱང་སྙན་ངག་ལྷ་མོས་བརྩེ་བ་ཡིས།།
ཆུང་མའི་མགྲིན་ལ་འཁྱུད་དུ་མ་ཆུགས་ཐལ།།
མི་ཡི་སྐྱེས་ན་འཚོ་བ་སྐྱིད་དགོས་ཤིང་།།
བདེ་སྐྱིད་འཚོ་བ་འབྱོར་བར་རག་ལས་ཀྱང་།།
སྙན་ངག་ནོར་གྱིས་བདག་ཉིད་བསླུས་གྱུར་པས།།
རྒྱུ་འབྱོར་འཚོལ་ལ་བྲེལ་བ་མ་སྐྱེས་ཐལ།།
རང་ཡུལ་གད་པ་ཡིན་རུང་སྐྱིད་པ་ཤེས།།
རང་སྡེ་དྲན་པའི་གདུང་བ་བདག་ལ་ལྕི།།
སྙན་ངག་རིག་པའི་གྲོང་ཁྱེར་འདི་བརྩིགས་ནས།།
ཕ་ཡུལ་འོང་བའི་ཁོམ་པ་མ་བྱུང་ཐལ།།
ཕྱོགས་བཞི་གང་དུ་བདག་ལ་སྙིང་སྡུག་མང་།།
མཛའ་བརྩེ་དུངས་པ་མཚོ་མོའི་གཏིང་ལས་ཟབ།།
སྙན་ངག་ལང་ཚོའི་མེ་ཏོག་འཐུས་བྱས་ནས།།
ཡིད་འོང་མ་རྣམས་ཐུག་ཁོམ་མ་བྱུང་ཐལ།།
༢༨/༠༢/༡༥ མཚན་གུང་དུ།