ཆོས་འཁོར་ཚང་།
སྨྱུག་སྡེ། དགེ་བཤེས་མཆོག་ལ་འཚམས་འདྲི་ཞུ་བ་དང་འབྲེལ་སྐུ་ཉིད་ཀྱི་ངོ་སྤྲོད་དང་ལྷན་སྙན་ངག་ལ་འབྲེལ་འདྲིས་ཇི་ལྟར་བྱས་ཚུལ་མདོར་བསྡུས་ཤིག་གསུང་རོགས།
ཆོས་འཁོར་ཚང་། བཀྲ་ཤིས་བདེ་ལེགས། ང་དོལ་པོ་བྱི་གཅེར་ནས་ཡིན། བོན་གཞིས་ཉིན་སློབ་ཀྱི་འཛིན་གྲྭ་བརྒྱད་པ་ཐོན་རྗེས་བོན་གྱི་གདན་ས་སྨན་རིའི་གླིང་ནས་དགེ་བཤེས་བཏང་པ་ཡིན། ད་སྐབས་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic)ཀྱི་ཆར་ལེ་སི་(Charles University)གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།
སྤྱིར་བཏང་ང་ལ་སྙན་ངག་གི་ངོ་སྤྲོད་ལྟ་བུ་ཞིག་ནི་ཉིན་སློབ་ཀྱི་སློབ་ཚན་ཁག་ཏུ་རང་བཞིན་བརྗོད་པའི་རྒྱན་སོགས་ནས་དོན་རྒྱན་ཁ་ཤས་ཤིག་བཀོད་ཡོད་པ་དེ་དག་ལས་ཐོག་མར་ཐོབ་བྱུང་། དེ་མཚམས་བཤད་གྲྭར་ཞུགས་རྗེས་སྦྱོང་ཚན་ལྟར་སྙན་དངགས་དངོས་སུ་སྦྱངས་པ་ཡིན། འོན་ཀྱང་དེ་ལ་དབྱིངས་ཞུགས་རྒྱུ་འདྲ་བོ་ཞིག་དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ་སོགས་ཀྱི་རྩོམ་ཡིག་ཁག་བཀླགས་ནས་བྱུང་སོང་། སྐབས་མཚམས་དེར་ཕ་ཡུལ་ལ་ཚར་གཅིག་བསྐོར་བསྐྱོད་བྱས་པ་ཡིན། དེས་བདག་གི་སློབ་གཉེར་བྱེད་སྟངས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཞིག་བཏང་སོང་བས། ཚུར་དགོན་པར་ལོག་མཚམས་རིག་གནས་འཛིན་གྲྭ་མར་བབས་ནས་སྙན་དངགས་བསྐྱར་སྦྱོང་བྱས་པ་ཡིན།
སྨྱུག་སྡེ། དོན་ངོ་མར་སྙན་ངག་ཅེས་པ་དེ་ཉམས་སུ་མྱོང་མཁན་དང་ལག་ལེན་བསྟར་མཁན་གྱི་སྐྱེས་བུ་དེ་ལ་བསམ་བློའི་ཁྱེར་སོ་སོགས་མ་མཐའི་ཆ་རྐྱེན་ཅི་ཞིག་ཚང་དགོས་སམ།
ཆོས་འཁོར་ཚང་། སྟབས་བདེ་བོའི་ངང་ནས་བཤད་ན་ནམ་རྒྱུན་ང་རང་གི་བསམ་ཚུལ་ལ་རང་བཞིན་གྱི་ཚོར་བ་རྣོ་བ་དང་། བློ་རྩལ་གྱི་ནུས་སྟོབས་ཆེ་བ། སྒྱུ་རྩལ་ལ་དང་ཞིང་དུང་བ། རྩོམ་རིག་ལ་གོ་བ་ཟབ་པ། གསར་གཏོད་ཀྱི་སྙིང་སྟོབས་མངའ་བ་རྣམས་མ་མཐའ་བསམ་བློའི་ཆ་རྐྱེན་དུ་དགོས་པར་མཐོང་གི་ཡོད།
སྨྱུག་སྡེ། དུས་རབས་བཅུ་གསུམ་པའི་ཡར་སྔོན་དུ་བོད་ཀྱི་སྙན་ངག་ལ་འཕེལ་འགྲིབ་དང་དར་རྒུད་ཅི་འདྲ་བྱུང་ཡོད་དམ།
ཆོས་འཁོར་ཚང་། ཡིག་ཐོག་ཏུ་ཡོད་པའི་གནའ་རབས་ཀྱི་སྨྲང་རབས་ཟེར་བ་དང་མོལ་བ་ཟེར་བ་དེ་ཚོའི་འབྲི་སྟངས་ནས་བཟུང་། དེ་མཚམས་བཙན་པོའི་སྐབས་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་ཆེན་འདྲ་མིན་གྱི་ཁ་བྱང་། ཏུན་ཧོང་གི་ཤོག་དྲིལ་དང་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་། བྱ་དཔེ་བྱེའུ་སྒྲུང་གི་གླུ་ཚིག་དང་མི་ལའི་མགུར་ཚིག་སོགས་ལ་རིམ་གྱིས་བལྟས་པ་ཡིན་ན་དུས་རབས་བཅུ་གསུམ་པའི་ཡར་སྔོན་དུ་བོད་ཀྱི་རྩོམ་རིག་ལ་དར་འཕེལ་ཅི་འདྲ་བྱུང་ཡོད་མེད་དེ་སྤྱི་ཡོངས་ནས་རོབ་ཙམ་ཤེས་ནུས། ལྷག་པར་དུ་ཏུན་ཧོང་གི་ཤོག་དྲིལ་ཁག་ཏུ་ཡོད་པའི་སྙན་ངག་དང་མི་ལའི་ཉམས་མགུར་སོགས་ཀྱི་བར་ཁྱད་ལ་བལྟས་ན་གོང་འཕེལ་གྱི་རྣམ་པ་དེ་གསལ་ལྷང་ངེར་འདུག
སྨྱུག་སྡེ། སྙན་གཞུང་མེ་ལོང་མ་བོད་དུ་ནང་འདྲེན་བྱས་པ་དེས་བོད་ཀྱི་གདོད་མའི་སྙན་ངག་ལ་རམ་འདེགས་སམ་ཡང་ན་འགོག་རྐྱེན་ཅི་ཞིག་བྱས་ཡོད་དམ།
ཆོས་འཁོར་ཚང་། དུས་རབས་བཅུ་གསུམ་པའི་ནང་ཤོང་སྟོན་ལོ་ཙཱ་པ་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྙན་ངག་པ་ཤྲཱི་ལཀྵྨི་ཀ་ར་དང་འགྲོགས་ནས་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་རྗེས་བོད་ཀྱི་སྙན་དངགས་ཀྱི་གཞུང་ལུགས་ཇེ་ཕྱུག་ཏུ་གྱུར་པ་ནི་སྨོས་མེད་རེད། དེ་ལྟར་ནའང་མེ་ལོང་མ་དེས་སྙན་དངགས་ལ་རང་ངོས་ཀྱི་ཚད་གཞི་ཞིག་བཟུང་ཡོད་སྟབས་ཁྱབ་ཚད་དེའི་ནང་གནའ་རབས་བོད་ཀྱི་གདོད་མའི་སྙན་ངག་དུ་མ་ཞིག་ཀྱང་གནས་དབྱུང་བཏང་ཡོད།
གཉིས་སུ་མེ་ལོང་མ་འདི་བསྒྱུར་ཡིག་ཅིག་ཡིན་སྟབས། མཚམས་རེར་ཚིགས་བཅད་རྣམས་བཙན་བསྒྲིགས་ལྟ་བུར་ཡང་སྣང་ལ། ལན་རེར་དགོས་དམིགས་ལ་བརྟེན་ནས་ལེགས་སྦྱར་གྱི་མིང་ཚིག་རྣམས་མ་བསྒྱུར་པར་རང་སོར་བཞག་ཡོད་པས། རྐང་བཙུགས་ནས་སྦྱངས་ན་མ་གཏོགས་རང་བཞིན་གྱིས་ཀློག་བདེ་བ་དང་གོ་སླ་བ་ཞིག་ཀྱང་མིན། དྲང་པོར་བཤད་ན་འདི་ལས་ཚངས་མགུར་རྣམས་ཀློག་བདེ་བ་དང་ཡིད་ལ་ངེས་སླ་བའང་ཡོད་པས་ཁྱད་པར་ཤེས་སླ།
ཕྱོགས་གཞན་ཞིག་ནས་བཤད་ན་གཞུང་ལུགས་དེས་བོད་མིའི་བསམ་བློའི་རྨང་གཞི་ལའང་བཅོས་བསྒྱུར་གཏོང་གི་ཡོད། དེའི་ཤན་ཤུགས་ཀྱིས་བོད་མིའི་བསམ་བློའི་ནང་རང་སའི་ནོར་བུ་ལས་ཀྱང་གཞན་ཡུལ་གྱི་བ་རྒན་དེ་ཉིད་གཙིགས་ཆེར་འཛིན་པའི་བག་ཆགས་འཐུག་པོ་ཞིག་ཀྱང་མི་མངོན་པའི་ངང་ནས་སྐྲུན་གྱིན་ཡོད།
དེ་མིན་སྙན་གཞུང་འདིས་སྤྱིར་ན་རྒྱ་གར་དང་ལྷག་པར་རིག་བྱེད་ཀྱི་གཏམ་རྒྱུད་ལ་གོ་རྟོགས་སྤེལ་ཡོད་ལ། ཆེས་ཕན་རླབས་སུ་གྱུར་པ་ནི་སྙན་ངག་འབྲི་རྩལ་སྣ་ཚོགས་ལ་སློབ་རྒྱུར་རམ་འདེགས་རྒྱ་ཆེར་ཞུ་བཞིན་ཡོད།
སྨྱུག་སྡེ། གལ་སྲིད་མེ་ལོང་མ་བོད་དུ་འགྱུར་མེད་ན་ད་ཆར་བོད་ཀྱི་སྙན་ངག་དེ་ཚད་ཅི་འདྲ་ཞིག་ལ་སླེབས་ཡོད་སྲིད་དགོངས་ཚུལ་ཞིག་གསུང་རོགས།
ཆོས་འཁོར་ཚང་། ཚད་གཞི་ཅི་འདྲ་ཞིག་ལ་སླེབས་ཡོད་མེད་བཤད་པར་ཤིན་ཏུ་དཀའ། དེ་ལྟར་ནའང་བོད་ཀྱི་སྙན་ངག་པའི་བསམ་བློའི་རྨང་གཞི་ལ་མེ་ལོང་མའི་ཤུགས་རྐྱེན་དང་བཅོས་བསྒྱུར་མ་ཐེབས་ནས་རང་ཡུལ་གྱི་ས་ཆུ་རི་བྲག་དང་། རྟ་ནོར་ལུག་ར། སྐད་གོས་ཟས་སྲོལ་སོགས་ལ་བརྩི་མཐོང་ཞིག་སྙན་ངག་དང་རྩོམ་རིག་གི་ལམ་ནས་ཀྱང་ལྷག་ཡོད་པར་བསམ་གྱིན་ཡོད། དེ་ལྟར་མ་བྱུང་བས་ན་དཔེར་ན་དགེ་ཆོས་ཀྱིས་གསུངས་པ་ལྟར་བོད་ཀྱི་རྩོམ་རིག་པའི་སྣང་ངོར་“རྨ་རྒྱལ་སྦོམ་ར་བཞིན་དུ་བརྗིད་པའི་སྐུ། །རྨ་ཆུ་བཞིན་དུ་རྒྱུན་ཆད་མེད་པའི་གསུང༌། །ཞེས་སྦྱར་ཚེ་ཚིག་གི་ཐོག་མ་སྒྲ་མཚུངས་སུ་སོང་བ་སོགས་མི་ལེགས་པ་མི་འདུག་ནའང༌། བཞད་གད་སློང་བའི་ཉམས་སུ་འགྱུར་”བ་དང་། དེ་ལས་ལྡོག་སྟེ་“འབིགས་བྱེད་རི་བོ་ཇི་བཞིན་བརྗིད་པའི་སྐུ། །གངྒཱའི་རྒྱུན་ལྟར་དག་ཅིང་དྲི་མེད་གསུང༌། །ཞེས་སྦྱར་ཚེ་ཚིགས་བཅད་ལེགས་པོ་ཞིག་ཏུ་བགྲང་རུང་”བར་གྱུར་པར་གསུངས་པ་ལྟ་བུ་ནི་གཙོ་བོ་མེ་ལོང་མ་སོགས་ཀྱི་ཤུགས་རྐྱེན་ཡིན་པར་འདོད།
སྨྱུག་སྡེ། མེ་ལོང་མའི་སྙན་གཞུང་དུ་བོད་ཀྱི་སྙན་ངག་དང་བོད་ཀྱི་ཁོར་ཡུག་ལ་མི་དགོས་པ་དང་མི་འཚམས་པའི་ཆ་མང་པོ་ཡོད་ན་མཚན་གཞི་དང་སྦྱར་ཏེ་གསུང་རོགས།
ཆོས་འཁོར་ཚང་། གནའ་དུས་བོད་ལ་སྙན་ངག་སྦྱོང་མཁན་ཕལ་ཆེ་བ་གྲྭ་པ་ཡིན་ཞིང་། དེ་ཡང་དགོན་པའི་ཁོར་ཡུག་ནས་སྦྱང་དགོས་སྟབས། གྲྭ་གཞོན་དེ་ཚོས་མེ་ལོང་མ་སྦྱོང་སྐབས་འདོད་པའི་བསྟན་བཅོས་ཀྱི་སྔོན་འགྲོ་ལྟ་བུ་ཞིག་རང་བཞིན་གྱིས་སྦྱོང་གི་ཡོད། རྒྱུ་མཚན་ནི། མེ་ལོང་མའི་རང་བཞིན་བརྗོད་པའི་རྒྱན་རང་ནས་བཤད་ན། མགྲིན་པའི་ནང་ནས་སྙན་སྒྲོག་ཅིང་། །མིག་ནི་ཀུན་ཏུ་འཁྲུལ་བ་ཡི། །ཕུག་རོན་རྩེ་འདོད་དགའ་མ་ལ། །ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར། །ཞེས་པ་བྱ་བ་རང་བཞིན་བརྗོད་པ་དང་། དགའ་མ་ཡིས་ནི་རེག་པ་འདིས། །ལུས་ལ་སྤུ་ལོང་རྒྱས་པ་དང་། །ཡིད་ནི་བདེ་བར་བྱེད་པ་དང་། །མིག་དག་ཟུམ་པར་བྱེད་ཅིང་འཇུག །ཅེས་ཡོན་ཏན་རང་བཞིན་བརྗོད་པ་གཉིས་རང་ནས་འདོད་པའི་སྒྱུ་རྩལ་དབུ་འཛུགས་ཞུས་ཡོད།
གང་ལྟར་མེ་ལོང་མའི་ཕྱོགས་ཡོང་ནས་བལྟས་ན་འདོད་པས་མྱོས་པའི་མིག་དང་གདོང་པ་དེ་བཞིན་མཁུར་ཚོས་དམར་རབས་དང་། མཆུ་ཡི་ཡལ་འདབ་གཡོ་བ། སྨིན་མ་འཁྱོག་པ། ནུ་མ་དང་བརླ་ཤ དེ་དག་གི་རེག་པ། ལུས་ཀྱི་དྲི་ཡན་ཆད་སོགས་ནས་བཟུང་མཛེས་མ་དང་ཆགས་ལྡན་གྱི་མཛའ་བོ་དབར་གྱི་འདོད་རྩེའི་གཏམ་དང་དེ་བཞིན་ཆགས་ཅན་རྣམས་འཁྲིག་པས་འཁྱུད་རབས་སོགས་ཀྱི་གཏམ་ཁོ་ནས་སྙན་གཞུང་དེའི་བརྒྱ་ཆ་ལྔ་བཅུ་ལས་ཀྱང་མང་བར་ཟིན་འདུག
དཔེར་མཚོན་ཙམ་ཞིག་བཀོད་ན། ཆགས་ལྡན་བུད་མེད་དར་མ་ལ། །དགའ་བའི་རྩེ་དགས་བཅིངས་པ་དག །བུ་མོ་འགའ་ཞིག་དག་ལ་ཡང་། །འདོད་པ་འཕེལ་བ་སྟོན་པར་བྱེད། །ལུས་སྐྱེས་དག་གིས་གཟིར་བ་ཡི། །མཛའ་བོ་དབུགས་དབྱུང་འདོད་པ་ཡིས། །པདྨ་ཟུམ་པར་བྱས་པ་ལས། །འདིར་ནི་མཚན་མོ་འགྲོགས་པར་བསྟན། །གྲོགས་མོ་མེ་ཏོག་མ་རྙིངས་མ། །ཁྱོད་ཀྱི་ནུ་མའི་ངོས་ལ་ནི། །སེན་རྗེས་གསར་པ་ཆགས་པ་འདི། །སྟོད་གཡོགས་ཀྱིས་ནིས་སྒྲིབ་པར་མཛོད། །ཆགས་པ་ཡིས་ཀྱང་འགྲོ་བ་ཡིས། །ཡིད་ནི་ཀུན་ཏུ་ཆགས་པར་གྱུར། །རྐེད་པ་ཕྲ་ཞིང་རོ་སྨད་སྦོམ། །མཆུ་དམར་མིག་ནི་དཀར་བ་མིན། །ལྟེ་བ་དམའ་ཞིང་ནུ་མ་མཐོ། །བུད་མེད་ལུས་ཀྱིས་སུ་མ་བཅོམ། །པད་རྩའི་ལག་པ་ཆུ་ཤིང་བརླ། །པདྨའི་གདོང་དང་ཨུཏྤལ་མིག །ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས། །གདུང་ནུས་མིན་ནམ་ལུས་ཅན་མ། །འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་གྱུར། །ཆགས་པས་དེ་བཞིན་གཉིས་ཉལ་ཏེ། །དལ་བུ་ཡིས་ནི་ཁ་དག་སྦྱོར། །ཞེས་པ་ལྟ་བུ་རེད། འདི་དག་བོད་སྐད་དུ་བསྒྱུར་ནས་ཆགས་པའི་ཉམས་མང་པོ་ཞིག་མེད་པར་གྱུར་ཡོད་ལས་ཆེ། དེ་མིན་གནས་ཚད་གང་དུ་འཇོག་དགོས་མིན་དེ་ཡང་ཤིན་ཏུ་གསལ།
དེས་ན་གྲྭ་གཞོན་ཞིག་གིས་གལ་ཏེ་འདོད་པའི་བསྟན་བཅོས་བཀླགས་པ་ཡིན་ན། མང་མཐར་ཚར་གཉིས་གསུམ་ལས་ཀློག་མི་སྲིད། འོན་ཀྱང་མེ་ལོང་མའི་ནང་གི་འདོད་སྲེད་ཆགས་མྱོས་གཟིར་གདུང་གི་གཏམ་ཚོགས་འདི་དག་ལ་དང་པོ་བཀླགས་ནས་གོ་བ་བླངས། གཉིས་པ་ངག་ལ་བཟུང་ནས་ཡིད་ངོར་འཆར་དུ་བཅུག གསུམ་པ་དེ་ལ་གོམས་རྗེས་རང་གིས་ཀྱང་དེ་མཚུངས་ཀྱི་དཔེར་བརྗོད་འབྲི་དགོས་སྟབས། གྲྭ་གཞོན་དེ་ཚོའི་སེམས་ལ་འདོད་པའི་ས་བོན་མི་བསྐྲུན་པའི་ངེས་པ་ཁྱོན་ནས་མེད།
དེས་ན་འདི་དག་ནི་བོད་ཀྱི་སྙན་ངག་དང་བོད་ཀྱི་སྲོལ་རྒྱུན་ཁོར་ཡུག་ལ་མི་དགོས་པ་དང་མི་འཚམས་པར་མ་ཟད་དམིགས་བསལ་དགེ་འདུན་པའི་ཁོར་ཡུག་ལ་དེ་བས་ཀྱང་མི་འཚམས་པར་སེམས།
ངས་ཀྱང་མེ་ལོང་མའི་རྒྱན་ཁ་ཤས་སློབ་གྲྭ་ནས་བལྟས་མྱོང་ལ། དེ་རྗེས་སྙན་ངག་སྦྱོང་དུས་ཟུར་བལྟས་སུའང་བྱས་པ་ཡིན། འོན་ཀྱང་ངས་དངོས་སུ་སྦྱོང་གཞི་སྙན་གཞུང་དེ་ནི་བོན་པོའི་དཔེ་ཆ་ཞིག་རེད། དེའི་ནང་འདི་འདྲ་ཞིག་ཀྱང་ཡོད་སྟེ། “ཚེ་སྟོད་ལང་ཚོ་དར་བའི་དུས། །ཡིད་འོང་མ་དེའི་ཨེ་དབྱིངས་སུ། །དབང་ཕྱུག་ཁྲོས་པའི་ལས་སྦྱོར་ལ། །ཚིམས་པ་མེད་པར་ཡང་ཡང་ཞུགས། །འདི་འདྲའི་མཚམས་སྦྱོར་གྱ་ཉེས་པ། །སྙན་ངག་མཁན་གྱིས་ནམ་ཡང་མིན། །སྙན་ངག་གཞུང་དང་དཔེར་བརྗོད་འགར། །འདི་འདྲ་ཤ་སྟག་མ་ཡིན་ནམ། །ཞེ་ན་སྲེད་ལྡན་རྐམ་ཆགས་ཀྱིས། །མནར་བའི་ངག་ལ་ཡིད་བརྟོན་ཅི།” །ཞེས་གསལ་བ་དེ་ནི་དགོན་པའི་ཁོར་ཡུག་དང་འཚམས་པར་གསུངས་ཡོད།
སྨྱུག་སྡེ། ད་སྐབས་མི་མང་པོ་ཞིག་གིས་གནའ་དེང་གང་གི་ཕྱོགས་སུ་མི་གཏོགས་པའམ་དེ་གཉིས་འདྲེས་པ་ལྟ་བུའི་སྙན་ངག་གང་མང་འབྲི་བཞིན་འདུག་ན་དེ་ལ་སྐྱོན་ཡོན་ཅི་ཡོད།
ཆོས་འཁོར་ཚང་། དེ་ནི་གསར་གཏོད་ཀྱི་རང་བཞིན་ཞིག་ལགས་ན་དགེ་ལས་སྐྱོན་ཞིག་ཡོད་པར་བདག་གིས་མ་མཐོང་། དེ་ལྟར་ནའང་སྲོལ་རྒྱུན་གྱི་མ་རྩ་མེད་པའམ་དེ་ལ་ཆ་རྒྱུས་མེད་མཁན་འགས་གནའ་རབས་པའི་འབྲི་སྲོལ་དག་ལ་རྗེས་ལུས་དང་རྙིང་ཞེན་སོགས་ཀྱི་འཕྱ་བ་ནི་འོས་འཚམས་སུའང་རྩ་ནས་མ་མཐོང་།
སྨྱུག་སྡེ། དེང་སང་གནའ་བོའི་སྙན་ངག་སླད་མེད་ཅིག་ལ་བསླབ་དགོས་ན་འཇུག་བྱེད་ཀྱི་ཐབས་ཤེས་གསར་པ་འདྲ་ཡོད་དམ།
ཆོས་འཁོར་ཚང་། འདི་ལས་སླ་པོ་ཞིག་མ་རེད། ཡིན་ན་ཡང་གནའ་དཔེ་གཟིགས་རྒྱུ་དེ་གལ་ཆེ་ཤོས་དང་། དེའི་ནང་ནས་ཀྱང་ལྷ་རབས་སོགས་ཀྱི་རབས་བཤད་དང་། ཆོག་གཞུང་རྙིང་གྲས་ཀྱི་ཚིགས་བཅད། མགུར་ཚིག་རྙིང་པ། བྱ་དཔེ་བྱེའུ་སྒྲུང་དང་གླིང་སྒྲུང་། ཐོ་རབས་དང་དམངས་གླུ། ཁ་ཤགས་དང་གཏམ་དཔེ་སོགས་ལའང་ཐུགས་སྣང་མཛད་ན་ཕན་པར་འདོད།
སྨྱུག་སྡེ། གསར་བུ་ཞིག་ཐོག་མར་སྙན་ངག་ལ་འཇུག་དུས་ཐབས་ཤེས་གང་འདྲ་བེད་སྤྱད་ན་ལས་སླ་བོའི་ཐོག་ནས་སྙན་ངག་ལ་འཇུག་ནུས་སམ།
ཆོས་འཁོར་ཚང་། གལ་ཆེ་ཤོས་དེ་བསམ་ཚད་འབྲི་ནུས་པ་དང་། བྲིས་ཚད་གཞན་ལ་སྟོན་ཕོད་དགོས། སྟོན་ས་དེའང་དགེ་སྐྱོན་གླེང་ཤེས་མཁན་ཞིག་ཡིན་དགོས། དེ་བས་དུས་དེབ་དང་ཚགས་དཔར་དེ་བཞིན་དྲ་བ་སོགས་སུ་ཡོད་པའི་གཞན་གྱི་རྩོམ་ཡིག་གང་མང་བཀླག་དགོས། བརྗོད་བྱ་གསར་པ་ཅི་ཡང་མ་བརྙེད་ཚེ་ཐ་ན་སྐད་རིགས་གཞན་གྱི་རྩོམ་དང་གཞས་ཚིག་སོགས་བོད་ཡིག་ཐོག་འབྲི་ཐབས་ཀྱང་སྤྱད་ཆོག ལྷག་པར་གཞས་ཚིག་འདྲ་མིན་ལ་དོ་སྣང་བྱས་ན་སྙན་ངག་ལའང་བློ་ཐག་ཉེ་རུ་འགྲོ་ངེས་ཡིན།
སྨྱུག་སྡེ། མཐའ་དོན་དུ་སྐུ་ཉིད་ཀྱིས་གུས་པའི་དྲི་བ་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྙན་དེབ་འདི་བརྒྱུད་ནས་སྙན་ངག་ལ་འཇུག་མཁན་ཚོར་དགོངས་འཆར་དམིགས་བསལ་འདྲ་ཡོད་ན་གསུང་རོགས།
ཆོས་འཁོར་ཚང་། འདིར་བསམ་འཆར་ཟེར་ན་དམིགས་བསལ་གང་ཡང་མེད་ཀྱང་། ད་ལྟ་སྐབས་ཐོག་ཏུ་དྲན་པ་ཞིག་ལ་བོད་པའི་ཁོར་ཡུག་གི་ཕྱི་ལོགས་སུ་སྐྱེས་པའམ་འཚར་ལོང་བྱུང་བའི་བོད་རིགས་དག་གིས་སྲོལ་རྒྱུན་སྙན་ངག་འབྲི་སྐབས་དཀའ་ངལ་འཕྲད་དང་འཕྲད་ངེས་སུ་ཡོད་པ་ཞིག་ལ། ཐུན་མིན་མིང་ཚིག་གིས་དབུལ་ནས་ཁོ་ཚོས་བྲིས་པ་དག་གི་སྙན་ལོད་ལ་ཞན་ཆ་ཅུང་ཟད་ཡོང་གིན་འདུག དེས་ན་ཁོང་ཚོར་བོད་ཀྱི་ཐུན་མིན་མིང་ཚིག་ལ་ཐུགས་སྣང་དགོས་རབས་བསྐུལ་འདོད་བྱུང་། འདིར་དཔེར་མཚོན་ཙམ་ཞུས་ན། སྲོག་ལྡན་གང་ཞིག་གིས་སྒྲ་སྐད་འབྱིན་པ་ལའང་ཁྱིས་ཟུག་དང་། རྟ་འཚེར། འབྲི་ངུར། བྱ་གྲག ལུག་འབའ་ཟེར་བ་དང་། གཟན་ཆས་ལའང་མི་ཡི་ཟས་དང་། རྟ་ཡི་ཆག བྱ་ཡི་རྒུམ་བུ། ཕག་གི་ལྟོ་ཟེར་བ། དེ་བཞིན་བྲུན་པ་ལའང་མིའི་སྐྱག་པ་དང་། གཡག་གི་ལྕི་བ། རྟ་ཡི་ཨོང་རིལ། ར་ལུག་གི་རིལ་མ། བྱའི་རྟུག་པ་ཟེར་བ་སོགས་དེ་མཚུངས་ཀྱི་ཁ་དོག་དང་གནས་ཡུལ་སོགས་ཀྱི་མིང་ཚིག་སོ་སོར་ཤེས་ན་ཚིག་གི་སྙན་ཆ་ལའང་ཁྱད་པར་སླེབས་ངེས་ཡིན། མིང་ཚིག་འདི་རིགས་མངོན་བརྗོད་ཀྱི་གཞུང་སོགས་སུ་ཡོད་པའི་ངེས་པའང་མེད་ཕྱིར་རང་ངོས་ནས་སྦྱང་དགོས་པ་ཞིོག་ཡིན། དེས་ན་དེ་ཚོར་ཐུགས་སྣང་དགོས་པར་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
སྙན་ངག་དུས་དེབ་<<སྨྱུག་སྡེ་>>དེབ་འཕྲེང་དང་པོ་ལས་བཏུས།
ནུབ་ཕྱོགས་སུ་མཐོ་སློབ་འགྲོ་བཞིན་ཡོད་པར་དགའ་པོ་བྱུང་།
ཁྱིས་ཟུག་པ་ནི། ཁྱིས་རྨུག་པའི་དོན་དང་།
ཁྱི་ཡི་འབ་པ།
རྟ་འཚེར།
འབྲི་གཡག་ངུར།
བྱ་གྲག བྱ་སྒྲོགས། བྱ་སྐད།
ལུག་འབའ།
་
མི་ཡི་ཟས།
རྟ་ཡི་ཆག
བྱ་ཡི་རྒུམ་བུ།
ཕག་གི་ལྟོ།
་
མིའི་སྐྱག་པ།
གཡག་གི་ལྕི་བ།
རྟ་ཡི་ཨོང་རིལ་ལམ། རྟ་སྦངས། རྟ་ལུད། རྟ་རིལ་ཡང་ཟེར།
ར་ལུག་གི་རིལ་མ།
བྱ་ཡི་རྟུག་པ། བྱ་སྐྱག བྱ་གྲུན། བྱ་ཐལ།
ངོ་མ་ཕན་པོ་བྱུང་། དགེ་བཤེས་ཆོས་འཁོར་ཚང་འདི་ཧི་མ་ལ་ཡི་མི་རིགས་ཁྲོད་ཀྱི་ཤེས་ཡོན་པ་གལ་ཆེན་ཞིག་རེད།
དྲི་བ་དང་དྲིས་ལན་རྣམས་མདོར་བསྡུས་ལ་གནད་ཆེ་བ་བྱུང་འདུག་བཀའ་དྲིན་ཆེ། ང་ཚོས་རྟག་པར་གཞན་ཞིག་ལ་ཡིད་ཆེས་བཀལ་དྲག་ནས་གཡམ་རྒྱུགས་རྐྱང་བྱས་དེ་བསྡད་ཡོད། དོན་ངོ་མ་རང་གི་ལུང་པར་ཡོད་པའི་རི་གཡུང་བྱ་བྱིའུ་རི་ལུང་རང་བྱུང་གི་ཁམས་དང་རྒྱུན་སྤྱོད་ཀྱི་འཚོ་བའི་མིང་ཚིག་སོགས་རྣ་རྒྱབ་ཀྱི་དྲི་བཞོན་བཞིན་དུ་དོར་ནས་མངོན་བརྗོད་ཅེས་གཞན་སྐད་ར་མ་ལུག་དེ་ཚོར་གཙིགས་ཆེས་ཆེར་བརྩིས་ཏེ་ངོམ་སོ་བྱེད་བཞིན་ཡོད། དཔེར་ན། གངས་རི་ལ་གངས་རི་ཞེས་བྲིས་ན་མི་སྙན་པ་དང་ཀེ་ལ་ཤ་བྲིས་ན་སྙན་ཚུལ་སོགས་ལྟ་བུ་རེད། རང་ཡུལ་དུ་ཡོད་པའི་གཡུང་དྭགས་གཡག་དང་རི་དྭགས་འབྲོང་དང་རྐྱང་གཉན་སོགས་ཀྱི་མིང་ཙམ་ཀྱང་མེད་ཅིང། གཞན་ཡུལ་གྱི་མ་ཧེ་དང་གླང་པོ་ཆེ་སོགས་བཀོལ་སྤྱོད་ཀྱིས་སྙན་དངགས་འབྲི་བཞིན་པ་ལྟ་བུ་རེད།
དྲི་བ་དང་དྲིས་ལན་གཉིས་ཀ་གནད་དུ་འཁེལ་བ་བྱུང་འདུག དགེ་བཤེས་མཆོག་དང་སྨྱུག་སྡེ་ཚང་ལ་བཀའ་དྲིན་ཆེ་ཞུ།
དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ་མཆོག་ལ་སྙིང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ། སྨྱུག་སྡེ་དུས་དེབ་དང་ལྷན་དུ་སྙན་ངག་སྐོར་གྱི་དྲི་བ་དང་དྲིས་ལན་འདི་ཧ་ཅང་དོན་སྙིང་ལྡན་པས་བོད་རིགས་གཞོན་ནུ་ཀུན་གྱི་བློ་སྦྲམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཏུ་གྱུར་ངེས། མ་འོངས་བསྟན་འགྲོའི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་ལམ་ཡང་ཡང་ཞུ། བོན་རྒྱལ་ལོ། །
ཆོས་འཁོར་ཚང་གིས་ཡག་པོ་གསུངས་གནང་འདུག ཡིན་ན་ཡང་བོན་པོ་ཚོ་ལ་སྔར་ནས་སྙན་གཞུང་རང་རྐྱ་ཕེར་པ་གང་ཡང་མེད་པས་སྐྱོ། བོད་ལ་དུས་༡༢སྔོན་ནས་སྙན་གཞུང་གང་ཡང་ཡོད་པ་གླེང་རྒྱུར་ཕོངས་འདུག ཧ་ཧ་་་་
དགེ་བཤེས་ལགས་དང་སྨྱུག་སྡེ་ཚང་གཉིས་ཀ་བཀའ་དྲིན་ཆེ། དགེ་བཤེས་ལགས་ཀྱིས་རིག་གནས་སྦྱང་དུས་ཐུགས་གནང་གང་གཟབ་གནང་འདུག་པས་བཀའ་དྲིན་ཆེ་ཞུ།
འདིར་ཁོང་གི་མཐའ་མའི་དྲི་ལན་དང་འབྲེལ་ནས་ཚིག་འགའ་ཤས་ཞུ་ན་སེམས་བྱུང་། དེ་སྔོན་ཁམས་འབའ་བ་ཞིག་གིས་ངེད་ཀྱི་ངོ་ཤེས་གྲོགས་པོ་ཞིག་དང་སྐད་ཆ་སྐབས་ངེད་གྲོགས་པོ་དེས་གཞུང་ལམ་ཐོག་བ་ཕྱུགས་ཀྱི་ལྕི་བ་བཏང་འདུག་བརྗོད་སྐབས་འབའ་བ་དེས་འདི་བ་ཕྱུགས་ཀྱི་སྐྱག་པ་རེད་མ་གཏོགས་ལྕི་བ་མིན་ཞེས་ཨུ་ཚུགས་རྒྱབ་ནས་བརྗོད་འདུག་ཟེར། རྒྱུན་དུ་བོད་སྐད་ཐོག་དེ་འདྲ་ཐ་སྙད་མང་པོ་ཞིག་ཡོད་ཀྱང་བཀོལ་སྤྱོད་མཛད་མཁན་དཀོན་པོ་འདུག་ལགས་ན་དེ་དག་ལ་གཟབ་དགོས་འདུག་ཞུ།
སྟོད་པའི་ཡུལ་སྐད་ལྟར་བྱས་ན། ལྕི་བ་ནི་སྐམ་པོ་མེ་ལ་འབུད་བྱ་དང་། སྙུ་བ་ནི་རློན་པ་དུད་འགྲོས་བཏང་ལོང་མ་དེ་ལ་གོ་དགོས་པར་སྙམ། འདི་ལྟ་བུའི་བོད་སྐད་དྭངས་མའི་དབྱེ་མཚམས་ལ་དོ་སྣང་ཡག་པོ་བྱ་དགོས་པར་སེམས་སོ། །
སྟོད་སྐད་དྭངས་མའི་སྒྲ་གདངས་འདི་ལྟར་རྗོད། ལྕོབཱ་་་། སྙོབཱ་་་་།
སྨད་སྐད་ལྟར་ཞུས་ན། རློན་པ་ལ་ལྕི་བ་དང་། སྐམ་པོ་ལ་ཨོང་བ་ཞེས་ཟེར། འདི་ལྟ་བུའི་བོད་སྐད་དྭངས་མའི་དབྱེ་མཚམས་ལ་དོ་སྣང་ཡག་པོ་བྱ་དགོས་པར་སེམས་སོ། །
ལྕི་བ་ཞེས་པ་དེ་སྨད་སྐད་དངོས་གནས་ཨ་ཡིན་ན། ཨོང་བ་ནི་ཏན་ཏན་སྨད་སྐད་གཙང་མ་ཡིན་ས་རེད། སྒྲ་ཚིག་གི་ཡོང་ཁུངས་ལ་བརྟག་དགོས་པར་སེམས།