ཀླུ་སྨྱོན།
བོད་ནང་དུ་ཡོད་དུས་རག་ར་རིན་པོ་ཆེའི་སྐོར་གང་ཡང་ཤེས་རྟོགས་མེད། རྒྱ་གར་དུ་ཡུལ་གྱར་ནས་འབྱོར་རྗེས། རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཡོད་པའི་དགེ་ལུགས་པའི་དགོན་ཆེན་འབྲས་སྤུངས་སུ་ལོ་གཅིག་བསྡད་རིང་། ས་མཐའ་ནས་ཉི་མ་འཁྱོལ་ཕྱིར་སྒོ་མང་དཔེ་མཛོད་ཁང་གི་ནང་དུ་ཡོད་པའི་བོད་ཀྱི་བླ་མའི་ལོ་རྒྱུས་དག་རེ་རེ་བཞིན་ཞིབ་ཚགས་པོའི་སྒོ་ནས་བཀླགས། ང་ལ་མཚོན་ན་ནང་ཆོས་ཀྱི་གོ་བ་ཕྲན་བུ་ཞིག་ཡོད་པ་ནི་གྲུབ་མཐའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས་པ་མ་ཡིན་པར། བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བླ་མ་དག་གི་རྣམ་ཐར་བཀླགས་པ་ལས་བྱུང་བའི་བློ་སྐྱེད་འབའ་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག་པ་ཞིག་ཡོད།
སྒོ་མང་དཔེ་མཛོད་ཁང་ནས་ལྡི་ལི་བོད་ཁང་གིས་ ༡༩༩༥ ལོར་པར་སྐྲུན་མཛད་པའི་ “གསེར་ཀོང་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་སྐལ་བཟང་རེ་སྐོང་།” ཞེས་པ་འདི་བཀླགས་པ་ཡིན་ལ། རྣམ་ཐར་འདིའི་རྩོམ་པ་པོ་རག་ར་ཐུབ་བསྟན་ཆོས་དར་ཞེས་པ་ཞིག་མིག་ལམ་དུ་བརྒྱུད་ཀྱང་ཁོང་དགེ་འདུན་ཆོས་འཕེལ་གྱི་སློབ་མ་ཡིན་པ་དེ་དུས་ངོ་རྟགས་མ་ཆོད། གསེར་ཀོང་རྣམ་ཐར་འདི་ལ་གྲུབ་པའི་སྐྱེས་བུ་དག་གི་མཛད་སྤྱོད་ངོ་མཚར་བའི་སྐོར་ལ་མཆོག་ཏུ་དགའ་བའི་ཁོ་བོར་མཚོན་ན་རིན་ཐང་ཆེ་བའི་གཏམ་རྒྱུད་ཡ་མཚན་པ་ཞིག་རྙེད་པར་གྱུར། དཔེར་ན་གསེར་ཀོང་ཚང་སྐུ་ན་གཞོན་དུས་དགེ་ལུགས་པའི་ཆོས་གྲྭར་ཕེབས་པའི་སྐབས་དེར། ཐེངས་དུ་མར་ཁོང་གི་དབུ་སྐྲ་གཞར་ཐེངས་རེ་རེར་སྐུ་བསྙུང་ལྕི་བ་རེ་བཞེས་ཤིང་། མཐའ་མར་ཁོང་གི་བླ་མ་ཞིག་གི་བཀའ་བཞིན་དབུ་སྐྲ་མ་བཞར་བར་སྐུ་དཔུང་བར་དུ་རིང་བོར་བཞག་ནས་ཚོགས་ཆོས་གྲྭར་ཕེབས་དང་། མཐའ་མར་གསང་ཡུམ་ཞིག་བཞེས་རྗེས་གཞན་པའི་བརྙས་སྨོད་དང་སྐུར་འདེབས་ཀྱི་ཆར་བའི་ཀློང་དུ་བོང་བུ་ཞིག་ལ་ཅ་ལག་ཡོད་ཚད་བཀལ་ནས་གསང་ཡུམ་དང་ལྷན་དུ་ལྷོ་ཁའི་ཕྱོགས་སུ་ཕེབས། བྲག་ཕུག་ཅིག་ཏུ་ལེགས་བཤད་གསེར་ཕྲེང་གི་ཚིག་དོན་ཞིག་ལ་ཐུགས་བསམ་གཏིང་ཟབ་པོར་བཞེས་དུས། གློ་བུར་དུ་བལྟ་བས་ཆོག་མི་ཤེས་པའི་དགེ་སློང་ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་དུ་ལྡང་བ་ཞིག་བྲག་ཕུག་ཏུ་ཕེབས་ནས་ཡུམ་དོན་རྒྱས་བཤད་གནང་གྲུབ་རྗེས་བྲག་ཕུག་གི་ཕྱི་རོལ་ཏུ་ཕེབས་སོང་བར། རྗེས་བསྙེགས་ནས་ལྟ་དུས་དགེ་སློང་དེ་ནམ་མཁའི་མཐོངས་སུ་ཡར་འཕུར་བཞིན་པ་མཇལ་བ་སོགས་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་རྣམ་ཐར་ཞིག་ལ་དེ་དུས་མཇལ། རྣམ་ཐར་འདིའི་ཚིག་རིས་ཧ་ལས་པའི་སྙན་ཆ་དོད་ཅིང་བར་སྐབས་ཚིག་བཅད་དག་ཀྱང་སྙན་ངག་གི་ཚིག་རྒྱན་ཕུན་སུམ་ཚོགས་པ་འབའ་ཞིག་ཏུ་མཇལ།
སྤྱི་ལོ་༡༩༩༥ ལོ་མཇུག་ནས་ ༡༩༩༩ ལོ་མཇུག་བར་བདག་གིས་བལ་ཡུལ་སྒོ་མང་གློག་ཀླད་ལས་ཁུངས་སུ་གསུང་རབ་ཞུ་ཆེན་པའི་ལས་ཀ་སྒྲུབ་དུས་སུ། རག་རས་བརྩམས་པའི་རྣམ་ཐར་གཞན་ཞིག་སྟེ། དུས་སྐབས་ཤིག་གི་རིང་བླ་མ་བདག་ཉིད་ཆེན་པོ་སོགས་དགེ་ལུགས་པའི་བླ་སྤྲུལ་མང་ཤོས་ཀྱི་བླ་མར་གྱུར་པའི་ཡོངས་འཛིན་ཁྲི་བྱང་གི་རྣམ་ཐར་ཞིག་ཀྱང་བདག་གིས་ཀློག་རྒྱུ་བྱུང་ལ། དེའི་ནང་ཁམས་ཁུལ་གྱི་བྲག་དཀར་སྤྲུལ་སྐུ་ཞེས་པའི་དགེ་ལྡན་པའི་བླ་མ་གཏེར་སྟོན་ཆེན་པོ་ཞིག་གིས་ལྕགས་ཀྱི་བ་རུ་ཞིག་གཏེར་ནས་བཏོན་པའི་ནང་ནས་བྱིན་རླབས་ཡ་མཚན་ཅན་གྱི་དམ་རྫས་ཁྱད་དུ་འཕགས་པ་སྐོར་ཞིག་ཐོན་ཚུལ་སོགས་ཡིད་དབང་འཕྲོག་པའི་སྒྲུང་མང་པོ་ཞིག་འདུག་མོད། རྗེས་སུ་སྲུང་མའི་རྩོད་རྙོག་དེའི་རྐྱེན་གྱིས་ཁྲི་བྱང་རྣམ་ཐར་དེ་ཕལ་ཆེར་པར་སྐྲུན་བྱས་མེད་ལུགས་ཐོས།
དུས་སྐབས་དེ་འདྲ་ཞིག་ལ་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་ ༡༩༨༠ ལོར་པར་སྐྲུན་བྱས་པའི་ “དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས” ཞེས་པ་འདི་ཉིད་ཀློག་པའི་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང་ལ། དེ་དང་མཉམ་དུ་རག་ར་ཐུབ་བསྟན་ཆོས་དར་ཞེས་པའི་རྩོམ་པ་པོ་འདིའི་སྐོར་ལ་ཡང་ཤེས་འདོད་ཕྲན་བུ་བྱུང་། དགེ་ཆོས་ཀྱི་ལོ་རྒྱུས་འདི་བརྒྱུད་ནས་སྐབས་དེའི་བོད་རྙིང་པའི་སྤྱི་ཚོགས་ཀྱི་རུལ་དྲི་དང་རྨོངས་འཐོམ། རང་དབང་དང་ཞི་བདེ་སོགས་ཀྱང་ཞར་དང་ཞོར་ལ་རྟོགས་པར་གྱུར་ཅིང་། རག་ར་ཞེས་པའི་རྩོམ་པ་པོ་འདི་ཡང་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཐུགས་སྲས་ཤིག་ཡིན་འདུག་ཨང་སྙམ་པ་ཞིག་ཀྱང་བྱུང་མོད། ཁོང་དེང་སྐབས་འཚོ་བཞུགས་ཡོད་མེད་དང་གལ་སྲིད་བཞུགས་ཡོད་ན་གང་དུ་བཞུགས་མིན། ཁོང་གིས་ཕྱག་ལས་ཅི་ཞིག་གནང་བཞིན་ཡོད་མེད་སོགས་ལ་ཆ་རྒྱུས་ཅི་ཡང་མ་བྱུང་།
ཕྱི་ལོ༡༩༩༥ཟླ༣པའི་ཚེས་༡༥ནས་༡༧བར་དྷ་རམ་ས་ལར་ཆེས་ཐོག་མའི་ “བོད་རྒྱལ་ཡོངས་རྩོམ་པ་པོའི་ལྷན་ཚོགས།” དེ་བཞིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་གོ་སྒྲིག་འོག་བསྐོངས་ཚོགས་བྱས་ཤིང་། བོད་ཀྱི་སྤྱི་ཚོགས་ནང་རྩོམ་པ་པོའི་ཆེས་ཐོག་མིའི་ལྷན་ཚོགས་དེར་རྒྱ་གར་དང་བལ་ཡུལ། སུད་སི་དང་དབྱིན་ཡུལ། དེ་བཞིན་ཨ་རི་བཅས་ནས་ཁྱོན་བོད་ཀྱི་རྩོམ་པ་པོ་དྲུག་ཅུ་རེ་གཉིས་དང་། ལྷན་ཚོགས་དེའི་ནང་ཕེབས་པའི་ཚོགས་བཞུགས་པ་སྐུ་ན་བགྲེས་ཤོས་དང་སྙན་གྲགས་ཆེ་ཤོས་ནི་རག་ར་ཐུབ་བསྟན་ཆོས་དར་ལགས་རེད། དེའི་སྐབས་ཁོང་དགུང་ལོ་བདུན་ཅུ་དོན་གཅིག་རེད། ཐེངས་དེའི་ཚོགས་འདུའི་སྟེང་དུ་ངས་རག་ར་རིན་པོ་ཆེ་མཆོག་ཐོག་མར་མཇལ་ཞིང་། ཁོང་གིས་ཐོག་མར་ང་ལ་བཞག་པའི་ཚོར་བ་ནི་ཁོང་གི་ཐུགས་གཤིས་འཇམ་པོ་དང་གསུང་གདངས་ལྷོད་པོ། བཞེས་ཐ་མཆོད་པར་མཉེས་པོ་ཡོད་པ་དེ་རེད། ཚོགས་ཐོག་དེར་ཁོང་ནི་མཁས་པ་དང་རྩོམ་པ་པོ་རྒན་དར་གཞོན་གསུམ་མང་པོ་ཞིག་གིས་བཀའ་འདྲི་ཞུ་ས་དང་ཁ་བརྡ་གློད་ས་ཆེས་ཡག་ཤོས་དེ་རེད་ཨང་སྙམ་པའི་ཚོར་བ་ཞིག་བདག་ལ་བྱུང་བ་དང་། རང་ཉིད་ནས་ཀྱང་དགེ་འདུན་ཆོས་འཕེལ་གྱི་ཆོས་ལུགས་དང་སྲིད་དོན་ལྟ་བའི་སྐོར་ཁོང་ལ་བཅར་འདྲི་ཐུང་ཐུང་ཞིག་ཞུས་པ་ཡིན།
ཚོགས་འདུ་དེའི་རིང་བདག་སྦག་སུ་མགྲོན་ཁང་ཟེར་བའི་སྐབས་དེའི་རྡ་ས་གྲོང་བརྡལ་གྱི་མགྲོན་ཁང་ཡག་པོའི་གྲས་སུ་རྩི་བ་དེའི་ནང་དུ་ཞག་མ་རེ་ཟུང་ལ་བསྡད་ཅིང་། ཚོགས་འདུ་གྲོལ་རྗེས་ཕ་ཡུལ་གཅིག་པའི་གཉེན་གྲོགས་ནམ་མཁའི་ཤག་ཆུང་དེར་གནས་སྤོར་བྱས། ང་ཚོ་གྲྭ་རྐྱང་གསུམ་གྱིས་དགོང་མོ་རེ་རེ་བཞིན་ནམ་མཁའི་ཉལ་ས་ཆུང་ཆུང་དེའི་ནང་དུ་འཚང་ཁ་བརྒྱབ་ནས་ཉལ་བས། བདག་ཕྱིར་རྒྱ་གར་ལྷོ་ཕྱོགས་སུ་ཆས་ཁར་ལུས་པོར་ཤིག་བཏབ་ནས་ཕ་ཡུལ་དྲན་པའི་སྣོན་མ་ཞིག་ཏུ་གྱུར།
ང་རང་རྒྱ་གར་ལྷོ་ཕྱོགས་སུ་ལོ་གཅིག་སྡོད་རིང་སྒོ་མང་སློབ་གྲྭའི་དགེ་རྒན་དང་ “ལྡུམ་ར་” ཞེས་པའི་རྩོམ་རིག་དུས་དེབ་དེའི་རྩོམ་སྒྲིག་པའི་འགན་ཡང་ཁུར་མྱོང་། དེ་དུས་རག་ར་རིན་པོ་ཆེས་རྗེ་ཙོང་ཁ་པའི་རྟོགས་བརྗོད་སྙན་ངག་གི་ལམ་དུ་དྲངས་པ་ཡིད་དབང་འཕྲོག་པ་ཞིག་བརྒྱུད་མར་བསྐུར་ཡོང་གིན་འདུག་པས། ཁོང་གི་སྲོལ་རྒྱུན་སྙན་ངག་རྩོམ་རྩལ་ལ་ཡིད་སྨོན་ཤོར་བ་ཡང་ཐེངས་གཅིག་མིན། ད་དུང་རྡ་ས་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་འདོན་སྤེལ་བྱེད་བཞིན་པའི་ “ལྗང་གཞོན་” དུས་དེབ་སྟེང་དུ་ཡང་རིན་པོ་ཆེ་མཆོག་གིས་ཚེ་རིང་མཆེད་ལྔ་སོགས་བོད་སྐྱོང་ལྷ་སྲུང་དག་དྲན་གླུ་འདྲ་བོ་རྒྱབ་ལྗོངས་མཐུག་ཅིང་ཚིག་སྦྱོར་མཛེས་པའི་སྙན་ངག་ཧ་ཅང་ཡག་པོ་ཞིག་སྤེལ་མྱོང་བ་ཡང་དྲན།
བདག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་དུས། ཕ་ཡུལ་དྲན་པའི་གདུང་བ་དང་ས་མཐའི་སྐྱོ་ངལ་གྱི་ཚོར་བ། ས་སྲོས་རེ་རེ་བཞིན་རྣ་ལམ་དུ་ལྷུང་ཡོང་བའི་བྱེའུ་ཞིག་གི་སྨྲེང་བ་སློང་པའི་གླུ་དབྱངས་སོགས་ཀྱི་རྐྱེན་བྱས་ནས། ཁོ་བོས་ཕལ་ཆེར་ཉི་མ་རེ་རེར་སྙན་ངག་རེ་བྲིས་པ་དང་། ལོ་གཅིག་གི་རྗེས་སུ་བལ་ཡུལ་དུ་འབྱོར་རྗེས་དེ་དག་དེབ་ཆུང་ཞིག་ཏུ་བསྒྲིགས་ནས་པར་སྐྲུན་བྱས། དེབ་ཆུང་དེའི་ཆེད་དུ་བལ་བོའི་ཕྱུག་པོ་ཚོའི་ཁྱིམ་སྒོ་འགྲིམས་ནས་སློང་མོ་ཐེངས་ཤིག་བྱས་ཤིང་། ཕྱུག་པོ་རེ་ཟུང་གིས་བཏགས་ཁྱི་བཙན་པོ་བསྐུལ་ནས་འཇིགས་སྣང་ཡང་བསྐུར་མྱོང་། མཐའ་མར་དེབ་ཆུང་དེའི་མིང་ལ་ “ཤམ་བྷ་ལའི་དུད་སྤྲིན”་ ཞེས་བཏགས་ཏེ་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱས་པ་དང་། རག་ར་རིན་པོ་ཆེར་ཡང་དེབ་གཅིག་སྦྲགས་ཁང་བརྒྱུད་ཕུལ་བ་ཡིན། ཕལ་ཆེར་ཟླ་བ་གཉིས་ཙམ་གྱི་རྗེས་སུ་རིན་པོ་ཆེས་ང་ལ་ཡི་གེ་ཞིག་བསྐུར་འདུག་ཅིང་། དེའི་ནང་དུ་ངས་སྙན་ངག་མེ་ལོང་མར་གཤེ་སྐུར་བྱས་པ་དེ་མི་འགྲིགས་པ་ཞིག་ཡིན་ཚུལ་དང་། རྗེ་ཙོང་ཁ་པ་ལྟ་བུའི་སྔོན་གྱི་མཁས་པ་འདུལ་འཛིན་དེ་ཚོས་ཀྱང་ “སྙན་གཞུང་མེ་ལོང་མར”་སློབ་སྦྱོང་བྱས་ཡོད་ལུགས་སོགས་འཁོད་འདུག་ཅིང་། ཁོ་བོས་བལ་ཡུལ་གྱི་བོད་ཡིག་ཚགས་པར་ “གཉན་ཆེན་ཐང་ལྷའི་” སྒྱུ་རྩལ་རྩོམ་རིག་གི་རྩོམ་སྒྲིག་པ་བྱེད་དུས་རིན་པོ་ཆེ་མཆོག་གིས་སྙན་ཐུང་རེ་ཟུང་བསྐུར་གནང་མཛད་པ་ཞིག་ད་དུང་དྲན་ཡུལ་ན་ཡོད་ཀྱང་བརྩམས་ཆོས་དེ་དག་གི་ཁ་བྱང་ཡིད་ངོས་སུ་ཅི་ཡང་མི་འདུག་པ་ནི་ཧ་ཅང་ཕངས་པའི་གནས་སུ་འཁུམས།
དེ་རྗེས་ས་ར་མཐོ་སློབ་ཏུ་རིན་པོ་ཆེས་གནས་བརྒྱད་རྩ་འགྲེལ་སོགས་ཀྱི་སློབ་ཁྲིད་གནང་བཞིན་ཡོད་ལུགས་ཤིག་ཐོས་ཀྱང་རང་ཉིད་ལས་བྲེལ་གྱི་དབང་གིས་བཅར་བའི་སྐལ་བ་མ་བྱུང་ཡང་། ལོ་ཤས་རྗེས་སྐབས་དེའི་ཁྲིད་གཞི་ལྟ་བུ་ཡིན་པའི་ཁོང་གི་ལྗགས་རྩོམ་རིགས་སློབ་ཀྱིས་ པར་སྐྲུན་མཛད་པའི་ “གནས་བརྒྱད་ཀྱི་འགྲེལ་པ་ཐ་སྙད་རིག་པའི་ཐི་གུ་དང་། སྤྲིན་གྱི་ཕོ་ཉའི་འགྲེལ་པ་གློག་ཕྲེང་མ།” ཞེས་པའི་བསྟན་བཅོས་ཕུན་སུམ་ཚོགས་པ་འདི་གཉིས་འདྲེན་བྱེད་ཀྱི་ཡུལ་དུ་སྤྱོད་པའི་གོ་སྐབས་བྱུང་ཞིང་། མཁས་པ་ཁོང་གི་སྙན་ངག་གི་རྩོམ་གཤིས་ལ་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་སྤྲིན་གྱི་ཕོ་ཉའི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་ནི་ག་དུས་ཡིན་ཡང་གསལ་བོར་རྟོགས་ཐུབ།
ཁོང་གི་བརྩམས་ཆོས་ཕལ་མོ་ཆེ་བདག་གིས་ཞིབ་ཏུ་བཀླགས་ཟིན་མོད། མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༠༥ པར་སྐྲུན་བྱས་པའི་ “གསར་བསྒྱུར་རཱ་མ་ཡཱ་ཎའི་རྟོགས་བརྗོད།” དེ་བཞིན་ ༢༠༠༠ ལོར་པར་སྐྲུན་བྱས་པའི་ “རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས།” “ཁུ་ནུ་བླ་མ་རིན་པོ་ཆེའི་མཛད་པ” ཞེས་པ་དག་ཡོད་ཚོད་འདུག་ཀྱང་བདག་ལ་དེབ་དེ་ཚོ་ཀློག་པའི་སྐལ་བ་མ་ལྡན།
ཁོང་གིས་སུད་སི་རྒྱལ་ཁབ་ཏུ་ཇི་ལྟར་མི་ཚེ་བསྐྱལ་བའི་སྐོར་རོབ་ཙམ་ཞིག་ནི་ “སྐར་ཁུང་དྲ་བའི་” ཡིག་སྒྱུར་ཚོགས་ཆུང་གིས་བོད་སྒྱུར་བྱས་པའི་རྩོམ་ཡིག་གི་ཁྲོད་དུ། ཁོང་གིས་ཆུང་བྱིས་པའི་དུས་ནས་བསྐྱངས་པའི་སློབ་ཕྲུག་བུ་མོ་གཡང་སྒྲོན་དོན་གྲུབ་ཀྱིས་བརྩམས་པའི་ “དགེ་འདུན་ཆོས་འཕེལ་གྱི་མི་ཚེར་སྐྱར་དུ་མཇལ་བ་” ཞེས་པའི་ནང་དུ་བྲིས་པ་སྟེ།
“དེ་དག་ཡོད་ཚད་ང་རང་ལོ་ན་བདུན་གྱི་སྐབས་སུ་བྱིས་པ་གཞན་ལྔ་དང་མཉམ་དུ་འཇར་མན་(German )སྐད་ཤོད་པའི་སུ་ཝེ་རྫིར་ལན་ཌི་(Switzerland) ཡི་ས་གནས་ཡུལ་ཚོ་ཞིག་སྟེ་ཁྲི་རོ་རྗིན་(Trogen)དུ་འགྲོ་བར་བདམས་ཐོན་བྱུང་བ་དེ་ནས་འགོ་བཙུགས་པ་རེད། ང་ཚོའི་འཚོ་བ་གསར་པའི་ཁྲོད་ང་ཚོ་ཁྱིམ་ཚང་ཆེན་པོ་ཞིག་གི་ནང་དུ་གསོ་སྐྱོང་བྱེད་མཁན་གྱི་ཕ་ཚབ་མ་ཚབ་གཉིས་དང་ལྷན་དུ་སྡོད་དགོས་ལ། ཁོང་གཉིས་ཀྱང་བོད་པ་ཡིན། དེ་བས་ང་ཚོ་ནི་ང་ཚོའི་ཨ་ཕ་གསར་པ་སྟེ་རཀ་ར་བཀྲས་མཐོང་དང་ཁོང་གི་བཟའ་ཟླ། བྱིས་པ་ལྔ་བཅས་དང་ལྷན་དུ་འཚར་ལོངས་བྱུང་། ཁྲི་རོ་ཇཱིན་(Trogen)ནི་སྔོ་ལྗང་ལྗང་གི་རི་ཚོགས་དང་གཡུལ་ཁང་གིས་བསྐོར་བའི་གྲོང་སྡེ་ཆུང་ངུ་ཞིག་ཡིན། ང་ཚོའི་སྡོད་ཁང་ནི་སི་ཝེ་སིའི་ཆ་ལེ་ཁྲི་(Swiss chalet)ཞིག་གི་དབྱིབས་ལྟར་ཆེ་ཞིང་ཐོག་བརྩེགས་ལྔ་ཡོད། ང་ཚོའི་གསོལ་ཚིགས་ཁང་གི་ནང་དུ་མི་ཉི་ཤུ་ཙམ་ལྷོད་ཀྱིས་སྡོད་ཆོག ཐོག་བརྩེགས་ཞབས་མ་རུ་ཁྲིས་ཁང་དང་འཛིན་ཁང་ཡོད་པ་དང་སྟེང་མ་དག་ནི་མི་རེ་རེའི་སྡོད་ཁང་ཡིན། ང་ཚོ་བུ་མོ་བཞི་ཐོག་མར་ཁང་པ་གཅིག་གི་ནང་དུ་བཞག་སོང་ལ་བུ་གཉིས་ཁང་པ་གཞན་ཞིག་གི་ནང་དུ་མཉམ་དུ་བསྡད་པ་རེད། གཞུག་གི་ལོ་ཟླ་དེ་དག་གི་རིང་ང་ཚོ་མི་རེ་ལ་ཁང་པ་རེ་རེ་ཡོད།
སློབ་གྲྭའི་བྱེད་སྒོ་ཁག་གི་ཟུར་དུ་ང་ཚོར་ཉི་མ་རྟག་པར་ཆུ་ཚོད་གཅིག་རིང་གི་བོད་ཡིག་སློབ་ཁྲིད་ཡོད། མཚམས་རེར་པཱ་ལགས་ཀྱིས་ང་ཚོར་བརྡ་སྤྲོད་དང་དག་ཡིག་སློབ་རྒྱུའི་ཚབ་ཏུ་བོད་ནང་གི་ཁོང་གི་མི་ཚེ་ཡི་སྐོར་དང་། ཡང་ན་ཁོང་གིས་དེ་ལས་ཀྱང་དབྱིངས་ཆེ་བའི་འདྲེ་སྒྲུང་སྟེ་དགེ་བཤེས་བོང་བུ་ལྟ་བུ་ཤོད་པ་རེད། དགེ་བཤེས་བོང་བུ་ནི་འབྲས་སྤུངས་དགོན་པའི་གྲྭ་བ་རང་འདོད་ཅན་ཞིག་གིས་གལ་སྲིད་ཁོ་མི་མང་ཁྲོད་ཀྱི་རྩོད་པ་ཞིག་ལས་ཕམ་སོང་ཚེ་ཁོང་བོང་བུ་ཞིག་གི་བུ་རུ་སྐྱེ་རྒྱུ་ཡིན་པའི་དམ་བཅས། སྟབས་མ་ལེགས་པར་ཁོ་རྩོད་པ་ལས་ཕམ་སོང་པས་རང་སྲོག་བཅད། དེ་ནས་བཟུང་ཁོ་འབྲས་སྤུངས་དགོན་པའི་བར་ཁྱམས་ནག་ཁུང་ཡིན་ས་དེར་གྲྭ་བ་ཚོའི་ཁོག་ཏུ་ཞུགས། པཱ་ལགས་ནི་ཡིད་དབང་འཕྲོག་པའི་སྒྲུང་བ་ཞིག་ཡིན། མཚམས་རེར་ང་ཚོར་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད། ཁོང་གིས་ང་ཚོ་མ་ཉལ་སྔོན་ལ་ཙམ་ལ་སྒྲུང་ཤོད་ཀྱིན་ཡོད་པས། ང་ཚོས་འདྲེ་སྒྲུང་དག་ལ་ཉན་རྗེས་ང་ཚོ་རང་རང་གི་ཁང་པའི་ནང་ནས་གཅིག་བུ་ཉལ་ཐུབ་ཀྱི་མེད། ང་ཚོས་དགེ་བཤེས་བོང་བུ་ང་ཚོའི་འཁྲིས་ལ་ཡོང་གི་རེད་བསམ་ནས་ཉལ་ཁྲི་གཅིག་གི་སྒང་ལ་འཚང་ཁ་བརྒྱབ་ནས་ཉལ་གྱིན་ཡོད།
པཱ་ལགས་ནི་སྐུ་དྲག་གི་རིགས་རྒྱུད་ཅིག་ཡིན་ལ་འབྲས་སྤུངས་དགོན་པ་ནས་དགེ་བཤེས་ཀྱི་ཕྱག་འཁྱེར་ཡང་ཐོབ་ཡོད། ང་ཚོའང་ལྷ་སའི་སྐུ་དྲག་དག་གི་མིང་དང་ལོ་རྒྱུས་སྙིང་བསྡུས་རེ་གོ་བས་ཅུང་ཙམ་གོམས་པར་གྱུར། འོན་ཀྱང་། ངས་ཁོང་རྣམ་བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་འཇོག་བཏུབ་པ་བྱུང་བ་དེ་ནི་ལོ་མང་པོ་ཞིག་གི་རྗེས་ནས་ཡིན། དེ་བས་དགེ་འདུན་ཆོས་འཕེལ་གྱི་མཚན་ཡང་ཁོང་གིས་བཤད་པའི་ལོ་རྒྱུས་སྙིང་བསྡུས་དག་གི་ཁྲོད་ནས་བྱུང་བ་རེད། པཱ་ལགས་ཀྱིས་དགེ་འདུན་ཆོས་འཕེལ་གྱི་མདུན་ནས་སྙན་ངག་སྦྱངས་པ་དང་སྤྱི་ལོ་༡༩༤༦ལོར་ཁོང་འཛིན་བཟུང་བྱས་པའང་དངོས་སུ་མཐོང་ཡོད། ལོ་མང་པོའི་རྗེས་ལ་སི་ཝེ་རྫིར་ལན་ཌི་(Switzerland) རུ་པཱ་ལགས་ཀྱིས་ དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཀྱི་དེབ་ཅིག་བརྩམས་གནང་ཡོད་ལ(༡)། ཁོང་གིས་ང་ཚོ་ལ་དགེ་འདུན་ཆོས་འཕེལ་བླ་བྲང་ལ་བཞུགས་སྐབས་གྲུ་ཞིག་བཟོས་པའི་སྐོར་དང་རྒྱ་གར་དང་བོད་ཀྱི་ས་ཆ་མང་པོར་འགྲུལ་བཞུད་བྱས་པ། དབྱིན་སྐད་ཆུ་རྒྱུག་རྒྱུག་གིས་ཤོད་པ་བཅས་ཀྱི་སྐོར་གསུངས། རེད་དེ། སྐབས་དེར་ང་རང་ན་ཆུང་གི་སྣང་བར་གཡེང་བ་ལས་ལོ་རྒྱུས་སྙིང་བསྡུས་དེ་དག་ལ་དོ་སྣང་དེ་ཙམ་མ་བྱས།” ཞེས་པ་འདིས་གསལ་བོར་བརྗོད་འདུག་ཅིང་། སྐབས་རེར་ཁོ་བོའི་སེམས་ནང་། སྐད་རིགས་འདྲ་མིན་ལ་ནང་བྱན་ཆུབ་ཅིང་སྙན་ངག་རིག་པར་མཁས་གྲགས་རྒྱས་པའི་མི་སྣ་རླབས་པོ་ཆེ་འདིས་ཡོ་རོབ་མཐའ་འཁོབ་སུད་སི་རྒྱལ་ཁབ་ཀྱི་གྲོང་གསེབ་ཆུང་ཆུང་དེ་འདྲ་ཞིག་ཏུ་ཁོང་གི་ལོ་ངོ་ལྔ་བཅུའི་མི་ཚེ་དེ་ཇི་ལྟར་བསྐྱལ་བ་ཡིན་ནམ་སྙམ་པ་ཡང་ཐེངས་དུ་མར་བྱུང་།
མཁས་པ་འདིའི་སྒྱུར་རྩོམ་ཁྲོད་ “ར་མ་ཡྰ་ཎའི་རྟོགས་བརྗོད་” དང་ “རྒྱུན་ཆགས་ལྔ་པ་” སོགས་ཡོད་མོད། བདག་གིས་ནི་ “རྒྱུན་ཆགས་ལྔ་པ་” རོབ་ཀློག་ཙམ་མ་གཏོགས་ “ར་མ་ཡྰ་ཎ་” ཀློག་རྒྱུ་མ་བྱུང་ཡང་། “རྒྱུན་ཆགས་ལྔ་པ་” འདི་ཉིད་བྱིས་སྒྲུང་གི་རང་བཞིན་ལྡན་པ་གང་ཞིག་ལ་བོད་ཀྱི་བྱ་སྤྲེལ་གཏམ་རྒྱུད་བཞིན་མང་ཚོགས་ཀྱི་འཚོ་བའི་རང་བཞིན་དང་དྲང་བདེན་ལ་རྒྱལ་ཁ་དང་སྡིག་སྤྱོད་ལ་ཕམ་ཁ་འབྱུང་བའི་དགེ་སྡིག་གི་ལས་འབྲས་སོགས་བསྟན་པའི་འཇིག་རྟེན་མི་ཆོས་ཀྱི་སྒྲུང་གཏམ་ཡིད་དབང་འཕྲོག་པ་ཞིག་ཏུ་མཇལ་སོང་ལ། ཁོང་གིས་སྒྲུང་རིང་པོ་འདི་ཉིད་ཡིག་བསྒྱུར་གྱི་ཆེད་དུ་ཆུ་ཚོད་དེ་འདྲའི་མང་པོ་ཞིག་གཏོང་གནང་དོན་ཡང་། ཁོང་གིས་མི་ལོ་ལྔ་བཅུ་ལྷག་བོད་རིགས་བྱིས་པ་ཚོར་བོད་ཀྱི་སྐད་དང་ཡི་གེ་བསླབས་ནས་བསྐྱལ་གནང་བ་དེའི་བག་ཆགས་ཀྱིས་ཀྱང་ཡིན་པར་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད།
འཇམ་དབྱངས་ནོར་བུས་ཉེ་ཆར་སྤེལ་བའི་ཁོང་གི་རྗེས་དྲན་རྩོམ་ཡིག་དེ་བཀླགས་ནས་མ་གཏོགས་རག་ར་རིན་པོ་ཆེ་ཉིད་རི་མོ་མཁས་པ་ཞིག་ཡིན་པ་ནམ་ཡང་ཤེས་རྟོགས་མེད། ཁོང་རི་མོ་འབྲི་རྒྱུར་མཁས་པ་དེ་ཕལ་ཆེར་ཁོང་གི་དགེ་རྒན་རི་མོ་བ་གྲགས་ཅན་དགེ་འདུན་ཆོས་འཕེལ་གྱི་ཤུགས་རྐྱེན་ཐེབས་པ་ཞིག་ཏན་ཏན་ཡིན་སྲིད་ཅིང་། ཁོང་གིས་བརྩམས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལས། མཚན་གཅིག་དགེ་འདུན་ཆོས་འཕེལ་གྱིས་ཁོང་གིས་དྲངས་པའི་ཨ་རག་མཆོད་ཞོར་ཆོས་སྲིད་རིག་གནས་ཀྱི་སྐོར་བགྲོ་གླེང་ལྷུག་པོར་གནང་བཞིན་བཞུགས་པས། སྐབས་ཤིག་དགེ་ཆོས་ར་བཟི་བ་དང་མཉམ་དུ་ཨ་རག་ཐིགས་པ་གཅིག་ཀྱང་མ་འཐུངས་པའི་རག་ར་ཁོང་ཡང་ར་བཟི་བ་བཞིན་ཤེས་པ་ལྡབ་ལྡིབ་དང་སྐད་ངག་ཆལ་ཆོལ་དུ་གྱུར་པས། དགེ་ཆོས་ཀྱིས་ཁོང་ལ་དོ་དགོང་གི་གནས་སྟངས་འདི་ཡིས་བླ་སློབ་ཐུགས་ཡིད་གཅིག་འདྲེས་ཞེས་པ་དེ་ངོ་འཕྲོད་ཐུབ་ལུགས་ཀྱང་གསུངས་འདུག་པས། དེ་ལས་ང་ཚོས་རག་ར་དང་དགེ་འདུན་ཆོས་འཕེལ་གཉིས་བར་གྱི་དགེ་སློབ་ཀྱི་མཛའ་བརྩེ་ཧ་ཅང་ཟབ་མོ་དེ་ལས་སླ་བོར་རྟོགས་ནུས་པར་སྙམ།
བོད་ནང་དུ་ཕྱི་མིག་ཅིག་བལྟས་པ་ཡིན་ན། རྒྱ་ཡིག་གི་ལམ་ནས་བོད་མི་རིགས་ཀྱི་འཚོ་བ་དང་བསམ་བློ་མཚོན་པའི་སྙན་ངག་འབྲི་མཁན་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་སྤྱི་ལོ་ ༢༠༠༤ ལོའི་ཟླ་༡༠ཚེས་༢༤སྐུ་གཤེགས་རྗེས་སུ། རྩོམ་པ་པོ་དང་སྙན་ངག་པ་གྲགས་ཆེན་གྲགས་ཆུང་ཧ་ཅང་མང་པོ་ཞིག་གིས་ཚ་ཚ་འུར་འུར་དུ་ཁོང་ལ་རྗེས་དྲན་རྩོམ་ཡིག་སྤེལ་བ་དང་། ལོ་དེའི་སྦྲང་ཆར་འདོན་ཐེངས་བཞི་པའི་དེབ་ཀྱི་ཕྱེད་ཀ་བརྒལ་བ་ཞིག་ནི་ཁོང་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་དང་སྙན་ངག་གིས་ཡོངས་སུ་ཁེངས་འདུག་པར་བསམས་ན། ང་ཚོ་ཕྱི་སྡོད་པའི་ཁྲོད་ཀྱི་སྨྱུག་ཐོགས་པར་རློམས་པ་དག་གིས་སྙན་ངག་པ་རྒན་པ་རག་ར་རིན་པོ་ཆེ་མཆོག་སྐུ་གཤེགས་པར་ཡིད་གདུང་དང་སེམས་ཚོར་ཅི་ཡང་མེད་པར་སྡོད་པ་ནི་ངོ་མ་བོད་ནང་གི་རྩོམ་པ་པོ་ཚོར་ངོ་ཚ་དགོས་པའི་བྱ་སྤྱོད་ཅིག་ལོས་ཡིན།
ལོ་ཤས་སྔོན་ནས་རག་ར་རིན་པོ་ཆེའི་སྐོར་གོ་ཐོས་དེ་ཙམ་མ་བྱུང་ལ། ལྷག་པར་དུ་ལོ་གསར་པའི་མགོ་བཙུགས་ཙམ་ནས་བཟུང་ཁོང་གི་སྐོར་ཚིག་གཅིག་ཀྱང་ཐོས་རྒྱུ་མི་འདུག་པས། ཁོང་གྲོངས་པ་མིན་ནམ་སྙམ་པ་ཞིག་བྱུང་སྟེ་ཁ་བརྡ་དྲ་ཐོག་ཏུ་དེ་ལུགས་སྐད་ཆ་རེ་དྲིས་པས། རེ་ཞིག་གི་རྗེས་ནས་དྲ་གྲོགས་འགས་མཁས་པ་ཆེན་པོ་ཁོང་མི་རིང་བའི་སྔོན་གྲོངས་ཟིན་ལུགས་བརྗོད་བྱུང་བས། ཨ་ཁ། ཐ་སྙད་རིག་པའི་མཁས་པ་ཆེན་པོ་ཞིག་གྲོངས་ཟིན་མོད་རང་རེའི་སྤྱི་ཚོགས་སྤྱི་དང་ཁྱད་པར་དུ་རྩོམ་པ་པོ་དང་སྙན་ངག་པའི་སྡེ་ལ་གྲག་འགུལ་ཅི་ཡང་མེད་པ་འདི་ག་རེ་ཡིན་ནམ་སྙམ་པའི་ཡི་མུག་ཅིག་ཀྱང་ཞར་དང་ཞོར་ལ་སྐྱེས་ཏེ། ང་ཚོ་ཕྱི་རབས་པ་དག་གིས་ཆེ་ས་ནས་མཁས་པ་ཁོང་གི་བརྩམས་ཆོས་དག་ཕྱོགས་བསྒྲིགས་ཀྱིས་དེབ་ཕྲེང་ཞིག་དཔར་སྐྲུན་དང་། ཆུང་ས་ནས་ཁོང་ལ་རྗེས་དྲན་གྱི་དེབ་ཆུང་ཞིག་དཔར་སྐྲུན་བྱེད་པ། དེ་ལས་ཀྱང་ཆུང་ས་ནས་ཁོང་ལ་རྗེས་དྲན་གྱི་རྩོམ་ཡིག་རེ་འབྲི་དགོས་པར་མཐོང་ནས། རང་ཉིད་དང་རག་ར་རིན་པོ་ཆེ་མཆོག་གཉིས་བར་འབྲེལ་བ་ཧ་ཅང་ཕྲ་མོ་ཞིག་བྱུང་བ་གཞིར་བཞག་སྟེ། དེ་རིང་སྔ་དྲོར་ཆུ་ཚོད་གཉིས་རིང་གི་དུས་ཚོད་སྤྱད་ནས་འདི་ཙམ་བྲིས་པ་ཡིན་ཞིང་། སྐར་ཁུང་དྲ་བ་དང་ཁ་བརྡ་དྲ་བར་བཀོད་པའི་ཁོང་གི་སྐོར་འཁོད་པའི་རྩོམ་ཡིག་དེ་དག་གི་རྩོམ་པ་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས་སོ།།
་་་་་་ ཁོང་གིས་བརྩམས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལས། མཚན་གཅིག་དགེ་འདུན་ཆོས་འཕེལ་གྱིས་ཁོང་གིས་དྲངས་པའི་ཨ་རག་མཆོད་ཞོར་ཆོས་སྲིད་རིག་གནས་ཀྱིས་སྐོར་བགྲོ་གླེང་ལྷུག་པོར་གནང་བཞིན་བཞུགས་པས། སྐབས་ཤིག་དགེ་ཆོས་ར་བཟི་བ་དང་མཉམ་དུ་ཨ་རག་ཐིགས་པ་གཅིག་ཀྱང་མ་འཐུངས་པའི་རག་ར་ཁོང་ཡང་ར་བཟི་བ་བཞིན་ཤེས་པ་ལྡབ་ལྡིབ་དང་སྐད་ངག་ཆལ་ཆོལ་དུ་གྱུར་པས། དགེ་ཆོས་ཀྱིས་ཁོང་ལ་དོ་དགོང་གི་གནས་སྟངས་འདི་ཡིས་བླ་སློབ་ཐུགས་ཡིད་གཅིག་འདྲེས་ཞེས་པ་དེ་ངོ་འཕྲོད་ཐུབ་ལུགས་ཀྱང་གསུངས་འདུག་པས། དེ་ལས་ང་ཚོས་རག་ར་དང་དགེ་འདུན་ཆོས་འཕེལ་གཉིས་བར་གྱི་དགེ་སློབ་ཀྱི་མཛའ་བརྩེ་ཧ་ཅང་ཟབ་མོ་དེ་ལས་སླ་བོར་རྟོགས་ནུས་པར་སྙམ། ་་་་་ཟེར།
མཁས་དབང་དགེ་འདུན་ཆོས་འཕེལ་དང་མཇལ་བའི་སྐབས་ཀྱི་གླེང་མོར།
རག་ར་རིན་པོ་མཆོག་གིས།
དགེ་ལེགས་དཔལ་ཡོན་འབུམ་གྱི་སྐྱེས་ཐོགས་ནས། །
འདུན་བཟང་ལྷག་བསམ་བ་དན་སྲིད་རྩེར་སྒྲེང་། །
ཆོས་ཀྱི་དེད་དཔོན་འགྲོ་ལ་ཆོས་མཆོག་སྟོབས། །
འཕེལ་མཛད་བཤེས་གཉེན་མཆོག་དེར་སྤྱི་བོས་འདུད། །
སེར་ཀོང་རྡོ་རྗེ་འཆང་གིས་བྲག་ཕུག་དེ་ནས་དཔེ་གཟིགས་གནང་བ་རྗེ་ཙོང་ཁ་བའི་དྲང་ངེས་ལེགས་བཤད་སྙིང་བོ་ཡིན་བསམ། དེ་དུས་དྲང་ངེས་ཁྲིད་སེར་ཀོང་རྡོ་རྗེ་འཆང་ལ་གནང་ཡོད་ཚུལ་ཞིག་དགའ་ལྡན་གྱི་བླ་རྒན་དེ་ཚོར་བཤད་རྒྱུན་ཞིག་འདུག དེ་བདེན་མིན་མི་ཤེས།
ཀླུ་སྨྱོན་ལགས། ཐུགས་རྗེ་ཆེ། ཁོང་གི་མཛད་རྗེས་ལ་བཅོས་མིན་གུས་འདུད་ཞུ་བ་དང་ཐུགས་བཞེད་ལྷུན་གྱི་འགྲུབ་པར་མཆོག་གསུམ་རྒྱལ་བ་རྒྱ་ཚོར་གསོལ་འདེབས་དང་སྨོན་ལམ་ཡང་ཡང་ཞུས།
ངས་ཁ་བརྡ་དྲ་བ་འདིར་ཕེབས་མི་ནས་ཁ་གསལ་མིང་གསལ། མིང་དོན་འདྲེས་པའི་རྟོག་པ་སྐྱེས་ས་ཀླུ་སྨྱོན་ལགས་མ་གཏོགས་མེད། དེས་ཁྱེད་རང་ཕྱི་གསལ་ནང་གསལ་ཡིན་པ་ཞིག་གོ་ཐུབ།
སྐུ་ཉིད་གཉན་ཆེན་ཐང་ལྷའི་རྩོམ་སྒྲིག་པ་གནང་སྐབས། ང་བསྡད་མྱོང་ས་སེ་ར་དགོན་པར་སྐད་གྲགས་གང་འཚམ་ཡོད་བསམ། རྒྱུ་མཚན་ནི་སྐབས་རེ་དགེ་འདུན་པར་ཟུར་ཟ་བྱས་པས་རེད། ཁྱེད་རང་སྐབས་དེའི་རྩོམ་པ་པོ་ཡིན་དུས་ཀྱི་ལོ་རྒྱུས་ཐུང་ངུ་ཞིང་འབྲི་ཐུབ་ན་ཅིས་མི་བཟང་། དཔེར་ན་ཉེར་ཆར་པད་འབུམ་ལགས་ཀྱི་བྲིས་གནང་བ་ནང་བཞིན།
གཉན་ཆེན་ཐང་ལྷ་ཞེས་ཚགས་པར་རིང་པོ་ཡིག་འབྲུ་ཆེ་ཐག་གཅོད་ཡོད་པ་དེ་ཀློག་དུས་ནས་ཁྱེད་རང་ཀྱལ་ཀ་ཚ་པོ་ཡོད་པ་བློ་ལ་འཁོར་མྱོང་། ཧཧ
ཀླུ་སྨྱོན་ལགས།
སུད་སི་ནི་ཡོ་རོབ་གྱི་མཐའ་འཁོབ་རྒྱལ་འཁབ་ཞིག་མ་ཡིན་ཏེ། དཔལ་འབྱོར་དང་རིག་གནས་ཀྱིས་ཆེས་ཆེར་གཏམས་པའི་རྒྱལ་ཁབ་ཞིག་ཡིན་ལ་གནས་ས་ཡང་ཡོ་རོབ་ས་ཆེན་གྱི་དཀྱིལ་ན་ཡོད།
“གསེར་ཀོང་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་སྐལ་བཟང་རེ་སྐོང་།”ཞེས་པ་གསེར་ཀོང་རྡོ་རྗེ་འཆང་འདི། ཡང་སྲིད་སྤི་ཏི་ལ་འཁྲུངས་མཁན་དང་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་མཚན་ཞབས་གནང་མཁན་འདི་ཡི་རྣམ་ཐར་ཡིན་ནམ། དེའི་གོང་གི་སྐུ་ཕྲེང་ཅིག་གི་རྣམ་ཐར་རེད། ལགས།
ཡང་དགེ་ཆོས་མཇལ་སྐབས་ཀྱི་གླེང་མོ་ལས།
རཀ་རས།
མགྲིན་སྔོན་ཀུ་ཀུའི་དབྱངས་སྒྲོག་༼སྒྲོགས་༽ལུམ་བིནིའི། །
ཚལ་དེར་སྟོན་པ་འཁྲུངས་ཞེས་བགྲོད་བྱེད་ན། །
འཇམ་དབྱངས་ཕྱག་ན་པད་མོ་བལྟམས་པའི་གནས། །
ཨ་མདོའི་ཕྱོགས་སུའང་ཡིད་ཀྱི་ཕྱག་ཙམ་མཛོད། །
གངས་ཅན་སྐད་གཉིས་སྨྲ་བའི་ཟླ་བ་ཞིག །
ལོག་སྨོན་བཙན་པོ་སྒྲ་གཅན་དཔུང་གིས་བཅོམ། །
ལོག་སྨྲ་འུག་པའི་ཕྲག་དོག་མཆུ་བསྣུན་བཞིན། །
རབ་ཞི་ཆུ་ལྷའི་མལ་དུ་ངལ་བཞིན་གཤེགས། །
དེ་ལྟའི་བོད་ལྗོངས་མུན་སེལ་འོད་དཀར་ཅན། །
གདུག་ཅན་སྤྲིན་ནག་ལང་ལོང་དབུས་བྱོན་ཚེ། །
ལས་དང་སྐལ་བའི་མིག་སྟོབས་མི་དམན་པས། །
ཡུད་ཙམ་མཇལ་བའི་བྱུང་བ་འདི་ན་འབྲི། །
ཅོག་མི་ལགས། སྐབས་འདིའི་མཐའ་འཁོབ་ནི་དམ་པའི་ཆོས་ཀྱི་སྣང་བ་མེད་པའམ་ཡོད་ཀྱང་ཧ་ཅང་ཕྲ་བའི་ཡུལ་ལ་གོ་དགོས།
རྒན་ཀརྡོ། གསེར་ཀོང་རྡོ་རྗེ་འཆང་དང་གསེར་ཀོང་མཚན་ཞབས་གཉིས་སོ་སོ་ཡིན་པས་དྲི་བ་མཐའ་བཀག་འདི་འདྲ་གློད་མ་ཡོང་རོགས། སྐུ་མཁྱེན། རཀ་ར་རིན་པོ་ཆེ་དམ་པ་དེས་གསུང་ཡས་དེ་ནི་ད་ལྟའི་གསེར་ཀོང་རྡོ་རྗེ་འཆང་ཡང་སྲིད་འདིའི་སྐུ་གོང་མའི་གོང་མ་དེ་རེད།
ནམ་མཁའ་ལགས་ཀྱི་མཆན་འདིས་ངའི་ཡིད་ལ་སྣང་བ་སྐྱུར་མོ་ཞིག་སྦྱིན་པ་དང་། དགེ་ལུགས་པ་མང་པོས་འགྱོད་པ་སྐྱེས་ནས་བཤད་མ་ཕོད་པའི་སྒྲུང་ཞིག་དྲན་བྱུང་།
རེད། ཁྱེད་ཀྱི་གསུང་བ་ལྟར། དྲང་ངེས་ལེགས་བཤད་སྙིང་པོའི་ཁྲིད་ཟབ་པ་ཞིག་སེར་ཀོང་རྡོ་རྗེ་འཆང་ལ་ཡོད་པ་དང་། སྐབས་དེ་དུས་སེར་ཀོང་རིན་པོ་ཆེ་སྐྱ་བབས་སྟབས། གདན་ས་ཁག་གི་དགེ་བཤེས་དང་བླ་སྤྲུལ་ཚོས་ཁོང་གི་དྲུང་ནས་ཆོས་ཉན་རྒྱུར་འཚེར་གྱི་ཡོད། ལྷག་པར་དུ། དྲང་ངེས་ལེགས་བཤད་སྙིང་པོའི་ཁྲིད་དེ་ཞུ་མཁན་མ་བྱུང་བར་རྒྱུད་པ་སྟོང་པ་རེད་འདུག དཔེར་ན། ཡོངས་འཛིན་སྟ་བྲག་རིན་པོ་ཆེས་ཁོང་གི་སློབ་མ་ཡོངས་འཛིན་གླིང་རིན་པོ་ཆེར་གསུངས་པར། སྔོན་མ་སེར་ཀོང་རྡོ་རྗེ་འཆང་སྐྱ་བབས་སྟབས། གསུང་ཆོས་ཞུ་བདེ་པོ་མེད། རྗེས་མ་སེར་ཀོང་རྡོ་རྗེ་འཆང་གིས་དབང་དང་ཁྲིད་རྒྱུན་ཤིན་དུ་ནས་དཀོན་པོ་འབའ་ཞིག་གསན་བཞེས་མཛད་པ་རྣམས་ཞུ་མཁན་མ་རགས་པར་སྟོང་འདུག་གསུངས་འདུག སྟག་བྲག་རིན་པོ་ཆེས་རྗེས་མ་འགྱོད་པ་ཆེན་པོ་མཛད་པ་ཁོང་གི་སློབ་མ་འགའ་ཤས་ལ་གསུངས་པ་དང་། གོང་གི་གསུང་དེ་གླིང་རིན་པོ་ཆེའི་རྣམ་ཐར་ནང་ལ་འདུག
དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་ནི་མདོ་སྨད་ཡུལ་གྱི་རྗེ་གསེར་ཁང་རྡོ་རྗེ་འཆང་གི་ཡང་སྲིད་ཡིན་པར་བཤད།
འདི་ནི་རྗེ་གསེར་ཁང་བའི་དངོས་སློབ་འབྲས་སྤུངས་སྒོ་མང་ཟུང་ཆུ་ཁང་ཚན་ནས་ཡིན་པ་དགའ་ལྡན་གསེར་ཁྲི་ཞིག་བྱོན་པ་མཚན་གསལ་བོར་དྲན་མ་སོང་ཡང་ནོར་བུ་ཟེར་བ་ཡིན་པ་ཡོད་། དེས་རང་གི་བླ་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགའ་ལྡན་དུ་ཁྲི་བཞུགས་མཛད། སྔ་མ་གསེར་ཁང་དང་ཕྱི་མ་གསེར་ཀོང་ཡིན་མོད། གཉིས་ཀ་གསེར་ཁང་བའི་སྐུ་བརྒྱུད་ཡིན་པས་ཁྱེད་མེད་ཟེར་མཁན་འདུག་་་་་གསེར་ཁང་དང་གསེར་ཀོང་གང་བྲིས་ཀྱང་ཡིག་ནོར་མིན་ཟེར། གཉིས་ཀ་བླ་བ་གཅིག་གི་མཚན་རེད།
ད་ལྟ་ཡོད་པ་འདི་སྐུ་ཐོག་བཞི་བ་ཡིན་པ་ཡོད།
ཧ་ཧ་ཧ་
ཡག་པོ་ཞིག་བཤད་ཤེས་མ་སོང་།
ངས་དྲན་གསལ་ཞིག་ལ་དགའ་བྱང་གསེར་ཀོང་ཁམས་ཚན་གྱི་གསེར་ཀོང་རྡོ་རྗེ་འཆང་སྤྲུལ་སྐུ་འདིའི་སྐུ་གོང་མ་གསེར་ཀོང་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱི་རྣམ་ཐར་ཞིག་མཛེ་སྨད་རིན་པོ་ཆེ་ནས་མཛད་ཡོད་བསམ་སོང་། ཞིབ་ཆ་དེར་གཟིགས་རོགས།
དགའ་ལྡན་ཁྲི་ཐོག་གྱ་གཅིག་པ་ཁྲི་ངག་དབང་ནོར་བུས་གཅེས་པར་བསྐྱངས། མཁས་གྲུབ་ཆེན་པོ་སྦྱིན་པ་དར་རྒྱས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུ་བ་རེད།
ཁྲི་བ་ངག་དབང་ནོར་བུ་ཁོང་ནི་མདོ་སྨད་དུ་སྐུ་འཁྲུངས་འབྲས་སྒོ་མང་ཟུང་ཆུ་ཁང་ཚན་དུ་བཞུགས་ནས་སློབ་གཉེར་མཛད། གྲུབ་ཆེན་ས་ར་ཧཱའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པ་ཞིག་ཡིན།
དེ་ཙམ་ཡིན།
དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ་ཞུ།
ཡེ་ཤེས་ལགས་སུ།
སངས་རྒྱས་ཆོས་ཀྱི་སྣང་བས་མ་ཁྱབ་པའི་ས་ཆ་ཐམས་ཅད་མཐའ་འཁོབ་དང་ཀླ་ཀློ་ཡིན་པའི་ལྟ་བ་རྙིང་བ་དེ་དོར་དགོས་པ་རེད། དེ་མ་དོར་ན་༧གོང་ས་མཆོག་གིས་ལོ་ངོ་དྲུག་ཅུ་རིང་ལ་གསུང་བའི་ཆོས་ལུགས་མཐུན་མཐུན་བསྒྲིལ་གྱི་བཞེད་དགོངས་དང་གཏན་ནས་འགལ་ཡོད་པ་མ་ཟད། འཛམ་བུ་གླིང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད། དེ་འདྲ་རྙིང་ཞེན་དང་འགྲོ་བ་མིའི་ཀུན་སྤྱོད་དང་མི་མཐུན་པའི་ལོག་འགྲེལ་མ་གནང་རོགས།
༩༽ དབྱངས་ཅན་འབངས་ལགས་ཀྱིས།
རཀ་ར་རིན་པོ་ཆེ་དམ་པ་དེས་གསུང་ཡས་དེ་ནི་ད་ལྟའི་གསེར་ཀོང་རྡོ་རྗེ་འཆང་ཡང་སྲིད་འདིའི་སྐུ་གོང་མའི་གོང་མ་དེ་རེད། ཅེས་གསུངས་ནས་ང་ལ་གསལ་བཤད་གནང་བར་བཀའ་དྲིན་ཤིན་ཏུ་ཆེའོ་ཞེས་ཞུའོ།། དབྱངས་ཅན་འབངས་ལགས།
༡༡༽ དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ གི་ཆུ་ཚོད་ ༢༢ སྐར་མ་ ༥༥
དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་ནི་མདོ་སྨད་ཡུལ་གྱི་རྗེ་གསེར་ཁང་རྡོ་རྗེ་འཆང་གི་ཡང་སྲིད་ཡིན་པར་བཤད། ་་་་་་་ཟེར།
་་་་་་ སྐབས་རེར་ཁོ་བོའི་སེམས་ནང་། སྐད་རིགས་འདྲ་མིན་ལ་ནང་བྱན་ཆུབ་ཅིང་སྙན་ངག་རིག་པར་མཁས་གྲགས་རྒྱས་པའི་མི་སྣ་རླབས་པོ་ཆེ་འདིས་ཡོ་རོབ་མཐའ་འཁོབ་སུད་སི་རྒྱལ་ཁབ་ཀྱི་གྲོང་གསེབ་ཆུང་ཆུང་དེ་འདྲ་ཞིག་ཏུ་ཁོང་གི་ལོ་ངོ་ལྔ་བཅུའི་མི་ཚེ་དེ་ཇི་ལྟར་བསྐྱལ་བ་ཡིན་ནམ་སྙམ་པ་ཡང་ཐེངས་དུ་མར་བྱུང་། ་་་་་ཟེར་བ་འདིས།
གང་མཚོན་ནམ་ཞེས་ན། དགེ་ལུགས་པའི་བླ་སྤྲུལ་མཁས་དབང་ཞིག་བཙུན་ཟུར་ཆགས་ན། རབ་འབྱུང་སྡོམ་པ་འབོག་འཇོག་དང་ཧ་ཅང་ཅང་དང་། སྔགས་ཕྱོགས་ཀྱི་ཚེ་དབང་ཞིག་ཀྱང་གནང་བ་ལ་དཀའ་ཚེགས་ཆེན་པོ་ཡོད་པ་འདིས། འདུལ་ཁྲིམས་རྐྱང་རྐྱང་གི་ཆ་ནས་བསམས་ན་། དགེ་མཚན་ཆེ་བར་ཡོད་པ་འདྲ་བ་ལ། དགེ་ལྡན་སྔགས་ཕྱོགས་ཀྱི་ཆ་ནས་གསུམ་ལྡན་རིག་པ་འཛིན་པ་མིན་ན། གྲྭ་ལོག་ཞེས་རང་གི་ཉམས་ལེན་དང་ཐོས་བསམ་གཉིས་ཀ རང་མེད་གཞན་མེད་དུ་འགྱུར་བཞིན་པ་འདི་ལ་ཐུག་པ་མིན་ནམ། ལགས།
ཀ་རྡོ་ལགས་ཀྱི་མཆན་༡༧པ་འདི་ལ་བསམ་གཞིགས་ངེས་པར་དུ་མཛད་དགོས་པ་མཐོང་། དཔེར་ན། དགེ་ལྡན་པའི་ནང་ལ་མཁས་གྲུབ་གཉིས་ཀྱི་རྩལ་མཐོན་པོར་ཕེབས་པ་བྲག་གཡབ་སྐྱབས་མགོན་ཞུ་བ་ཁོང་། ད་ལྟ་གསོན་པོར་ཞུགས་པའི་དགེ་ལྡན་པའི་ནང་ནས་ཁོང་ལས་ལྷག་པའི་དབང་ལུང་མན་ངག་ཡོད་མཁན་ཧ་ལམ་མེད་པ་ལྟ་བུ་རེད་ཅེས་དགེ་ལྡན་པའི་བླ་མ་སྐུ་འགྲེས་པ་ཚང་མས་མགྲིན་ཅིག་ཏུ་གསུངས། བྲག་གཡབ་རིན་པོ་ཆེ་ད་ལྟ་ཇར་མི་ནི་ལ་ཞུགས་ཡོད་པ་དང་། ཁོང་གི་དྲུང་ནས་གསུང་ཆོས་ཞུ་མཁན་ཕྱི་རྒྱལ་བ་རེ་གཉིས་ཙམ་ལས་དགེ་ལྡན་པའི་བླ་སྤྲུལ་དགེ་བཤེས་མེད། རྒྱུ་མཚན་གཙོ་བོ་ནི་ཁོང་སྐྱ་བབས་པས་ཡིན།
སྔོན་མ་རྙིང་མའི་བླ་ཆེན་ཞིག་གིས་གསུངས་པར། གལ་ཏེ་བྲག་གཡབ་རིན་པོ་ཆེ་རྙིང་མའི་བླ་མ་ཞིག་ཡིན་ན། ད་ལྟ་འཛམ་གླིང་གང་སར་གདན་འདྲེན་ཞུ་མཁན་གྱི་འཁེངས་བསྡད་ཡོད་ཅེས་གསུངས་བ་དེ་ལ་རྒྱུ་མཚན་སྣང་། མངའ་འགྱུར་རྙིང་མ་བ་ཚོར་ཁྱད་ཆོས་གཅིག་ཡོད་པ་ནི། བླ་མའི་རྟོགས་པ་དང་མཁྱེན་བརྩེའི་ཡོན་ཏན་གཙོ་བོར་འཇོག་པ་ལས། སྐྱ་སེར་དང་དགེ་བཤེས་ལྷ་རམས་པ་ཡིན་མིན་གནད་འགག་ཆེན་པོ་མིན།