ཀླུ་སྨྱོན།
བུད་མེད་སྙན་ངག་པ་དོམ་པ་ཚེ་རིང་དབང་མོར་ཆེད་དུ་ཕུལ་བ།
ཉི་ཟེར་ས་གཞིའི་སྟེང་དུ་འཕྲོས་མ་ཐག
སྒྱུ་མ་མཁན་ལམ་ལ་ཆས་ཤིང་། ཁོ་ལ་དམིགས་ཡུལ་དང་རྒྱགས་བྲོ་ལྡེངས་ངེས་ཤིག་ཡོད།
ཁོ་རང་ལམ་ལ་ཆས་ཤུལ་དུ། སྨུག་སྤྲིན་ཕོན་པོ་ཞིག་གིས་ཁོའི་གྲོང་ཚོ་དེ་སྟུག་པོར་བཀབ།
ཡིན་ན་ཡང་། ཆུ་འགྲམ་དུ་ཁོའི་ཆུང་དུས་ཀྱི་རྐང་རྗེས་འགའ་གསལ་ལ་མི་གསལ་བའི་ཚུལ་དུ་ད་དུང་ལུས་འདུག
སྒྱུ་མ་མཁན་གྱི་འཚོ་བ་ལ་དོན་སྙིང་ལྡན། སྒྱུ་མ་མཁན་གྱི་མི་ཚེ་ལ་རྒྱབ་ལྗོངས་མང་།
སྒྱུ་མ་མཁན་གྱིས་རང་གི་འདོད་པ་བཞིན་ཡོད་པ་མེད་པར་བསྒྱུར་ཐུབ་ཅིང་མེད་པ་ཡོད་པར་ཡང་བསྒྱུར་ནུས།
སྒྱུ་མ་མཁན་གྱི་རྣམ་ཤེས་དེ་འཇིག་རྟེན་གཞན་ཞིག་ནས་འོངས་པ་བཞིན།
ཁོ་ཚོའི་རིགས་རྒྱུད་ཁོ་ནས་ད་གཟོད་འཇིག་རྟེན་གཞན་གྱི་གསང་བ་རྟོགས་ཐུབ་པར་གླེང་།
བུ་མོ་ཞིག གཟུགས་སྐྱེ་ལུས་འཇོ་སྒེག་ལྡན་པའི་བུ་མོ་ཞིག བུ་མོ་སྙན་ངག་པ་ཞིག
ཁ་སང་ཁ་ལི་ཧྥོ་ནི་ཡ་ནས་ཡོང་བ་ཡིན་ཟེར། ཡིན་ན་ཡང་། སྒྱུ་མ་མཁན་ཡིད་མ་ཆེས།
སྒྱུ་མ་མཁན་གྱིས་བུ་མོ་དེའི་སྐྲ་ལོ་ཁོ་ནའི་དཔང་རྟགས་ལ་བརྟེན་ནས།
བུ་མོ་དེ་ལ། ཁ་བའི་བུ་མོ་ཞེས་བོས། ཁོའི་འབོད་སྟངས་དེར་ཁོ་རང་ཉིད་ཀྱང་ཧང་སངས།
སྒྱུ་མ་མཁན་དེ་འཁྱམ་པོ་ཞིག་ཡིན་ལ། འཁྱམ་པོ་དེ་སྙན་ངག་པ་ཞིག་ཡིན།
འཁྱམ་པོ་དེའི་བརྩམས་ཆོས་དང་ཤིང་ལོའི་ལྗིད་ཚད་མཉམ།
དཔྱིད་ཀའི་ཤིང་ལོ་ལྗང་ཁུ་དང་། ཡང་ན་སྟོན་ཁའི་ཤིང་ལོ་དམར་པོ།
དྭངས་གཙང་གི་ཆུ་བོས་ཁྱེར་བའི་གསེར་མདོག་གི་ལོ་མ་ཐར་ཐོར།
སྙན་ངག་པ་ཚོའི་རྣམ་ཤེས་དང་ཡང་དག་མཚུངས།
སྙན་ངག་པ་དེ་ཁོ་མོའི་ཨ་མའི་ཕ་ཡུལ་དུ་ཐེངས་གཉིས་པར་བསླེབས།
དེ་རུ་འབྲོག་པ་དང་གཡག་རྒོད་ཁོ་ན་གངས་རླུང་གི་ཁྲོད་དུ་མུ་ནས་མུ་རུ་འཚོ།
དེ་རུ་སྙན་ངག་པས་གཞིས་ཀ་ཆུང་ཆུང་ཞིག་དང་འདྲ་བའི་སྙན་ངག་ཅིག་གི་བློས་བསླངས་བཙལ།
ཏག་ཏག་དུས་ཚོད་དེ་ལ། སྒྱུ་མ་མཁན་གྱིས་ནུབ་ཕྱོགས་ནས་སྙན་ངག་རིང་མོ་ཞིག་འབྲི་བཞིན་ཡོད།
འཇིག་རྟེན་ཁམས་འདིར། བུ་དང་བུ་མོ། སྙན་ངག་པ་དང་སྒྱུ་མ་མཁན། ནམ་མཁའ་དང་ས་གཞི་བཞིན། ནམ་ཡང་ཁ་ཐག་རིང་། ནམ་ཡང་བར་སྣང་ཞིག་གིས་རྒྱང་དུ་བཀྱེད་འདུག
ཡིན་ན་ཡང་། བཅོམ་ལྡན་འདས་ཀྱིས་གདེང་ཚོད་ཡོད་པའི་སྒོ་ནས། ཆོས་ཐམས་ཅད་སྒྱུ་མ་དང་སྙན་ངག་ལྟ་བུར་གསུངས།
མི་རབས་མང་པོ་ཞིག་དབེན་འཇགས་ཀྱི་རི་སུལ་དུ་རྨེག་མེད་དུ་བསྟིམས་པས།
དེ་རུ་བྱ་རྒོད་ཁྱུ་ཞིག་གིས་དུས་གཏན་གྱི་གནས་མལ་འཆའ་བཞིན་ཡོད་སྐད།
རླུང་བུ་ཤར་ནུབ་གང་ནས་ལྡང་ན་ཡང་། ལོ་མ་ས་ཕྱོགས་གང་དུ་འཕུར་ན་ཡང་།
སྟོང་བསམ་ཐམས་ཅད་སྒྱུ་མ་དང་སྙན་ངག་གི་ཐ་སྙད་ལས་འདའ་མི་ཐུབ།
སྒྱུ་མ་མཁན་གྱི་སྐྲ་ལོ་དང་ཁ་སྤུ་ཡོངས་སུ་གཟེངས།
དེ་ནི་གཡག་རྒོད་ཀྱི་རྩིད་པ་དང་འདྲ་བར་གངས་ཁྲོད་དུ་ཡོམ་ཡོམ་འདར།
སྙན་ངག་པ་ཞིག་གི་ཕུགས་བསམ་གྱི་གངས་འདབས་སུ།
ལོ་རྒྱུས་ཐམས་ཅད་སྒྱུ་མའི་འཕྲུལ་བཞིན་གྲུབ་ཙམ་ཡལ་ཙམ་བྱེད།
དུས་ནམ་ཞིག་གི་ཚེ།
སྒྱུ་མ་མཁན་དང་སྙན་ངག་པའི་མི་ཚེའི་དར་ལྕོག་ཧྲལ་ཧྲུལ་དེ་དག
དཀར་སེར་དམར་ལྗང་གི་ཁ་དོག་འཚེར་བའི་ཉི་འོད་དང་ལྷན་དུ་འཕྱོ་དུས།
ཕྱོགས་བཞིའི་བར་སྣང་དང་དུས་ཚོད་ཡོངས་སུ་ཟད་ཅིང་། སྒྲ་ལས་བརྒལ་བའི་བྲག་ཅ་ཡང་།
དགོང་ཁའི་ཉི་འོད། ཚེ་སྲོག་གི་སྐད་ཅིག་མ་ཇི་བཞིན།
ནུབ་རིའི་གཏིང་རུམ་དུ་ལྷུང་ནས་ནམ་ཡང་ཕྱིར་འོང་མེད་ཅིང་།
སྙན་ངག་པ་དང་སྒྱུ་མ་མཁན་གྱི་གྲིབ་གཟུགས་རབ་རིབ་ཅིག་ཀྱང་།
མ་འོངས་པའི་ལྗོངས་ཤིག་ཏུ་ཁུ་སིམ་མེར་བསྲིངས་བྱུང་།
༢༠༠༦ལོའི་སྟོན་ཁར་བྲིས།
Aro Akhe . dont understand any thing … and used some word again .
but never mind . you understand what you are writing and you are imagine right A lhack ?
I’m not sure too, but I’ll try