ནམ་གསལ་ལ་ཉེ་དུས།
རས་པ།
ནམ་གསལ་ལ་ཉེ་དུས བྱེའུ་སྐད་སྙན་གྱིས་ང་ལ་འབོད་པ་གཏོང་ཞིང
སིར་སིར་གྱི་རླུང་བུ་ཕྲ་མོ་རྒྱུ་བའི་སྒྲ་སྙན་གྱིས་བདག་གི་སྙན་དབང་གསོ
གྲགས་འགུལ་ཅི་ཡང་མེད་པའི་མཚན་གུང་གི་རྣམ་པ་འདི་ནི
ཁུ་སིམ་སིམ་གྱི་ངའི་གླེང་མོལ་དང་འདྲ་བ་ཞིག་ཡིན་ན
བྱ་ཕོས་འབོད་པ་དེ་ངས་ཀྱང་ཚངས་དབྱངས་རྒྱ་མཚོ་ལྟར་འགོག་ངེས་ཨང
ནམ་གསལ་ལ་ཉེ་དུས སྐར་ཚོགས་ཀྱི་ཁོང་འདུར་བདག་གིས་མ་ཚོར་ཞིང
རི་རབ་ཀྱི་གྲིབ་གཟུགས་ལ་འདོད་པ་མེད་པའི་སྣང་བ་བྱུང
སྐྱ་རེངས་ཀྱིས་ཀུ་ཅོ་འདོན་གྱིན་སླེབས་པའི་ངང་ཚུལ་ནི
བདག་ཉིད་འཆི་བ་ལ་གཏུགས་པའི་གདུང་རབས་ཤིག་ཏུ་བརྗེ་ཞིང
ཉི་འོད་ཀྱི་ཚིག་རོ་འགོས་པའི་ས་གཞི་ནི
རང་དབང་གི་མགོ་བོ་ཁུངས་དུ་སྦུད་པའི་གཤེད་མ་ཞིག་ཡིན་ནམ
ནམ་གསལ་ལ་ཉེ་དུས བདག་གིས་འཇིག་རྟེན་ལ་འདི་ལྟར་བལྟས་ཤིང
བདག་གིས་འཇིག་རྟེན་ནི་འདི་ལྟར་ཚོར་ཡོད་ཨང༌།
ཕྱི་ལོ་༢༠༠༩ཟླ་༡༢ཚེས༢༧ཞོགས་པར།
ཕྲན་བཤད། མཁན། རོང་བོ་དགེ་འདུན་ལྷུན་གྲུབ།
སྙན་ངག་འདིས་ཁ་ཁུ་སིམ་པའི་ངང་དུ་ལྷིང་འཇགས་ཀྱི་གནས་སུ་བསྐྱལ་ཅིང༌། ཀློག་པ་པོའི་ཡིད་ཀྱི་སེམས་ཀྱི་དམིགས་པ་དེ་ཏིང་ངེར་འཛིན་པའི་ལམ་དུ་འགྲིལ་འོང་གིན་འདུག མི་སུ་ཡིན་རུང་གཉུག་གཤིས་སུ་གྲུབ་པའི་འོག་འགྱུའི་སྣེ་མོ་དེ་ཞི་བར་གཞོལ་འདོད་ཀྱི་འབད་པ་ལྷུན་གྲུབ་ཏུ་མངའ་བའི་ཡིན་ལུགས་དང་ཐག་ཉེ་བོ་རེད། དེ་ལྟར་དུ་འདོད་པའི་བྱུང་རིམ་ནི་ཁོར་ཡུག་གི་གྲག་འགུལ་དག་ཞི་བར་གྱུར་ན་འདོད་པའི་ཚུལ་དེ། ནམ་ལངས་ཁའི་བྱ་ཕོའི་སྐད་དང་རླུང་བུ་རྒྱུ་བའི་ངང་ཚུལ་དག་ལ་མི་འདོད་པའི་དབུགས་འགྱུ་ཞར་དང་ཞོར་ནས་ཚོར་ཞིང༌། ད་དུང་སྐར་ཚོགས་ཀྱི་ཁོང་འདར་དང་རབ་རིབ་ཀྱི་གྲིབ་གཟུགས་དག་སྣང་ལ་མ་ངེས་པར་གྱུར་བ་དེས་ཅི་ཞིག་མཚོན་པ་ཡིན་ནམ་ཞེས་ན། མི་རྐྱང་ཞིག་གི་ལྷིང་འཇགས་ཀྱི་བདེ་བ་དེས་ཁོར་ཡུག་གི་ཟིང་ཆ་ཅི་ཡང་མཐོང་འདོད་མེད་པས་རྣམ་པ་ཞིག་ཀྱང་གསལ་ལ་མི་གསལ་བའི་ངང་དུ་བསྟན་ཡོད་དམ་སྙམ། འོན་ཀྱང་དུམ་བུ་གཉིས་པའི་ཚིག་རྐང་རེ་འགར་དེ་འདྲའི་འགྱུ་བ་ལྷུ་འགྲིག་ཅིང་ཚོར་བ་རྣལ་མར་འཁོར་བའི་ཚུལ་དེ་འདྲ་ཞིག་ཨེ་ཡིན་ནམ་སྙམ་པ་ཞིག་བྱུང་སོང༌། དུམ་ཚན་གསུམ་པས་རྩོམ་པ་པོ་རང་ཉིད་ཀྱིས་འདོད་པའི་གསོས་སུ་གྱུར་བའི་གྱུར་བའི་ལྷིང་འཇགས་དེ་ཐག་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཐག་སྣེ་དེར་དམ་པོར་འཇུས་ཏེ། ཁོ་དང་རྒྱང་ཐག་ཁད་ཀྱིས་ཉེ་བའི་ཉི་འོད་གྱོན་པ་ནས་ཉི་ནུབ་ཀྱི་བར་དུ་འདི་ལྟའི་ལྷིང་འཇགས་ཤིག་ཡོད་ན་ཅི་མ་རུང་སྙམ་པའི་ནེམ་ཤ་དེས་མནན་ན་ནེམ་ཞིང༌། གླན་ན་བསིལ་བའི་བརྙན་རིས་ཤིག་མིག་སྔར་བསྐྱལ་འོང་ངོ༌།
འོན་ཀྱང་ཀློག་པ་པོ་རེ་རེར་ཚོར་བ་སྣ་ཚོགས་བསྐྱེད་ཅིང༌། མཐའ་མཇུག་གི་སྡོམ་དེ་སུ་ཡི་བགོ་སྐལ་དུ་མ་གྱུར་བ་ནི་སྙན་ངག་ཅེས་པའི་རིག་པ་འདིའི་ཁྱད་ཆོས་སུ་འཁུམས། འདི་ཡིན་དང་དེ་ཡིན་གྱི་མཆུ་སྒྲོས་ལེབ་མོར་འགུལ་ནས་ཐག་གཅོད་ལ་སྔ་བ་ནི་འཁྲུལ་བར་འདོད་དོ། དེ་ལྟ་མོད་ལྟོས་འཇོག་གི་ཀློག་པ་པོའི་ཞེ་ཁེན་ས་ཞིག་ནི་ཡོད་དུ་མཆི་བས་སོག་མའི་ཕོན་ཐག་ལྟ་བུ་ཞིག་ཏུ་ག་ལ་སེམས་སུ་རུང༌། སྙན་ངག་གི་སེམས་གཤིས་དང་ཚོར་བ་ལ་རིག་པ་གློད་དགོས་ཤིང༌། ཀློང་བརྡོལ་གྱི་རིག་པ་རྐྱེན་པོ་ཞིག་གི་རྣོ་ཤ་དེ་གྲིམ་དགོས་པ་ཞིག་ཏུ་ནི་ཁོ་བོས་འདོད། དེང་གི་སྐབས་སུ་དོན་གྱི་གནད་ལ་སྤུ་རིས་འབྱེད་པའི་རེ་འགྱུ་སྟོངས་ཤིང༌། ཁ་གཡེངས་མགོ་གཡེངས་ཀྱི་འུར་འདོན་པའི་ཚུལ་ལ་སེམས་ཕྱོད་ཀྱིས་བཞག་ནས་སྙན་ངག་གི་ལྕི་ཡང་འབྱེད་པ་ཚོས་ནི་སྙན་ངག་ལ་དབང་ཟ་བར་འདོད་པ་ཙམ་ལས་ཅི་ཡང་མ་ཡིན་ནོ་ཞེས་ཁོ་བོས་སྐད་བརྒྱབས་པ་ནི་རེ་བ་ཙམ་ཡིན།
བསམ་གཏན་པ་ལ་ནི། སྒྲ་ནི་དགྲ་དང་འདྲ།
ཁ་ཁུ་སིམ་སིམ་འགུལ་མེད་བསམ་གཏན་དགྲ །
སིར་སིར་བསིལ་བུའི་རླུང་གི་སྒྲ་དང་གཅིག །
ཅིབ་ཅིབ་ཅེབ་ཅེབ་བྱིའུ་ཡི་སྐད་འདྲ་གཉིས། །
བྱ་ཕོས་ཀི་ཀི་ཀོ་ཀོ་བསྒྲགས་དང་གསུམ། །