བདེ་པོ་འཚོས།
དོ་ནུབ་ཡ་དོ་ནུབ།
སྙན་ངག་པའི་མཚན་མོ།
དོན་དམ་པའི་སྙན་ངག་པ།
འུ་ཅག་ཚང་མ་ཁང་ཆུང་གྲུ་བཞི་འདིར་འཛོམས་ཏེ།
མཉམ་དུ་སྙན་ངག་འབྲི་ཞིང་སྙན་ངག་གླེང་།
སྙན་ངག་གྱེར་བཞིན་སྙན་ངག་གི་འཚོ་བ་དངོས་ལ་རོལ།
རེད་ཡ།
སེམས་དང་སེམས་པ་འོ་ཆུ་ལྟར་འདྲེས་ནས་སྙན་ངག་འབྲི།
སྙན་ངག་ནི། ཁྱོད་དང་ང་། ཁོང་དང་གན། ཡོད་ཚད་ནས་ཡོད་ཚད། ཐམས་ཅད་ནས་ཐམས་ཅད་དེ།
འུ་ཅག་ཚང་མའི་དབུགས་རྒྱུན་ངོ་མ་དེ་ཡིན། །
དོ་ནུབ་ཡ་དོ་ནུབ།
སྙན་ངག་པའི་མཚན་མོ།
དོན་དམ་པའི་སྙན་ངག་པ།
ཡུལ་གྱར་བའི་གནས་མལ་ཞིག་ནས།
འུ་ཅག་གིས་འཛུམ་མདངས་དང་དགོད་སྒྲའི་ཀློང་ནས་སྙན་ངག་བཤད་ཅིང་སྙན་ངག་གྱེར།
འུ་ཅག་གིས་སྙན་ངག་གི་ལང་འཚོའི་སྒེག་ཉམས་གླེང་གིན་སྙན་ངག་གི་ཁྱད་འཕགས་དང་ཡོན་ཏན་བརྗོད།
རེད་ཡ།
དོ་ནུབ།
མཚར་སྡུག་ཡིད་འཕྲོག་ལྡན་པའི་སྙན་ངག་གི་བྱུང་རིམ་དང་ལོ་རྒྱུས་ལ་ཞིབ་ཏུ་དཔྱད་དེ་ཡང་ཡང་འཇུག
སྙན་ངག་གིས་ཁྱོད་དང་ང་ཡི་སེམས་ལ་སྔར་མེད་ཀྱི་བདེ་སྐྱིད་སྩོལ་བཞིན་འགྲན་མེད་ཀྱི་གཟི་འོད་ཀྱང་སྦྱིན།
སྙན་ངག་པའི་མདུན་བསྐྱོད་ཀྱི་སྤོབས་པ་ནི་ཀུན་ཏུ་དགེ་ལ།
ཕུགས་བསམ་ཀྱི་རི་མོ་གསོན་པོ་ནི་ཅི་ཡང་འཆར།
དེར་བརྟེན།
འུ་ཅག་གིས་སྙན་ངག་འབྲི་ཞིང་སྙན་ངག་གྱེར།
སྙན་ངག་གླེང་གིན་སྙན་ངག་ལ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་འབྲེལ་ལམ་དམ་པོ་འཛིན།
དོ་ནུབ་ཡ་དོ་ནུབ།
སྙན་ངག་པའི་མཚན་མོ།
དོན་དམ་པའི་སྙན་ངག་པ།
གྲང་བསིལ་བསིལ་གྱི་སྟོན་ཟླའི་གྲུ་ཁ་ཞིག་ནས།
འུ་ཅག་གི་སེམས་ལ་སྤྲོ་སྣང་གི་མེ་ཏོག་རེ་རེ་བཞད་ཅིང་མཛེས་སྡུག་གི་འདབ་མ་རྟག་ཏུ་འཛུམ་བཞིན་དྲོད་ཁོལ་གྱིས་ཁེངས།
རེད་ཡ།
འུ་ཅག་གིས་སེམས་པ་དང་སེམས་པ་སྦྱར་ནས་སྙན་ངག་འབྲི་ཞིང་སྙན་ངག་གྱེར།
སྙན་ངག་གླེང་ནས་རང་སེམས་ལ་དོ་ཡ་མེད་པའི་མཛེས་སྡུག་ཅིག་ཅི་ནས་ཀྱང་བསྐྲུན་དགོས།
དོ་ནུབ་ཡ་དོ་ནུབ།
སྙན་ངག་པའི་མཚན་མོ།
དོན་དམ་པའི་སྙན་ངག་པ།
ཁྱོད་ནི་ཅི་འདྲའི་ཉམས་དགའ་ཞིང་ཆེས་ཡིད་དུ་འོང་བ་ཞིག་རེད་ཨང་།
སྙན་ངག་པ་ལགས།
མེ་ལྕེ་ལྟར་འབར་ཞིང་ཤིང་ལོ་ལྟར་གཡོ་སྟེ་རྦ་རླབས་བཞིན་འཕྱུར་བའི་སེམས་ཀྱི་ཚོར་འདུ་དག་ནི།
གཙང་ཆུའི་བཞུར་རྒྱུན་ལྟར་འགོག་མེད་དུ་འགྲོགས་ནས་གང་ཞིག་ཏུ་ཕྱིན་ནས་གང་ཞིག་ཏུ་བཞུར་རྒྱུའི་དམིགས་འདུན་ཡོད།།
འུ་ཅག་གིས་སྙན་ངག་གླེང་སྟེ་མངར་སྐྱུར་ཁ་གསུམ་ལྡན་པའི་འཚོ་བ་དངོས་ལ་རོལ་དོན་ཅི།
དོ་ནུབ་ཡ་དོ་ནུབ།
སྙན་ངག་པའི་མཚན་མོ།
དོན་དམ་པའི་སྙན་ངག་པ།
དོན་དམ་པའི་སྙན་ངག་པ་ནི། ཡོད་ཚད་ཀྱི་བརྗོད་གཞི་ངོ་མ་དེ་ཡིན་ལ།
དེ་ཡི་སྙིང་སྟོབས་དང་སྤོབས་པའང་ཕན་སུམ་ཚོགས་པ་ཞིག་ཡིན།
དེ་ལ་རང་རྟོན་དང་ཡིད་ཆེས་ཀྱིས་ཀྱང་ཁེངས་ཡོད།
དོན་དམ་པའི་སྙན་ངག་པ།
ཁྱོད་ནི་འཁྱོག་བཤད་དང་སྤྲེལ་ལད་བྲལ་བའི་མི་བུ་གཤའ་མ་ཞིག་ཡིན་པའང་ད་གཟོད་རྟོགས་བྱུང་།
ཡིན་ནའང་།
མཚམས་རེ་ལ། སྙན་ངག་པ་ནི། ཆེས་གླེན་རྟགས་ཅན་ཞིག་ཡིན་པ་མ་ཟད།
འཇིག་རྟེན་གྱི་གཏེ་པོ་ངོ་མ་ཞིག་ཏུའང་སྣང་།
སྙན་ངག་པས་ཕྱི་གཡོག་ནང་གཡོག་བྱས་པའི་སྤྱི་ཚོགས་ཀྱི་སྣང་བརྙན་དག་གསོན་པོར་མཐོང་དུས།
སེམས་ནས་ན་ཟུག་བཟོད་དཀའ་ཞིང་། ངག་ནས་བརྗོད་ན་ཟད་མཐའ་བྲལ།
ལག་པས་བྲིས་ན་རྫོགས་མཐའ་མེད་ཅིང་ད་དུང་ཤིན་ཏུ་གཅེས་པའི་ཚེ་སྲོག་རྟ་རྔ་ཙམ་དེ་ཡང་འདི་ནས་འདོར་བར་བྱེད།
ཡིན་ནའང་།
དོན་དམ་པའི་སྙན་ངག་པ། དཔའ་ངར་ཅན། གཟུ་བོ་པ། དྲང་བདེན་ཅན།
ཁྱོད་ནི་འཇིག་རྟེན་འདི་ན་འཚོ་ཞིང་གནས་འོས་པ་ཞིག་ཀྱང་ཡིན་ལ།
ཁྱོད་ལ་དུང་ཞིང་བཀུར་འོས་པ་ཞིག་ཀྱང་རེད། དོན་ངོ་མ་བཤད་ན།
ཁྱེད་ནི་འཇིག་རྟེན་ན་ཆེས་འཚོ་ཞིང་གནས་འོས་པས། སྙན་ངག་པ་ཁྲི་ལོར་བརྟན་པར་ཤོག
སྙན་ངག་གི་བཞུར་རྒྱུན་ཁྲི་ལོར་ཤོག
༢༠༡༤/༡༠/༡༢
སྙན་མོ་བྲིས་འདུག བཀའ་དྲིན་ཆེ།