ཤ་ཀླན་འཇམ་དབྱངས་གྲགས་པ།
སྙན་ངག་མ་བྲིས་པའི་ཉིན་འདི་དག
སྙན་ངག་མ་བྲིས་པའི་རྐྱེན་གྱིས།
སྙན་ངག་མ་བྲིས་པའི་ཉིན་འདི་དག་ལ།
ཤོག་བུར་རྩྭ་སྐྱེས་ཤིང་།
སྨྱུ་གུར་བཙའ་བརྒྱབ་འདུག
ནམ་རྒྱུན་ཟུངས་ཁྲག་ཁོལ་མ་ལྟར་བཞུར་བཞིན་པའི།
སྣག་ཚའི་རྒྱུན་དེ་ཡང་།
ཡོངས་སུ་འཇགས་ཤིང་།
སྙན་ངག་དང་ཤ་འདྲིས་པགས་འདྲིས་ཡིན་པའི་
ཐ་སྙད་དེ་ཚོའང་།
རྔོན་པ་གང་ཞིག་གིས་བདས་པའི་གནའ་ཁྱུ་ལྟར།
ཕྱོགས་སོ་སོར་འཐོར་འདུག
སྙན་ངག་མ་བྲིས་པའི་ཉིན་འདི་དག་ལ།
མི་རྣམས་ལ་སྐད་ཆ་མི་འདུག བསམ་བློ་མི་འདུག
ཉིན་འདི་དག་ལ།
ངས་བཞི་མདོ་ཡོད་ཚད་ནས།
བྲང་ཁོག་བསྟན་ཏེ་བསྒུགས་ཀྱང་།
ལེགས་བཤད་ཐུར་མ་གང་གི
སྦྱིན་པ་གཏོང་མཁན་ཞིག་ཀྱང་མ་བྱུང་།
“ཡོད་ཚད་ཁུ་སིམ་མེར་ཡོད་པའི་སྐབས་དེར།
སྐད་ཅོར་རེ་འདོན་རྒྱུ་ནི་ཅི་འདྲའི་སྐྱིད་པ་ཞིག་རེད་ཨང་།”
སྙན་ངག་མ་བྲིས་པའི་ཉིན་འདི་དག་ལ།
ངས་སྐད་ཤུགས་ཕྱུངས་ཏེ་དེ་ལྟར་བརྗོད་པར་མོས།
༢༠༡༠ ༩ ༢༦
ཨ་ཨ། དེ་རིང་ཁ་བརྡ་ཚང་གིས་ཅུང་ནོར་འདུག། འོག་ལྟར་ཀློག་རོགས།
སྙན་ངག་མ་བྲིས་པའི་ཉིན་འདི་དག
སྙན་ངག་མ་བྲིས་པའི་ཉིན་འདི་དག་ལ།
ཤོག་བུར་རྩྭ་སྐྱེས་ཤིང་།
སྨྱུ་གུར་བཙའ་བརྒྱབ་འདུག
སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ནམ་རྒྱུན་ཟུངས་ཁྲག་ཁོལ་མ་ལྟར་བཞུར་བཞིན་པའི།
སྣག་ཚའི་རྒྱུན་དེ་ཡང་།
ཡོངས་སུ་འཇགས་ཤིང་།
སྙན་ངག་དང་ཤ་འདྲིས་པགས་འདྲིས་ཡིན་པའི་
ཐ་སྙད་དེ་ཚོའང་།
རྔོན་པ་གང་ཞིག་གིས་བདས་པའི་གནའ་ཁྱུ་ལྟར།
ཕྱོགས་སོ་སོར་འཐོར་འདུག
སྙན་ངག་མ་བྲིས་པའི་ཉིན་འདི་དག་ལ།
མི་རྣམས་ལ་སྐད་ཆ་མི་འདུག བསམ་བློ་མི་འདུག
ཉིན་འདི་དག་ལ།
ངས་བཞི་མདོ་ཡོད་ཚད་ནས།
བྲང་ཁོག་བསྟན་ཏེ་བསྒུགས་ཀྱང་།
ལེགས་བཤད་ཐུར་མ་གང་གི
སྦྱིན་པ་གཏོང་མཁན་ཞིག་ཀྱང་མ་བྱུང་།
“ཡོད་ཚད་ཁུ་སིམ་མེར་ཡོད་པའི་སྐབས་དེར།
སྐད་ཅོར་རེ་འདོན་རྒྱུ་ནི་ཅི་འདྲའི་སྐྱིད་པ་ཞིག་རེད་ཨང་།”
སྙན་ངག་མ་བྲིས་པའི་ཉིན་འདི་དག་ལ།
ངས་སྐད་ཤུགས་ཕྱུངས་ཏེ་དེ་ལྟར་བརྗོད་པར་མོས།
༢༠༡༠ ༩ ༢༦