ཕྱི་ལོ་ ༡༢༥༡ ལོར་ས་པན་གྱིས་འགྲོ་མགོན་འཕགས་པ་ལ་ཞལ་ཆེམས་བཞག་དོན། “ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་བཏོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ལ་ཡང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཕྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་འགྱུར་བ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་གསུམ་ཙམ་མོ།”[1] ཞེས་གསུངས་ཏེ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བསྒྱུར་དགོས་པའི་སྐུལ་མ་མཛད། ཕྱི་ལོ་ ༡༢༦༥ ལོར་འགྲོ་མགོན་འཕགས་པ་རྒྱ་ནག་ནས་ས་སྐྱར་ལན་དང་པོར་ཕེབས་སྐབས་ཤོང་སྟོན་གྱིས་ཐོག་མར་མཇལ་ཏེ་རང་ཉིད་ལོ་ཙཱ་བ་ཞིག་བྱ་འདོད་ཡོད་རབས་ཞུས་པར་འགྲོ་མགོན་ཐུགས་མཉེས་ཏེ་ཞལ་གདམས་ལེགས་སྐྱེས་གནང་། དེ་ནས་ཤོང་སྟོན་རང་ཉིད་འཕགས་པའི་གཟིམ་གཡོག་པ་མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་བསྡོངས་ཏེ་བལ་ཡུལ་དུ་བྱོན། པནྚི་ཏ་ས་དབང་བཟང་པོ་བྱ་བ་བསྟེན། སྒྲ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་སོགས་ལ་མཁས་པར་སྦྱངས་ནས་ས་སྐྱར་བྱོན་ཏེ་འཕགས་པ་རིན་པོ་ཆེར་མཇལ་སྐབས་འཕགས་པའི་ཞལ་ནས། “འགྱུར་གཉིས་སྔར་མ་བྱུང་བས་ད་ཁྱེད་ཀྱིས་གྱིས་ཤིག དེའི་གྲོགས་དཔོན་ཆེན་ཤཱཀྱ་བཟང་པོས་བྱེད་པ་ཡོད་དོ༎[2] ཞེས་བཀའ་བསྩལ། དེ་ཡང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྱུར་བྱང་དུ། “ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང་། མིའི་དབང་པོ་དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་སྙན་དངགས་མཁན་ཆེན་པོ་ལཀྵིམཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་མང་ཡུལ་འཕགས་པའི་དྲུང་དགེ་འདུན་བཞི་སྡེའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱ་དཔེ་དང་གཏུགས་ནས་ཞུས་དག་ཚར་བར་བྱས་སོ།།”[3] ཞེས་འབྱུང་། དེ་ལྟར་ན་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མང་ཡུལ་སྐྱིད་གྲོང་ཇོ་བོ་བཞུགས་པའི་གཙུག་ལག་ཁང་དུ་ཐོག་མར་བསྒྱུར་རྗེས་ས་སྐྱ་ནས་བསྐྱར་ཞུས་བྱས་པར་མངོན་ཞིང་། སྙན་ངག་མེ་ལོང་ནི་པཎ་ཌི་ཏ་དང་ལྷན་དུ་ས་སྐྱ་ནས་བསྒྱུར་བ་ཡིན་ཏེ། དེ་ཉིད་ཀྱི་འགྱུར་བྱང་དུ་ཡང་། “སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་གི་གཞུང་འདི་ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སྙན་ངག་མཁན་ཆེན་པོ་ཤྲཱི་ལཀྵིམཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།”[4] ཞེས་གསལ་ལོ།
ལོ་རྒྱུས་ཀྱི་བྱུང་བ་འདི་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་(1523-1593?)མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ནང་བཀོད་པའི་འགྲོ་མགོན་འཕགས་པའི་མཛད་རིམ་ལོ་ཚིགས་རྣམས་གུང་བསྒྲིགས་ན། འགྲོ་མགོན་དགུང་ལོ་སོ་གཅིག་བཞེས་པའི་ཤིང་གླང་སྟེ་ཕྱི་ལོ་ ༡༢༦༥ ལོར་ཤོང་སྟོན་དང་ཐོག་མར་མཇལ་ཞིང་ལོ་དེ་རང་ལ་ཤོང་སྟོན་བལ་ཡུལ་དུ་ཕྱིན་པ་ནི་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན་ལས། “རྟེན་འབྲེལ་ཡོད་པས། དོ་ནུབ་རྗེ་བཙུན་གོང་མའི་གཟིམས་ཁང་དཔེ་ཁང་དུ་ཉོལ་ལ་སོང་། སླར་འཁོར་བ་ན་ཤོག་ཅིག་ཅེས་བརྫངས་སོ།།”[5] ཞེས་གསུངས་པས་གསལ། འཕགས་པ་དགུང་ལོ་སོ་གསུམ་བཞེས་པའི་མེ་ཡོས་ལོ་སྟེ་ཕྱི་ལོ་ ༡༢༦༧ པ་ལ་སླར་རྒྱ་ཡུལ་དུ་བཏེགས་ཤིང་། དེའི་སྔོན་ས་སྐྱ་ན་བཞུགས་སྐབས་ཤོང་སྟོན་དང་མཇལ་ཏེ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་སྙན་ངག་མེ་ལོང་མ་བསྒྱུར་རྒྱུའི་ཁ་ཆད་བྱས། དེ་བས་ན་ཤོང་སྟོན་གྱིས་ལོ་ངོ་གཉིས་ཙམ་གྱི་རིང་འཕགས་ཡུལ་དུ་ཕར་ཚུར་བསྐྱོད་པ་དང་ལོ་ཙཱ་མཁས་པར་སློབ་པ་སོགས་ཀྱི་མཛད་རིམ་བསྐྱངས་གྲུབ་པ་ཡིན། འགྲོ་མགོན་རྒྱ་ནག་ཏུ་བཞུགས་སྐབས་ཀྱི་ལྕགས་རྟ་ལོ་སྟེ་ཕྱི་ལོ་ ༡༢༧༠ ལོར་པནྚིཏ་ལཀྵིམཱི་ཀཱ་ར་ལ་བཏང་བའི་ཡི་གེ་ཞིག་གི་ནང་། “ཁྱེད་ཀྱི་རིགས་དང་ཀུན་ཏུ་སྤྱོད་པ་དང་། ཡོན་ཏན་གྱི་ཚུལ་ཤོང་སྟོན་ལོ་ཙཱ་བའི་སྤྲིངས་ཡིག་ལས་གསལ་བར་འཁུམས། དེང་སང་དཔལ་ས་སྐྱའི་གཙུག་ལག་ཁང་ན། པནྚི་ཏ་དང་ལོ་ཙཱ་བའི་རྒྱུ་དང་རྐྱེན་ཟུང་དུ་འཇུག་པའི་བྱེད་པས། བསྟན་པའི་བྱ་བ་རྗེས་སུ་བསྒྲུབ་ཅིང་། དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱི་བློའི་ཆུ་སྐྱེས་རྣམ་པར་རྒྱས་པར་བྱེད་པའི་ཚུལ་ཐོས་པས། སླར་ཡང་ཡིད་དགའ་བའི་ཆུ་གཏེར་རྣམ་པར་འཕེལ་བར་གྱུར། ཁོ་བོ་ཡང་འཕྲད་པར་འདོད་མོད། རེ་ཞིག་གནས་ཀྱིས་བསྐལ།”[6] ཞེས་འབྱུང་བ་ལ་གཞིགས་ན་ཕྱི་ལོ་ ༡༢༧༠ ཙམ་ལ་ཤོང་སྟོན་དང་པནྚི་ཏ་ས་སྐྱ་ན་བཞུགས་ཏེ་ལོ་ཙཱའི་ལས་བྱེད་བཞིན་པ་གསལ། ཤོང་སྟོན་གྱིས་དུས་འཁོར་རྒྱུད་འགྲེལ་བསྒྱུར་རྗེས་རྒྱ་ནག་ཏུ་འགྲོ་མགོན་གྱི་སྤྱན་སྔར་ཕུལ་སྐབས་འགྲོ་མགོན་གྱིས་བསྔགས་བརྗོད་གནང་བའི་ལོ་རྒྱུས་དང་དེ་ནས་ཤོང་སྟོན་སླར་ཡང་རྒྱ་གར་དུ་ཕེབས་ཏེ་ལོ་ཙཱ་བ་སྤྱན་དྲངས་པའི་གནས་ཚུལ་བཅས་འདར་སྟོད་དགྲ་འདུལ་དབང་པོས་བཀོད་འདུག[7] དུས་འཁོར་རྒྱུད་འགྲེལ་གྱི་འགྱུར་བྱང་དུ་འདི་ལྟར། “བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྫོགས་སོ།། ཁ་ཆེའི་པནྚི་ཏ་ཆེན་པོ་སོ་མ་ནཱ་ཐ་དང་བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང་། དཔོན་ཆེན་ཤཀྱཱ་བཟང་པོའི་གསུང་བཞིན་དུ་མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང་ལེགས་པར་བསྐུལ་ཏེ་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།།”[8] ཞེས་འབྱུང་བ་ལྟར་ན་ཤོང་སྟོན་གྱིས་དུས་འཁོར་རྒྱུད་འགྲེལ་བ་དང་བཅས་པར་འགྱུར་བཅོས་བྱེད་སྐབས་ལོ་ཙཱ་བ་ད་དུང་བོད་ལ་ཕེབས་མེད་པ་གསལ།
དེས་ན་འདི་ལྟར། ཕྱི་ལོ་ ༡༢༦༥ ལོར་ཤོང་སྟོན་བལ་ཡུལ་དུ་ཕེབས། ༡༢༦༧ སླར་ས་སྐྱར་འབྱོར་ཏེ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་ལ་འགྱུར་བཅོས་བྱས་ཏེ་རྒྱ་ནག་ཏུ་བསྐུར། ༡༢༦༨ ཙམ་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། ༡༢༦༩ ཙམ་ལ་པནྚི་ཏ་དང་ལྷན་མང་ཡུལ་སྐྱིད་གྲོང་དུ་འབྱོར་ནས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བསྒྱུར། ༡༢༧༠ ལོར་ལོ་པཎ་སྟོན་འཁོར་ས་སྐྱ་ན་བཞུགས་ཏེ་སྔར་བསྒྱུར་ཟིན་པ་རྣམས་ལ་བསྐྱར་ཞུས་མཛད་ཅིང་སྙན་ངག་མེ་ལོང་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་གསར་དུ་བསྒྱུར་བའི་མགོ་ཚུགས་པ་ཡིན་ནོ།།
འགོས་ལོའི་དེབ་སྔོན་དུ་ཤོང་སྟོན་ལོ་ཙཱ་བ་བལ་ཡུལ་དུ་ལོ་ལྔ་བཞུགས་པའི་གནས་ཚུལ་བཀོད་ཅིང་འགྲོ་མགོན་འཕགས་པའི་ལན་དང་པོ་རྒྱ་ནག་ནས་བོད་དུ་ཕེབས་པའི་གནས་ཚུལ་བཤད་སྐབས་ཀྱང་འདི་ལྟར། “སོ་གཅིག་པ་ཤིང་མོ་གླང་ ༡༢༦༥ ལ་བོད་དུ་བཏེགས། སླར་ས་མོ་སྦྲུལ་ ༡༢༦༩ ལ་གོང་དུ་བྱོན། ལོ་བདུན་བཞུགས་ནས་སླར་ཞེ་གཉིས་པ་མེ་ཕོ་བྱི་བ་ལ་གདན་སར་ཕེབས།[9] ཞེས་བོད་དུ་ལོ་ལྔ་བཞུགས་པའི་གནས་ཚུལ་བཀོད་ཡོད། འདི་ནི་ཚེ་ཏན་ཞབས་དྲུང་བའི་བསྟན་རྩིས་སུ་འགྲོ་མགོན་དགུང་ལོ་སོ་ལྔ་བཞེས་པའི་ས་སྦྲུལ་ལོར་སླར་ཡང་སོག་ཡུལ་དུ་ཕེབས་ཞེས་བཀོད་པ་དང་ཡོངས་སུ་མཐུན་པར་གྱུར། འོན་ཀྱང་དེ་ལྟར་བྱས་པས་ཤོང་སྟོན་གྱིས་རྒྱུད་འགྲེལ་བསྒྱུར་པའི་དུས་ཡུན་ཆེས་ཐུང་བར་འགྱུར་བ་མ་ཟད་ཕྱི་ལོ་ ༡༢༧༠ ལོར་ལོ་ཙཱ་བ་དང་ལཀྵིམཱི་ཀཱ་ར་ས་སྐྱར་འབྱོར་ཡོད་བརྟེན་ཤོང་སྟོན་གྱིས་པནྚི་ཏ་གདན་དྲངས་པའི་དུས་ཡུན་དེ་ཡང་ཆེས་ཐུང་བར་གྱུར་ཏེ་དངོས་ཡོད་བཤད་དཀའ་བ་ཞིག་ཆགས་འདུག མང་མཐའ་ལ་ཡང་ལོ་གཅིག་ཙམ་གྱི་དུས་ཡུན་ཏེ་ཕྱི་ལོ་ ༡༢༦༩ ལོར་དུས་འཁོར་རྒྱུད་འགྲེལ་པ་དང་བཅས་པའི་འགྱུར་བཅོས་མགོ་བཙུགས་པ་དང་ཕྱི་ལོ་ ༡༢༧༠ ལོར་པནྚི་ཏ་སྤྱན་དྲངས་ཟིན་པས་སོ།། བུ་སྟོན་ཆོས་འབྱུང་དུ། “ཤོང་རྡོ་རྗེ་རྒྱལ་མཚན་གྱིས་ཀྱང་བལ་པོར་བྱོན། པནྚི་ཏ་ལཀྵིམཱི་ཀཱ་ར་སྤྱན་དྲངས་ཏེ་སྙན་དངགས་མེ་ལོང་དང་། དཔག་བསམ་འཁྲི་ཤིང་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། བསྟོད་པ་བརྒྱ་པ་ལ་སོགས་བསྒྱུར་རོ།”[10]ཞེས་འབྱུང་བས་པནྚི་ཏ་བལ་ཡུལ་ནས་སྤྱན་དྲངས་པ་ཡིན་ན་དུས་ཚོད་དེ་ཙམ་མང་པོ་ཨེ་དགོས་སྙམ་མོ།།
[1] འདར་སྟོད་དགྲ་འདུལ་དབང་པོས་མཛད་པའི་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།
གངས་ཅན་རིག་མཛོད། ༤ ཤོག་གྲངས་ ༢༩༧ པར་གསལ།
[2] འདར་སྟོད་དགྲ་འདུལ་དབང་པོས་མཛད་པའི་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།
གངས་ཅན་རིག་མཛོད། ༤ ཤོག་གྲངས་ ༢༩༧ པར་གསལ།
[3] སྡེ་དགེ་བསྟན་འགྱུར། སྐྱེས་རབས། ཁེ། ཤོག་གྲངས། ༣༢༠ བ ༤
[4] སྡེ་དགེ་བསྟན་འགྱུར། སྒྲ་མདོ་ སེ ཤོག་གྲངས་ ༣༤༡ ན ༥ པར་གསལ།
[5] གངས་ཅན་རིག་མཛོད། ཨང་ ༤ ཤོག་གྲངས། ༢༩༧ པར་གསལ།
[6] ས་སྐྱ་བཀའ་འབུམ། བ ༢༦༦ ན ༡ པོར་གསལ།
[7] གངས་ཅན་རིག་མཛོད། ཨང་ ༤ ཤོག་གྲངས། ༢༩༨ པར་གསལ།
[8] སྡེ་དགེ་བསྟན་འགྱུར། རྒྱུད། ཐ ༢༩༦ ན་ ༡
[9] དེབ་སྔོན། སི་ཁྲོན་པར་མའི་ཤོག་གྲངས། ༩༡༩ པར་གསལ་ཞིང་བར་ལོ་ཚིགས་རྣམས་ཕྲན་གྱིས་བཀོད་པ་ཡིན།
[10] བུ་སྟོན་ཆོས་འབྱུང་། བོད་ཀྱི་དེབ་གཟུགས་པར་མ། ཤོག་གྲངས་ ༢༠༥ པར་གསལ།
༼རྩོམ་འདི་ནི་ཕྲན་གྱིས་ ༡༩༩༢ ནས་ ༡༩༩༦ བར་ཕྱོགས་བསྒྲིགས་བྱས་པའི་བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་པ་ལས་དྲངས་པ་ཡིན། དགེ་འདུན་རབ་གསལ་གྱིས།༽
ཐུགས་རྗེ་ཆེ། ཡག་པོ་འདུག
རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་ཆོས་རྗེ་ས་པཎ་དང་། བླ་མ་དམ་པ་ཆོས་རྒྱལ་འཕགས་པས་བཀས་བསྐུལ་ལྟར་སྙན་དངགས་ཀྱི་བསྟན་བསྟན་བཅོས་དཔག་བསམ་འཁྲི་ཤིང་དང་། སྙན་དངགས་མེ་ལོང་མ་སྒྲ་སྒྱུར་ཆེན་པོ་་ཤོང་སྟོན་དང་། སངས་རྒྱས་ཀྱི་སྤྱོད་པ་ས་དབང་བཟང་པོ་དང་། མདོ་སྨད་པ་བློ་གྲོས་རྒྱལ་པོས་སངས་རྒྱས་ཀྱི་སྤྱོད་པ་བསྒྱུར་པའི་ལོ་རྒྱུས་སླར་ཡང་གོ་ནས་བདག་གིས་མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་། ཟུག་མཁར་བློ་གྲོས་རྒྱལ་པོ་སྨན་གཞུང་ལ་མཁས་པ་དེ་དང་ནོར་བ་ལ་ཞུས་དག་བྱེད་པ་ལ་ཕན་པའི་གསོས་སུ་གྱུར་ཏོ།།
རྒན་ལ་དྭགས་པ་མཆོག་གིས་མཆན་བུ་བཏབ་པ་ལ་བཀའ་དྲིན་ཆེ་ཞུ། སྐུ་ཉིད་ཀྱིས་བསྒྱུར་བའི་མཛེས་དགའ་བོའི་སྙན་དངགས་དེ་ཡང་ཁ་བརྡ་ལ་བཀོད་ཆོག་པ་ཞིག་ཡོད་ཚེ་དེ་ལྟར་སྩོལ་གནང་ཡོང་བ་ཞུ། ང་ལ་ཐོབ་པ་ནི་ནང་བསྟན་དཔེ་ཚོགས་ནས་ཡིན་ཞིང་། དེར་གླེང་བརྗོད་མི་འདུག ད་དུང་པར་དབང་གི་ཐོག་ནས་ཀྱང་ཁ་བརྡ་ལ་སྤེལ་རུང་དང་མི་རུང་ཆ་མ་འཚལ་ལགས།
ལེགས་སོ། དགེ་རབ་མཆོག ངས་གློག་གླད་འཕྲུལ་ཆས་གསར་པ་འདིར་རག་མ་ཐག་ཏུ་ཁ་བརྡ་བརྒྱུད་དམ་ཐབས་གཞན་་གྱིས་གཞན་གཞོན་པ་རྣམས་ཀྱིས་ཀྱང་དེ་ལྟར་མཛད་དགོས་པ་ལ་ངེས་པར་དུ་འབུལ་ཆོག