གཅན་འོད་འབར།
༡
རྩ་བ་སྐམ་པའི་ཤིང་སྡོང་འདིའི་ཡལ་གར་བལྟས་ན།
ཅི་ཞིག་སྐྱེས་ཡོང་བསམ་པའི་རེ་བ་ཞིག་ཡེ་ནས་མི་འདུག་མོད།
དཔྱིད་ཀ་གཞན་ཞིག་གི་ལོག་ཕེབས་བསམ་ཚེ།
སྟོང་བསམ་འདྲ་བའི་རྨི་ལམ་ཞིག་གཏང་མི་ཆོག་པ་ག་ལ་ཡོད་སྙམ།
འོན་ཀྱང་སྐྱེ་འཆི་ལྷ་རུ་བཅོལ་བའི་འགྲོ་བ་འདི་ཚོ་བསམ་ན།
གསེར་དངུལ་ཟངས་ཀྱིས་བཞེངས་བའི་ཁ་མི་གྲག་པའི་འབག་སྐུ་འདི་ཚོ།
དུས་རབས་མང་པོ་ཞིག་དང།
མི་རབས་གྲངས་མེད་ཅིག་ལ
གཞན་གྱིས་གཏོར་ཕོད་ཀྱང།
རང་གིས་སྒུལ་མ་ནུས་པར་ཁག་མི་འདུག་འདོད།
༢
ལོ་ཟླའི་གཙང་བོས་འཁྱེར་བའི་ལོ་མ་འདི་ཚོའི་ལས་དབང་ཡང།
ད་ནངས་སྐྱེས་ཤིང་དོ་དགོང་ཤི་བའི་ཁྱེའུ་དེའི་འཛུམ་མདངས་འདྲ་བར།
སུ་ཞིག་གི་སེམས་ལ་བརྣགས་པའི་ཚེར་མ་དེའི་ཟུགས་སྟངས་ལས།
གནམ་སར་མི་ཤོངས་ཤིང་ལུས་སེམས་ཀྱིས་མི་ཐེག་པའི་ན་ཟུག་གི་ཕ་བོང་ཞིག
གློ་བུར་འདུས་ཤིང་གློ་བུར་གས་པའི་ངང་ཚུལ་དང་མཚུངས་བས།
རྨོངས་དད་ཀྱིས་བསྐྲུན་པའི་ལྷ་འདྲེའི་ཆོ་འཕྲུལ་གྱིས་མི་བཟློག་ལ།
ཡིད་ཆེས་ཀྱིས་བཞེངས་པའི་བླ་སྤྲུལ་ཚོའི་ཕྱག་རྒྱས་མི་སེལ་བའི་གཏན་ཚིག་ཡིན།
གང་ལྟར། ཞུ་བཞིན་པའི་གངས་རི་དང།
སྐམ་གྱིན་པའི་མཚོ་མོ།
ད་དུང་ཟད་ཀྱིན་པའི་རྩྭ་ཐང་འདི་ཚོ་ཡང།
དྲན་ལ་མི་དྲན་པའི་ཀ་ཁའི་གྲངས་ཀ་དང།
གསལ་ལ་མི་གསལ་བའི་དབྱངས་བཞིའི་ཀློག་འདོན་ཁྲོད།
ངོ་མི་ཤེས་པའི་ཕ་གཞིས་འདིའི་དུར་སར་འགྱུར་བཞིན་འདུག་ལ།
ཆ་མི་འཚལ་བའི་གཅན་གཟན་འདི་ཚོའི་ལོངས་སྤྱོད་དུ་ཡང་འགྱུར་བཞིན་འདུག
༣
ཚོད་ཚོད་ལ་ས་སྲོད་ཅིག་གི་འཐིབས་སྟངས་དྲན་བྱུང།
ས་སྲོད་དེའི་སྣེ་གཅིག་ཁྱོད་ཡིན་ན།
སྣེ་གཞན་དེ་ང་ཡིན།
ས་ཞིག་གི་ཧམ་སེམས་འདྲ་བའི་ས་སྲོད་འདི།
ཅི་ཞིག་གི་ནད་ཡམས་ལྟ་བུའི་ས་སྲོད་འདི།
མུན་པ་བཞིན་མཐུག་ལ།
རྒྱ་མཚོ་ལྟར་ཟབ་པས།
འདི་ལ་ཕྱི་ནང་མེད་ལ།
རྒྱབ་མདུན་དེ་བས་ཀྱང།
སྐྱ་རེངས་ཤིག་ལ་སྒུག་པའི་མགོན་མེད་ཕུག་རོན་དེ་ཚོ་སྙིང་རེ་རྗེ།
འོད་སྣང་ཞིག་ལ་རེ་བའི་སྐྱབས་བྲལ་ཡུ་མོ་དེ་ཚོ་ཡང་་་་་་་།
༢༠༡༢།༤།༤ ལ་ཁེར་རྐྱང་དུ་བྲིས།།
གཅན་འོད་འབར་ཞེས་བའི་རྩོམ་པ་པོས་་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་་ ངོ་མ་དགའ་ནི་ཡིན།
དངོས་ནས་འགུལ་མ་མྱོང་བའི་འབག་སྐུ་དེ་ཚོ་མིག་ལ་མི་རན་ག དེ་ན་རང་གི་ཐོག་བདག་ནས་མགོ་རྩམ་རོགས་ཞུ
གཅན་ཚ་བ་འདི་ཚོ་གླགས་འཁེལ་གྱི་མི་འདུག
གཅན་ཚ་བ་འདི་ཚང་གནའ་ཡང་འཇོན་ལ་ད་ལྟ་ཡང་འཇོན་ནས་འདུག བོད་ཕྱི་ནང་གཉིས་ཀར་གཅན་ཚའི་ཤེས་ཡོན་པ་རེ་བ་ཅན་གང་མང་ཞིག་འདུག བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་ཤེས་ཡོན་པ་རྒན་པ་རྣམས་དང་། དེང་སང་གཞོན་སྐྱེས་ཁྲོད་དུའང་རྒྱ་གར་དང་ཕྱི་རྒྱལ་ག་ས་ག་བར་དངོས་གནས་ཕྱོགས་གང་ཐད་ལ་མཁས་པ་མང་པོ་འདུག
ས་ཆ་དེ་དངོས་གནས་རིག་སྟོབས་འབར་སའི་ས་ཆ་ཞིག་ཡིན་པ་འདྲ། བོད་མི་རིགས་ཀྱི་གཟི་བརྗིད་རེད།
མུ་མཐུད་དུ་བརྩོན་རོགས།
དུས་གསུམ་དུས་ཀྱི་བར་གླགས་ནས།།
ང་ཚོ་དམར་བོ་ཁྲག་ལ་བརྫིས།།
གསོལ་འདེབས་བྱས་པའི་ལྷ་ཚོགས་ནི།།
མུན་པའི་ཕག་ཏུ་ཡིབས་ནས་སོང་།།
མེ་མདའ་ཐོགས་པའི་དཔུང་ཆེན་གྱིས།།
བདག་གི་གློ་སྙིང་བཟས་ནས་འོངས།།
འུར་ཆ་བསྐོར་བའི་བོད་པ་ཚང་།།
རྨི་ལམ་བསྣམས་ནས་དལ་དུ་ཕེབས།།
སེར་རྒོས་ལྟ་བུའི་རུ་དཔུང་གིས།།
ང་ཚོའི་ཉེ་འཁོར་ལྷག་མེད་བཅོམ།།
རྒྱུ་འབྲས་བོར་བའི་བཀའ་ལུང་རིགས།།
སྤྱི་གཙུག་རལ་བ་ཐང་ལ་གཡུགས།།
སྤྱན་རས་རྣོའི་བའི་སྐྱེས་ཆེན་འགའ།།
ཁྱོད་ཚོས་མུན་པའི་བཙོན་དུ་བཅུག།
རེ་བ་ཟད་པའི་ཉིན་མོ་དེར།།
གསེར་དངུལ་རྒྱབ་གང་ཁུར་ནས་བྲོས།།
ལས་བསོད་བཟང་བའི་ང་ཚོ་ནི།།
མ་ཤི་གསོན་པོ་ལུས་པ་ཙམ།།
རྐང་ལག་བསྒྲོགས་པའི་ན་ཚ་དང་།།
ཁ་ལྕེ་བཅད་པའི་རྨ་ཁ་གསལ།།
ངོ་འཛུམ་མི་ལ་སྟོན་པ་དེ།།
ཁ་ལ་ཁྱེར་བའི་ཚོགས་གཏམ་ཉིད།།
ཟུངས་ཟད་ལུས་པོ་རལ་བོ་འདི།།
རང་གི་རྐང་བས་གྱེན་དུ་གདེག།
ཇོ་མོ་ལྷ་རི་གནམ་དུ་ཟུག།
མེས་པོའི་སེམས་བསྐྱེད་བརྟན་པོ་ཡིན།།
སྤོབས་པས་བརྟས་པའི་ལང་ཚོ་སྟེ།།
ཡར་ལུང་གཙང་བོ་རྒྱང་དུ་བཞུར།།
རྗོད་བྱེད་ཡག་པོ་འདུག བརྗོད་བྱ་མི་རིགས་ལ་དུངས་པའི་ཆ་ནས་བསྟོད་བསྔགས་ཡོད། ནང་ཆོས་ལ་ཟུར་ཟ་བ་ལ་དགའ་བསུ་མེད།
དྲ་གྲོགས་ཚོས་དག་མཆན་དང་དཔྱད་བརྗོད་ལ་ཐུགས་རྗེ་ཆེ་ཞུ། མུ་མཐུད་ཕེབས་པར་དགའ་བས་བསུ། གཅན་འོད་འབར་ནས།
རྗོད་བྱེད་ཀྱི་སྒྱུ་རྩལ་ཕྱོགས་ནས་ངོ་མ་ཡིད་དུ་འོང་ཞིང་རང་རིགས་བོད་མིའི་རྩམ་སྐད་ཐུ་ལུ་ལུ་ཁྱབ་ཀྱང་བརྗོད་བྱ་དོན་གྱི་ཐོག་ནས་དེ་ཙམ་དོན་དངོས་དང་མི་མཐུན་པས་ཡིད་རྟོན་བྲལ།
ཡག་གི་བསམ་ནས་སྐད་འདི་བཞག་པ་ཡིན། རྒྱུན་འཁྱུངས་འབར་བར་སྨོན།སྙན་རྩོམ་རྒྱལ་བར་སྨོན།
གསུང་མི་འབྱོན་པའི་ལྷ་སྐུ་འབག་སྐུ་དེ་ཚོའི་རིགས་སུ་གྱུར་བ་ནི་ངེད་ཚང་གི་ཡུལ་སྲོལ་གོམ་གཤིས་ཡིན་ལ་ད་བར་ང་ཚོས་འུར་སྒྲ་བསྒྲགས་ནས་བོད་ཀྱི་ཡུལ་སྲོལ་གོམ་གཤིས་ལ་གཅིས་སྐྱོང་གནང་དགོས་ཟེར་བ་མ་ཡིན་ནམ།