ཀླུ་སྨྱོན།
སྒེའུ་ཁུང་གི་ཕྱི་རོལ་ནས་སློབ་གྲྭ་གྲོལ་བའི་འུར་ཟིང་གི་སྐད་ཅོར་ཐོས་ཡོང་།
ཉི་ཟེར་བན་བུན་ཞིག་ཀྱང་སྤྲིན་པ་འཁྱག་པོ་དག་གི་བར་གསེབ་ནས་ཐད་ཀར་འཕྲོས་ཡོང་།
གཟུགས་པོ་ལྡེམ་ལྡེམ་འཁྱུག་འཁྱུག་ཅན་གྱི་གསར་མོ་འགས་རྒྱ་ལམ་སྟེང་འཆམ་འཆམ་བྱེད་བཞིན་འདུག
ལམ་འགྲམ་གྱི་ལྗོན་པ་དག་གི་ཡལ་གའི་སྟེང་དུ་ལོ་མ་རྐང་གཅིག་ཀྱང་མཐོང་རྒྱུ་མི་འདུག
ཉལ་ཁང་གི་རྩིག་ཟུར་ལ་ཁ་གཏད་པའི་གློག་འོད་དེའི་ཀློང་དུ།
ངས་འཆར་ཅན་བཞིན་དམིགས་ཡུལ་དང་གྲ་སྒྲིག་ཅི་ཡང་མེད་པར་སྙན་ངག་ཅིག་འབྲི་རྩིས་བྱེད་དུས།
གློ་བུར་དུ་ཁ་བ་བབས་བྱུང་།
ཁ་བ་སབ་སིབ་ཏུ་འབབ་པའི་ཀློང་དུ་ངས་ཀྱང་ཕྱི་རོལ་གྱི་མཛེས་ལྗོངས་ལ་རོལ་མྱོང་བྱེད་དགོས་སོང་།
མ་གཞི་དཀར་ཆེམ་ཆེམ་གྱི་ཁ་བ་འདི་ནི་རང་བྱུང་ཁམས་ཆེན་མོའི་བདེ་སྡུག་གི་ཚོར་སྣང་དག་མི་ཡུལ་དུ་འཐོར་བ་དང་འདྲ་ལ།
ཁ་བ་བབས་རྗེས་རླུང་ཆེན་གཡུག་མཚམས་འཇོག་ཅིང་གྲང་ངར་ལྡང་མཚམས་ཀྱང་རེ་ཞིག་འཇོག་པ་མ་ཡིན་ནམ།
ཕྱི་རོལ་གྱི་ཁ་བའི་ཁྲོད་དུ་རླངས་འཁོར་ལྗང་སྐྱ་ཞིག་གི་སྒོ་ཕྱེས་ཤིང་།
དེའི་ནང་ནས་གཟུགས་པོ་ཡོངས་ནས་དྲི་ཞིམ་འཐུལ་བའི་མཛེས་མ་ཞིག་ག་ལེར་ས་ལ་བབས་བྱུང་།
མཛེས་མ་དེའི་རྐང་རྗེས་རེ་རེ་ཁ་བའི་ཁྲོད་དུ་འོད་འཚེར་རེར་ལུས་ཡོད་པས།
ངས་དེ་ལ་ལྟ་བཞིན་ཕངས་སེམས་བརྗོད་དུ་མེད་པ་ཞིག་སྐྱེས་སོང་།
མཛེས་མ་དེའི་ཁ་དཀྲིས་དམར་སྨུག་གི་གསེབ་ནས་ཁ་རླངས་སྐྱ་ཆིལ་ཆིལ་བྱེད་ཅིང་།
མགོ་སྐྲ་ནག་པོ་དེས་ཀྱང་ཉི་འོད་དང་ཁ་བ་ལ་གཟི་མདངས་ལྷག་མ་ཞིག་སྟེར་བཞིན་མཆིས།
གལ་སྲིད་ང་ལ་ཆུང་མ་ཞིག་ཡོད་ན།
གལ་སྲིད་ང་ལ་བྱིས་པ་ཞིག་ཡོད་ན།
གལ་སྲིད་ང་ལ་ཁྱིམ་གཞིས་ཤིག་ཡོད་ན།
ངས་ཀྱང་སེམས་ཚོར་ཡོད་ཚད་སྙན་ངག་ཏུ་འབྲི་མི་དགོས་པར།
རང་གི་ཁ་གཏད་དུ་བསྡད་པའི་ནང་མི་དེ་ཚོར་བརྗོད་འདོད་པ་དེ་བརྗོད་ཆོག་ཅིང་།
རང་གི་སེམས་ཁམས་ཀྱི་ལྗིད་ཚད་ཀྱང་ཇེ་དལ་དུ་བཏང་ཆོག
ཡིན་ན་ཡང་དེ་རིང་གི་ཁ་བ་ཆུང་ཆུང་འདིའི་ཀློང་དུ།
ངས་སྙན་ངག་ཅིག་འབྲི་རྩིས་ཀྱིས་སྨྱུ་གུ་ཞིག་ལག་ཏུ་བཟུང་བའི་སྐད་ཅིག་མར།
གློ་བུར་དུ་ལག་པ་འདར་བྱུང་།
དེ་ཡང་ལག་པ་གཉིས་སྙིང་དབུས་ནས་འདར་བྱུང་།
ལག་པ་གཉིས་འདར་བའི་ངང་ཚུལ་དེ་ནི།
ལྗོན་ཤིང་ཞིག་བསིལ་རླུང་གི་ཁྲོད་དུ་དལ་བུར་གཡོ་བ་དང་མཚུངས་ཤིང་།
ང་རང་ག་ལེར་ལྗོན་ཤིང་དེའི་གྲིབ་བསིལ་འོག་ཏུ་བསྡད་དེ།
འཁོར་བ་ཆུང་ཆུང་ཞིག་དང་དེའི་བདག་པོའི་གཏམ་རྒྱུད་ཅིག་བྲིས་པ་ཡིན།
གང་ལྟར་དེ་རིང་ངའི་ལག་པ་འདར་བྱུང་།
ཡིན་ན་ཡང་།
ངས་དེའི་རྒྱུ་མཚན་ད་དུང་ཤེས་མ་སོང་།
*གོང་གི་པར་དེ་རང་ཉིད་ཀྱིས་བརྒྱབ་པ་ཡིན།
ཀླུ་སྨྱོན་ལགས་ཀྱིས་དྲ་ལམ་ནས་ང་ཚོར་སྙིང་གཏམ་ཐོལ་བྱུང་དུ་འཕོས་པའི་རང་དབང་གི་བསམ་བློ་ནི་དངོས་མ་ཡག་གི
ཁྱོད་ཀྱིས་བརྒྱབ་པའི་པར་དེ་ངས་བྲིས་པའི་རི་མོ་དེ་ཡིན་ན། ད་དུང་ཚང་མེད་པ་གཅིག་འདུག་སྟེ། གངས་ཀྱིས་གཡོགས་པའི་རྐུབ་སྟེགས་རིང་པོ་དེའི་ཐོག་ན་ང་ཁེར་རྐྱང་གིས་བསྡད་དེ་ཕ་གའི་རབ་རིབ་ཀྱི་ནགས་གསེབ་དང་། ད་དུང་དེའི་ཕ་རོལ་དེ་གསལ་བར་མཐོང་འདོད་པ་དེ་འབྲི་དགོས།
སྙན་ངག་བཀླགས་ཚར་བ་ཡིན།
ལག་པ་འདར་བའི་རྒྱུ་ལ་གཉིས། །
ཕྱི་རོལ་འབྱུང་བ་གྲང་བ་དང་། །
ནང་གི་སྙིང་རྩ་འདར་བ་གཉིས། །
ང་ཡང་འདི་ནས་འདར་ནས་བྲིས།
ལེགས་པོ་འདུག
གྲང་ཤར་ཤར་ལས་
དྲོད་ལམ་ལམ་གྱི་སྙན་ངག་ཅིག་ལ་སྒུག་ནས་ཡོད།
གྲང་ཤུབ་ཤུབ་ཀྱི་རྣམ་འགྱུར།
ཡོད་ཚོད་ནས་ཡོད་ཚོད་ངས་མཐོང་།
ཁ་ངོ་ལ་དབྱེ་བ་མེད་པ།
སྣ་ལུད་དང་ཁ་ལུད།
ཡོད་ཚོད་ལ་བདུད་རྩི།
ཆང་ཕོར་གང་གིས་བསུ་མ་བྱས།
ང་ནམ་ཡང་ཤི་ལ་བྲེལ།
ངས་སེམས་ཅན་ཐམས་ཅད་གསད་པ་འདོད།
ང་ཤི་ཡང་ཨམ་ཚིག་སྡོམས་ནས།
ངས་བྲག་ལ་སོ་འདེབས་བྱེད།
ངས་ངུ་འབོད་ཐེངས་གསུམ་བྱས་ནས།
ལྷ་གླུ་ཐམས་ཅད་དཀྲོགས་བར་བྱེད།
ཁྱེད་གཞོན་ནུ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་གངས་ལྗོངས་ཀུན་ཁྱབ་དེ་སྲུང་འདོད་ན། ཡོང་ལ་འོང་དང་། སྙན་ངག་ལ་སྙན་དངགས་དང་། མཐོང་རྒྱུ་ལ་མཐོང་བ་དང་། པར་ལ་སྤར་དང་། གསད་པ་འདོད་ལ་གསད་པར་འདོད། ཅེས་འབྲི་ན་སྐྱོན་འདུག་གམ། དེ་ཙམ་ཡིན།
ངས་ཆུང་དུས་སུ་ཐོས་པ་ཞིག་ཞུ་ན།
ཆུ་བོ་ནང་གི་པདམོ་དེ་འདར་བར་བྱེད་པའི་རྒྱུ་གང་ཡིན།
ཉི་མ་ནུབ་ཚེ་བུང་བ་ཞུགས།
འཕུར་བར་འདོད་པས་འདར་བར་བྱེད།
ཆུ་ཡི་ནང་གི་པད་མོ་དེ།།
འདར་བར་བྱེད་པའི་རྒྱུ་གང་ཞིག།
གླང་རྫི་ནག་མོ་འཁོལ་གློ་བུར་དུ་ལྐུག་པའི་ས་ལས་བརྒལ་ནས་མཁས་པའི་གྲགས་པ་འཕུར་བའི་མགོ་བཙུགས། མི་རྣམས་ཀྱིས་ནག་མོ་འཁོལ་ལ་ཧ་ལས་ཤིང་ཧང་སང་པར་གྱུར། བྲམ་ཟེ་རིག་བྱེད་སྨྲ་ལ་མཁས་པ་དེས་ཡིད་མ་ཆེས། ཐེ་ཚོམ་ཞིང་ཡིད་གཉིས་ཟ་ནས་ཚོད་བགམ་པའི་ཕྱིར་དུ་གོང་གསལ་གྱི་ཚིག་རྐང་གཉིས་དེ་གཙུག་ལག་ཁང་ཞིག་གི་ཁྱམ་རར་དྲི་བའི་ཚུལ་དུ་བཀོད། ཕྱོགས་ཕྱོགས་སུ་བཞུགས་པའི་མཁས་པ་རྣམས་ཀྱིས་དེ་ལ་ལན་འདེབས་པའི་ལས་ལ་ཞུགས། ཁ་ཤས་ཀྱིས་ནི། ཉི་མ་ནུབ་རིར་བཞུད་པ་ནི།། པད་མོ་འདར་བར་བྱེད་པའི་རྒྱུ།། ཟེར་ནས་ལན་འདེབས། ཡང་ཁ་ཤས་ཀྱིས་ནི། དྲི་བཞོན་པ་རྒྱུ་བ་ནི།། ཆུ་སྐྱེས་་འདར་བར་བྱེད་པའི་རྒྱུ་ཟེར་ནས་ལན་འདེབས་པ་སོགས་སྣ་ཚོགས་པ་བྱུང་ཡོད། འོན་ཀྱང་ནག་མོ་འཁོལ་གྱིས། ཉི་མ་ནུབ་ཚེ་བུང་བ་ཞུགས།། འཕུར་བར་འདོད་པས་འདར་བར་བྱེད།། བྲིས་འདུག་པས། བྲམ་ཟེ་རིག་བྱེད་སྨྲ་བས། ད་ཡིན་ན་ནག་མོ་འཁོལ་ངོ་ནས་ས་གསུམ་ན་འགྲན་ཟླ་བྲལ་བའི་མཁས་པ་ཡིན་པར་རྟོགས།
ནག་མོ་འཁོལ་གྱི་གཏམ་རྒྱུད་སྙན་ལ་འཇེབས་པ་ཞིག རིག་བྱེད་སྨྲ་ལ་མཁས་པའི་གཙུག་རྒྱན། དབྱངས་ཅན་མའི་ངག་གི་རིག་བྱེད་ལ་དབང་འབྱོར་བའི་བོད་ཀྱི་བུད་མེད་ཞིག་ལས་ཐོས།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ངས་སེམས་ཅན་ཐམས་ཅད་གསད་པ་འདོད་ཅེས་པའི་ལ་དོན་ཆད་སྐྱོན་རེད།
རྗེས་སུ་ཡི་རངས་ཞུ།
ཐུགས་རྗེ་ཆེ།
གཞན་ སྙན་ངག་ལ་སྙན་དངགས་གཉིས་མི་འདྲ་ཚུལ་མཁས་དབང་དུང་དཀར་ཚང་གིས་གསུངས་ཡོད་པས་དེ་ལ་གཟིགས་པར་ཞུ།
ཉི་མ་ནུབ་ཚེ་བུང་བ་ཞུགས།།
འཕུར་བར་འདོད་པས་འདར་བར་བྱེད།། ཅེས་ནག་མོ་འཁོལ་གྱིས་ལན་འདི་བཀོད་པ་ནོར་འདུག་ཟེར། ནོར བའི་རྒྱུ་མཚན་ཉི་མ་ནུབ་ཚེ་མེ་ཏོག་པད་མ་ཁ་ཟུམ་ཚར་བས་བུང་བ་ཞུགས་ས་མེད། དེ་བས་ན་ཉི་མ་མ་ནུབ་པའི་སྔ་རོལ་ཏུ་བུང་བ་མེ་ཏོག་ལ་ཞུགས་ཞིང་། སྦྲང་རྩི་གཞིབ་པའི་སྒང་ལ་ཉི་མ་ནུབ་པས་ཆུ་སྐྱེས་ཁ་ཟུམ་ཞིང་། བུང་བ་ནང་དུ་བསྡུ་ཚར་བས་བུང་བ་པད་ནང་དུ་འཕུར་འདོད་ཀྱིས་འཕུར་ལྡིང་རྩོམ་པ་ན་མེ་ཏོག་འདར་བ་ཡིན་པས། ཚིག་འདི་ལྟར་ཡིན་དགོས་ཅེས་དབྱངས་ཅན་མགྲིན་པ་ཅན་གྱིས་གསུངས་པ།
བུང་བ་ཞུགས་ཚེ་ཉི་མ་ནུབ།།
འཕུར་བར་འདོད་པས་འདར་བར་བྱེད།། ཅེས་པ་ནི་ལན་མ་ནོར་བ་དེ་རེད་གསུངས་སོང་།།