སྐྱོ་བྲག་དགའ་དབང་།
ཁོ་བོའི་མཆེད་པོ་ལྷ་རྩེའི་ཁུ་བྱུག་གིས། ཆེད་སྦྱོང་འཛིན་གྲྭའི་སྙན་ངག་སློབ་དེབ་ཆེད། སྙན་ངག་ལ་འཇུག་པའི་ལམ། ཞེས་པའི་དེབ་ཅིག་བརྩམས་སྤེལ་གནང་ཤག །ཁོང་ནི་དིང་དུས་ཀྱི་མི་བུ་ཕལ་མོ་ཆེ་དང་མི་མཚུངས་པའི་གཤིས་སྤྱོད་ཅན་ཞིག་སྟེ། ཁོང་གི་མི་ཚེ་རབ་ཏུ་བྱུང་བའི་རྟུལ་ཞུགས་ལ་སྐྱེལ་གྱིན་ཡོད་ནའང་ཁྱིམ་པ་ཕོ་མོའི་རྒས་གཞོན་སུ་དང་ཐུག་ནའང་ཕ་མ་མིང་སྲིང་འཕྲད་པ་བཞིན་མཛའ་གྲོགས་ཉག་གཅིག་ཏུ་འགྱུར་གྱི་ཡོད་ཅིང། ཁོང་གིས་སྙན་ངག་མེ་ལོང་མ་ལ་ཡུང་རིང་གི་སྦྱོང་བརྩོན་དང་འཆད་སྤེལ་མཛད་ནའང་བཅད་གསར་སྙན་ངག་འབྲི་བ་ལ་ཆེས་སྤྲོ་བས་བོད་ཡུལ་གྱི་གླུ་པ་མཆོག་དམན་ཕལ་མོ་ཆེའི་འོད་སྡེར་དུ་ཁོང་གི་གླུ་ཚིག་མེད་པ་ནི་ཆེས་ཉུང་ལ། ཁོང་ཉིད་ཚད་མའི་རིགས་ལམ་ལ་ཐུགས་ཕྱོགས་པས་དགག་སྒྲུབ་ཀྱི་འཇུག་པ་ལ་ཆེས་སྤྲོ་ནའང་གང་ཟག་གཞན་པའི་ཤེས་ཡོན་ཀྱང་མཐོང་ཐུབ་པས་བོད་ཡུལ་གྱི་ཤེས་ཡོན་པ་མང་པོ་ཞིག་ནི་ཁོང་གི་དགའ་འདྲིས་ཀྱི་གྲོགས་པོ་ཡིན།
ཁོང་ནི་ཐ་སྙད་རིག་གནས་ཀྱི་མཁས་ཡོན་རྩེར་སོན་གྲས་ཡིན་ནའང་སྒོམ་སྒྲུབ་ཉམས་ལེན་ལ་ཆེས་སྤྲོ་བས་དབེན་པའི་རི་སུལ་རྣམས་སུ་རི་དྭགས་བཞིན་རྒྱུ་སྟེ་ཐབས་གྲོལ་གྱི་གདམས་པ་རྣམས་ཉམས་སུ་ལེན་བཞིན་ཡོད། ཁོང་ལ་གཤིས་སྤྱོད་ཁྱད་མཚར་འདི་དག་ཡོད་པའི་སྟབས་ཀྱིས་ཁོང་གིས་བྲིས་པའི་སྙན་ངག་སྦྱོང་དེབ་ལའང་ཁྱད་མཚར་ཞིག་ཡོད་པ་སྟེ། ཁོང་གིས་གཞི་སྙན་ངག་མེ་ལོང་མ་ལ་བཟུང་ནས་ལེགས་གདམ་གནང་ཡོད་ནའང་གནའ་རབས་བོད་ཀྱི་ཐུན་མོང་མིན་པའི་རྩོམ་རྩལ་ཡོད་པ་རྗེ་བཙུན་མི་ལ་རས་པའི་མགུར་གླུ་ནས་དཔེར་བརྗོད་དུ་དྲངས་པ་ཆེས་མང་ཞིང་། ཉེ་རབས་བོད་ཀྱི་ན་གཞོན་མང་པོས་དགའ་བོ་བྱེད་པའི་བཅད་གསར་གྱི་ཚིག་སྦྱོར་དང་མཐུན་པའི་དཔེར་བརྗོད་ཀྱང་ཁོང་ཉིད་ཀྱིས་བྲིས་ཡོད་ལ། དིང་གི་སྙན་ངག་པ་གྲགས་ཅན་དག་གི་ལེགས་བཤད་འགའ་རེ་ཡང་བཀོད་དེ་བོད་པའི་རྩོམ་ཚུལ་སྔ་ཕྱི་བར་གསུམ་འདྲེས་པའི་སྙན་གཞུང་ར་མ་ལུག་ཅིག་ཡིན་པ་རེད།
འདྲ་མིན་འདྲེས་པའི་ར་མ་ལུག་ཕལ་མོ་ཆེར་ཡིད་དུ་འོང་པོ་རང་ཞིག་མེད་ནའང་ཁོང་གི་བློ་རྩལ་དམིགས་བསལ་བས་བསྡེབས་པའི་ཕྱིར་ན། སྙན་གཞུང་འདིར་ནི་གནའ་ནས་ད་བར་གྱི་བོད་པའི་རྩོམ་ཚུལ་རྣམས་ཕན་ཚུན་དགྲ་གཤེད་ཀྱི་བལྟ་ཚུལ་ལས་རྒྱལ་ནས་ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་གཅིག་གྲོགས་གཅིག་གིས་བྱས་པས་བློ་གྲོས་མཆོག་དམན་སུ་ཡིན་ནའང་རྩོམ་ཚུལ་ཡོད་དོ་ཅོག་བདེ་བླག་ཏུ་ཤེས་ཐུབ་པའི་ཁྱད་ཡོན་ཡོད་པ་ཞིག་རེད་ཤག །ཁོང་གི་གཤིས་སྤྱོད་དང་རྩོམ་རྩལ་འདི་དག་མཐོང་བ་ན་གནའ་དིང་གི་འགལ་བ་མང་པོ་ཞིག་ཡོད་རབས་སྒྲོག་པ་ནི་རང་ཉིད་བློ་གྲོས་ཀྱི་ནོར་ཅན་མིན་པ་ཤེས་ཡོང་གི་འདུག །དེས་ན་ཁོང་ནི་གནའ་དིང་འགལ་བའི་དོགས་སེལ་གྱི་མི་བུ་རླབས་པོ་ཆེ་ཞིག་ཏུ་ངོས་འཛིན་ཞུས་ནའང་མ་ཆོག་པ་མེད་པར་སེམས་སོ། །
ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དེབ་དེ་ཡིན་ཅིག་རག་ཐབས་བྱེད་ནས་ཀློག་གི་ཡིན་ཞུ།
དེབ་འདི་གང་ནས་རག
སྤྱིར་བོད་མིའི་ཁམས་དང་བསྟུན་ན་ར་མ་ལུག་ཟེར་བའི་དཔེ་ནི་ངན་པའི་དཔེ་རུ་འཇོག་ཅིང་དེ་འདྲའི་དོན་སྤྱི་ཤར། དཔེར་ན་ཆས་གོས། སྐད་སོགས་སྲ་བསྲེས་བྱས་ཏེ་ཁམས་གཙང་མེད་པ་ན་ར་མ་ལུག ཡ་མ་ཟུང་སོགས་དཔེར་བཀོད། དེས་ན་སྐབས་འདིའི་དོན་སྟེ། སྙན་ངག་གསར་རྙིང་གཉིས་ཀ་ནས་ལེགས་ཆ་བཏུས་ནས་ཡོད་པ་འདི་འདྲ་ལ་ར་མ་ལུག་ཟེར་བའི་དོད་བཟང་ཕྱོགས་ནས་དཔེ་ཞིག་འགོད་ན་གང་འདྲ་ཞིག་དགོས་སམ།
ངོ་མ་ར་མ་ལུག་ཞིག་ཡིན་ཁོ་ཐག་རེད།
ངས་ཀྱང་ལག་ཏུ་རེག་ན་ཐེངས་གཅིག་ལྟ་འདོད་ཡོད།
རྩོམ་འདི་ཧ་ཅང་ཡག་པོར་མཐོང་སོང་།
བོད་ནང་།
སྙན་པའི་ངག་གི་འཕྲེང་བར། །
མེ་ལོང་སྔོན་གྱི་སྙན་དངགས། །
རྗེས་ཀྱི་སྲོལ་རྒྱུན་སྙན་དངགས། །
གནའ་དིང་འདྲེས་མའི་སྙན་དངགས། །
སྙན་དངགས་སྣ་མང་ཡོད་ཆོག །
ཡང་སྙན་ངག་ཀྱང་ཕུང་གསུམ་པ་ཞིག་ཐོན་བཞག མ་མཐོང་བར་བཤད་རྒྱུ་གང་ཡང་མེད། འགའ་རེས་ཕུང་གསུམ་དགག་པའི་ཆོག་ཤེས་ལ་འགའ་རེས་སྒྲུབ་པའི་སྙན་ངག་དག་འདི་ཡ་ཆ།
ལྷ་རྩེའི་ཁུ་བྱུག་ནི་མི་ཤེས། ང་ཆེས་དགའ་ས་ནི་སྐྱིད་བྲག་དགའ་དབང་ཡིན།