འགར་ཚེ་རྒྱལ།
སྤྱིར་སྙན་ངག་ནི་མིའི་རིགས་ལ་བདོག་པའི་རིག་གནས་ཀྱི་སྣང་ཚུལ་བྱེ་བྲག་པ་ཞིག་ཡིན་ལ། མི་རིགས་སོ་སོའི་སྐད་བརྡ་ལ་བརྟེན་ནས་ཐ་སྙད་བཙོ་སྦྱངས་བྱས་པའི་བརྒྱུད་རིམ་ཁྲོད། སྙན་ངག་ནི་ཕྱི་ཚུལ་གྱིས་མི་རིགས་གང་དེའི་སྐད་ཆའི་སྒྱུ་རྩལ་ལམ་མཛེས་རྟོག་གིས་བཞེངས་པའི་ངག་གི་རོལ་དབྱངས་ཤིག་ཡིན་ཟེར་ན་མི་ཆོག་པ་མེད། དོན་དངོས་སུ་སྙན་ངག་ནི་གང་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན། དེ་ལ་སྙན་ངག་གི་གོ་རྟོགས་ཚད་ངེས་ཅན་ཞིག་ལ་སླེབས་ཤིང༌། སྙན་ངག་ལ་དགའ་མཁན་དང་སྙན་ངག་འབྲི་མཁན་གྱི་མི་དག་གིས་སྙན་ངག་ནི་རོལ་རྩེད་ཅིག་གི་ཚུལ་དུ་རང་ཉིད་ཀྱི་ཚོར་ཤེས་ཀྱིས་བཏེགས་ཏེ་བློས་བསླངས་བྱས་ཤིང༌། ད་གཟོད་སྙན་ངག་ནི་ཇི་འདྲ་ཞིག་ཡིན་པར་རང་རང་གི་འཛིན་སྟངས་ཀྱིས་སྙན་ངག་གི་དགོས་མཁོ་དང་ཆེ་བ་བརྗོད་ཅིང༌། སྙན་ངག་ལ་སོ་སོའི་འདོད་ལུགས་ལྟར་གྱི་སྒྲ་བཤད་དམ་མཚན་ཉིད་རེ་ཡང་བཞག་ཡོད།
དེ་ལ་ཁོ་ཚོ་ཁག་ཅིག་གིས་ཟེར་ན། སྙན་ངག་ནི་༼སྙན་ཞིང་ཡིད་དུ་འོང་བའི་ཚིག་སྦྱོར་ལ་ཟེར་༽ཞེས་དང༌། ༼སྙན་ངག་ནི་ཚོར་འདུ་དྲག་པོའང་རྟོག་འཆར་གྱི་ནུས་ཤུགས་དང་ལྡན་པའི་སྒྱུ་རྩལ་གྱི་མཚོན་སྟངས་ཤིག་ལ་ཟེར༽ཞེས་དང༌། ཡང་ན། སྙན་ངག་ནི་༼སྙན་ཞིང་འཇེབས་པའི་ངག་ལ་གོ།༽ ཞེས་དང༌། སྙན་ངག་ནི་༼རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་བརྗོད་བྱེད་ཀྱི་ཚིག་ལ་ཟེར་༽ཞེས་པ་སོགས་རང་བློས་མྱོང་གྲུབ་དང་དཔགས་ཚད་ལྟར་སྙན་ངག་ལ་ངོིས་བཏགས་ཀྱི་ཚད་གཞི་རེ་བཟུང་ཡོད་ལ། མ་ཟད་ནི་སྙན་ངག་ནི་རྩོམ་རིག་སྤྱི་ལ་མེད་དུ་མི་རུང་བའི་མཛེས་སྤྲོས་ཕྲ་རྒྱན་ལྟ་བུ་ཞིག་ཏུ་ངོས་བཟུང་སྟེ། སྔ་རབས་ཀྱི་སྙན་ངག་པ་ལ་ཤས་ཀྱིས་ཟེར་ན། སྙན་ངག་མེད་ན་མཁས་པ་རྣམས་ཀྱིས་གང་གསུངས་པ་ནེ་ཙོའི་ཀློག་དང་མཚུངས་ཟེར་བ་དང༌། སྙན་ངག་ནི་ས་སྟེང་གི་རིན་པོ་ཆེ་ཞིག་ཡིན་ཞིང༌། སྙན་ངག་དང་བྲལ་བའི་བསྟན་བཅོས་ནི་མཁས་པས་བརྩམས་པའི་བསྟན་བཅོས་ཀྱི་གྲས་སུ་མི་བརྩི་ཟེར་བ་སོགས་སྙན་ངག་གི་ཆེ་བ་མཐོ་ལ་བཏེགས་ཏེ་བརྗོད་ཡོད།
གལ་སྲིད་ཁྱོད་རང་སྙན་ངག་ལ་དུང་བ་ཡོད་མཁན་ཞིག་ཡིན་ན། མ་མཐའ་ཡང་སྙན་ངག་ལ་རྒྱུས་ལོན་དང་རོལ་མྱོང་བྱེད་མཁན་དག་གིས་སྙན་ངག་ལ་ཇི་ལྟར་ངོས་འཛིན་བྱེད་སྟངས་དང༌། གོ་བ་ལེན་སྟངས། ཆེ་བརྗོད་འགྲེལ་བ་སྐྱོན་ལུགས་བཅས་རང་ཉིད་སྙན་ངག་ལ་འཇུག་པའི་ཐབས་སམ་དགོས་མཁོ་གི་ཚུལ་དུ་སྔ་ས་ནས་བལྟ་ཀློག་ལ་ཞུགས་ཏེ་ངེས་ཤེས་ཐུབ་ཡོད་སྲིད་པས། འདིར་ཁོ་བོས་རེ་རེ་བཞིན་གསལ་ཐང་དུ་གླེང་བའི་དགོས་པ་མ་མཆིས།
དེང་གི་སྐབས་སྙན་ངག་འབྲི་མཁན་གྱི་མི་རབས་གསར་པའི་དཔུང་སྡེ་དུས་རབས་དང་བསྟུན་པའི་དྲ་ཐོག་རིག་གནས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་འཚར་ལོངས་བྱུང་དང་འབྱུང་གིན་འདུག་ལ། དེ་མཚུངས་ཀྱིས་སྙན་ངག་གསར་རྙིང་གཉིས་དྲ་ཐོག་ཏུ་ཚོང་རྫས་བཤམས་པ་ལྟར་གང་སར་བཀྲམས་ཏེ། དྲ་ཐོག་ནས་སྙན་ངག་འབྲི་མཁན་ཚོ་ནང་ཁུལ་ནས་གཅིག་གིས་གཅིག་ལ་ཁྱོད་ཀྱི་སྙན་ངག་ཡག་རབ་དང༌། ཁྱོད་ཀྱི་སྙན་ངག་ལ་བྲོ་བ་ཡོད་རབ། ཁྱོད་ཀྱི་སྙན་ངག་ལ་གོ་རྒྱུ་ཡོད་རབ་སོགས་ཕན་ཚུན་ལ་བསྟོད་བསྔགས་ཀྱིས་གནམ་ལ་མགྱོགས་རེས་དང༌། ཡང་ན་ཁྱོད་ཀྱིས་སྙན་ངག་འབྲི་ཤེས་ཀྱི་མི་འདུག ཁྱོད་ཀྱི་སྙན་ངག་སྙན་པོ་མི་འདུག ཁྱོད་ཀྱི་སྙན་ངག་ལ་བྲོ་བ་མེད་ཀི ཁྱོད་ཀྱི་སྙན་ངག་ལ་གོ་རྒྱུ་མི་འདུག་ཟེར་བ་སོགས་ཕན་ཚུན་ལ་གཟས་ནས་དམའ་འབེབས་འཕྱ་སྨོད་ཀྱིས་ས་ལ་བརྡབས་རེས་བྱས་ཏེ་ཡོད་ལ། དེ་དང་འདྲ་བར་སྤྱིར་བཏང་གི་ཀློག་པ་པོའི་ཚོའི་ཁྲོད་དུའང་བསྟོད་སྨད་བྱེད་ལུགས་དེ་འགོས་ནད་ལྟ་བུ་ཞིག་གི་ཚུལ་དེ་ག་རང་དུ་འཇགས་ནས་འདུག
དོན་དངོས་སུ་ཁོ་ཚོས་སྙན་ངག་ལ་རོལ་མྱོང་གིས་བྲོ་བ་དངོས་དེ་མྱངས་ནས་ཡག་སྡུག་གི་སྐད་ཆ་ཕྱོགས་ཞེན་དང་སྦ་གསང་མེད་པར་བཤད་པ་ཡིན་ནམ། ཡང་ན་སྙན་ངག་གང་ཞིག་ཁ་ཏོན་འདོན་པའམ་ཆོས་པོ་ཏི་བམ་ཀློག་བྱས་པ་ནང་བཞིན་ཀློག་ལ་ཞུགས་ཏེ་ཅི་ཡང་མྱོང་གྲུབ་མ་ཐུབ་ནའང༌། ཚོད་ཚོད་ལ་ཤེས་མདོག་གི་བཟོ་ཞིག་བསྟན་ཏེ་འགན་མ་འཁུར་བའི་སྐད་ཆ་ལྡོམ་པོ་དག་རང་སྣང་གང་ཤར་དུ་ཁ་ནས་བཤད་བཞག་པ་ཡིན། གང་ལྟར་སྣང་ཚུལ་དེ་ནི་དེང་གི་སྐབས་འདིར་དྲ་ཐོག་ནས་སྙན་ངག་ཐད་ཀྱི་བསམ་བློ་བརྗེ་རེས་བྱེད་སྟངས་ཟེར་ནའང་འདྲ། དྲ་ཐོག་ནས་སྙན་ངག་འབྲི་མཁན་དང་ཀློག་མཁན་ཚོ་ནང་ཁུལ་གྱི་སྐད་ཆ་བཤད་སྟངས་དང་དཔྱད་མཆན་འཇོག་སྟངས་ཤིག་རེད།
ཁོ་བོ་ཡང་ཀློག་མཁན་གཞན་དེ་ཚོ་ནང་བཞིན་དྲ་ངོས་གང་སར་ཉུལ་ནས་གཞན་གྱི་སྙན་ངག་དག་ཀློག་ལ་ཞུགས་ཀྱིན་ཡོད་ལ། ཀློག་ཞོར་དུ་ཀློག་པ་པོ་དག་གིས་ཟུར་གཤམ་དུ་བསྟར་བའི་དཔྱད་མཆན་དག་ལའང་མིག་བཤེར་རེ་བྱེད་ཀྱིན་ཡོད། ཁོ་བོའི་བསམ་ངོར་ཚིག་སྦྱོར་དང་བརྗོད་དོན་སོགས་ཕྱོགས་གང་ཐད་ནས་སྐྱོན་ཉེས་ཞན་ཆས་ཁྱབ་ཡོད་ཚུལ་དུ་སྣང་ལ་ངེས་པའི་སྙན་ངག་ཉི་ཚེ་བ་དག་གི་ཟུར་དུ། ཀློག་མཁན་གཞན་མང་པོ་ཞིག་གིས་རྒན་ཚུགས་ཤིག་བཟུང་ནས་སྙན་ངག་ཧ་ཅང་ཡག་རབ་དང་བཟང་རབ། བྲོ་བ་དམིགས་བསལ་བ་ཞིག་ཡོད་རབ་ཅེས་བསྟོད་བསྔགས་ཀྱིས་མཐོ་ལ་བཏེགས་ཏེ་འདུག ཅི་སྟེ་ཁོ་བོས་གཞན་གྱི་སྙན་ངག་ལ་རོལ་མྱོང་བྱེད་སྟངས་མ་ཤེས་པ་ཡིན་ནམ། ཡང་ན། ཀློག་པ་པོ་གཞན་དེ་དག་དང་སྙན་ངག་ལ་འཛིན་པའི་བསམ་བློའི་ལྟ་སྟངས་རྦད་དེ་ཁ་ཁ་ཡིན་ནམ།
ཁོ་ཚོ་དང་བསམ་བློའི་བར་གསེང་གི་འགལ་བ་དེའི་རྐྱེན་པས་ཁོ་བོས་ཀློག་མཁན་གང་དེར་རང་ཉིད་ཀྱིས་སྙན་ངག་ལ་རོལ་མྱོང་བྱེད་སྟངས་དང་འབྲེལ་བའི་སྐད་ཆ་འགའ་ཞིག་ནང་ཚགས་ཀྱིས་འདྲི་ན་འདོད། ཁྱོད་ནི་སྙན་ངག་འབྲི་མཁན་དང་ཀློག་མཁན་ཞིག་ཡིན་པའི་ངོས་ནས་གཞན་གྱིས་བྲིས་པའི་སྙན་ངག་ལ་གོ་བ་ཅི་ལྟར་ལེན་གྱི་ཡོད། རོལ་མྱོང་ཅི་ལྟར་བྱེད་ཀྱི་ཡོད། དོན་དམ་དུ་བཤད་ན་ཁྱོད་ཀྱིས་སྙན་ངག་གི་ཝུ་ཆང་འཐུང་སྟངས་དེ་ཅི་འདྲ་ཞིག་ཡིན་ཟེར་བ་ཡིན།
ཁྱོད་ཀྱིས་གཞན་གྱི་སྙན་ངག་བཀླགས་ཟིན་དུ་ལེགས་ཉེས་དང་ཡག་སྡུག་གི་སྐད་ཆ་ཅི་ཞིག་བཤད་ཡོད། སྐད་ཆ་དེ་ཕ་རོལ་དེའི་སྙན་ངག་བཀླགས་པ་ལས་ཚོར་རྟོགས་ཀྱི་སྐད་ཆ་གནས་ལུགས་ཅན་དག་གམ། ཡང་ན་འཆར་སྣང་གི་སྐད་ཆ་དམར་དམར་པོ་དེ་ཡིན་ནམ། ཁྱོད་ཀྱིས་སྙན་ངག་གང་དེ་མགོ་ནས་མཇུག་བར་ཞིབ་ཚགས་ཀྱིས་ཀློག་ལ་ཞུགས་ཤིང༌། རྗོད་བྱེད་ཚིག་གི་སྡེབ་སྦྱོར་དང་ཉམས་འགྱུར། བབ་ཆགས་པའི་ཚིག་རྒྱན་གྱི་སྙན་ཆ། བློ་ལ་འབབ་པའི་ཚིག་བརྗོད་ཀྱི་ཟིལ་ཤུགས། བསྟར་ལ་བརྒྱུས་པའི་ཚིག་ཕྲེང་སྔ་ཕྱིའི་གོ་རིམ་སོགས་ལ་ཞིབ་རྟོག་གིས་ངེས་ཤེས་ཁྱད་ཡོན་འཇལ་ཐུབ་ཡོད་དམ། མ་ཟད་འཚོ་བ་དང་ཁ་ཐག་ཉེ་ས་ན་བཞེངས་ཤིང་མི་སེམས་སྒུལ་བའི་སྐད་ཆའི་སྒྱུ་རྩལ་ཁྱད་འཕགས་དེ་རྟོགས་གཞིགས་ཐུབ་ཡོད་དམ། འདི་ནི་ཁོ་བོར་མཚོན་ན་སྙན་ངག་ཅིག་ཀློག་ལ་ཞུགས་པར་ཕྱིའི་གྲུབ་རིམ་ཕལ་བ་ཁག་ཅིག་ལ་རོལ་མྱོང་བྱེད་སྟངས་ཙམ་ཞིག་ཡིན།
དེ་མིན་ད་དུང་ཁྱོད་ཀྱིས་སྙན་ངག་དེའི་གཏིང་ལ་སྦས་པའི་གྲུབ་དོན་ངོ་མ་དེ་འཚོལ་རྙེད་ཐུབ་སོང་ངམ། སྤྱི་ཚོགས་ཀྱི་ངོ་གདོང་གང་ཞིག་ལ་ཐད་ཀར་གཟས་པའི་རྣོ་ངར་ཅན་གྱི་ཟུར་ཁ་དེ་མཐོང་སོང་ངམ། འདི་དག་ནི་སྙན་ངག་ཀློག་མཁན་ཞིག་ལ་མཚོན་ན་སྙན་ངག་གང་ཞིག་ཀློག་སྟེ་རོལ་མྱོང་བྱེད་པར་བློ་ཡིས་བདར་ཤ་གཅོད་སྟངས་ཤིག་ཡིན། གལ་སྲིད་རོལ་མྱོང་གི་བདར་ཤ་མ་བཅད་པར་ནེ་ཙོས་མ་ཎི་བགྲང་བ་ནང་བཞིན་ཀློག་ལ་ཞུགས་པ་ཙམ་གྱིས་ནི་སྙན་ངག་གང་དེར་ཁྱོད་ཀྱིས་རོལ་མྱོང་བྱེད་ཐུབ་མེད་ལ། ལེགས་ཉེས་ཀྱི་སྐད་ཆ་ཅི་ཞིག་བཤད་ཀྱང་དེ་ནི་བྱུང་རྒྱལ་ལམ་བབ་ཅོལ་དུ་སྨྲ་བའི་སྐད་ཆ་ལྡོམ་པོ་ཞིག་ལས་མ་འདས་སོ།།
གཞན་གྱི་སྙན་ངག་ཀློག་ལ་ཞུགས་མཁན་ཞིག་ཡིན་ཕྱིན་སྙན་ངག་རོལ་མྱོང་གི་བདར་ཤ་གཅོད་རྒྱུ་ནི་སྙན་ངག་ལ་ཡོད་པའི་བྲོ་བ་དངོས་ཏེ་ཉམས་སུ་མྱོང་བྱེད་ཅིག་ཡིན། སྐབས་རེ་ན་ཁྱོད་ཀྱིས་སྙན་ངག་གི་བཏགས་དོན་དབེན་པའི་ཚིག་བརྗོད་འགའ་རེའི་ཟུར་གཤམ་ན་བཟང་རབ་རྒྱན་རབ་ཀྱི་ཆོ་ལོ་མང་པོ་ཞིག་འཛུམ་གྱིས་ཕུལ་གྱིན་འདུག་ལ། སྐབས་ལན་རེར་ཁྱོད་ནི་སྤྲུལ་བ་གཞན་ཞིག་ཏུ་སྤྲུལ་ཏེ། སྙན་ངག་ཚད་ཐུབ་རེ་ལའང་གཟས་ནས་ས་ལ་བརྡབས་ཅི་ཐུབ་ཀྱིས་སྐད་ཆ་སྐྱུགས་བྲོ་བོ་དག་ངོ་གདོང་ནག་གོར་རེར་འཛེམ་དོགས་མེད་པར་གླེང་གིན་འདུག གཞན་དེའི་བྲིས་པའི་སྙན་ངག་ནི་སྒྱུ་རྩལ་གྱི་བྲོ་བ་ཁྱད་པར་བས་ཕྱུག་པའི་ཚད་ཐུབ་ཅིག་ཡིན་མིན་གང་ལྟར། ཁྱོད་ཀྱིས་སྙན་ངག་ལ་རོལ་མྱོང་བྱེད་པའི་བདར་ཤ་གཅོད་མ་ནུས་པ་དང༌། བདར་ཤ་གཅོད་ནུས་ཀྱང་ཕྱོགས་ཞེན་གྱི་ལྟ་བ་ཞིག་བཟུང་ནས་སྐད་ཆ་ལྡོག་སྟེ་བཤད་པ་ནི་ཚད་བརྒལ་གྱི་བྱ་སྤྱོད་ཐ་ཤལ་བ་ཞིག་ཡིན།
སྙན་ངག་གང་ཞིག་ལ་རོལ་མྱོང་གིས་ལེགས་ཉེས་ཀྱི་དཔྱད་བརྗོད་ནི་སྙན་ངག་དེའི་གྲུབ་དོན་གྱི་ངོ་བོ་ཁོ་ནར་གཞིགས་ཏེ་སྦ་གསང་མེད་པར་འཇོག་དགོས་པ་ལས། རང་ཉིད་དང་འབྲེལ་ཕྱོགས་ཀྱིས་སྙན་ངག་རྩོམ་མཁན་གང་དེའི་ངོ་སོ་འཚོས་ཏེ། ནམ་ཞར་བཟང་རབ་དང་ཡག་རབ་ཅེས་ངོ་བསྟོད་ཀྱི་སྐད་ཆ་རྐྱང་བཤད་པ་ནི། རང་གཞན་གཉིས་ཀ་འདེགས་མ་ཤེས་པར་མཐོ་ལ་བཏེགས་ཏེ་ས་ལ་བརྡབས་པའི་ཟློས་གར་འཁྲབ་སྟངས་ཤིག་གོ།
སྙན་དངགས་སྙན་ངག་ཟེར་ན་ཚིག་སྦྱོར་ཙམ། །
སྙན་དངགས་སྙན་ངག་ཟེར་ན་ཚིག་འཇེབས་ཙམ། །
སྙན་དངགས་སྙན་ངག་ཟེར་ན་ཚིག་འུར་ཙམ། །
སྙན་དངགས་སྙན་ངག་ཟེར་ན་ཚིག་རྒྱན་ཙམ། །
ཚིག་སྦྱོར་མེད་ན་མཛེས་མ་གཅེར་བུ་འདྲ། །
ཚིག་འཇེབས་མེད་ན་མཛེས་མ་ཁ་ལྐུགས་འདྲ། །
ཚིག་འུར་མེད་ན་མཛེས་མ་གླེན་པ་འདྲ། །
ཚིག་རྒྱན་མེད་ན་མཛེས་མ་རྒྱན་མེད་འདྲ། །
བརྗོད་བྱ་བཟང་ལྡན་ཚིག་སྦྱོར་ལེགས། །
རྗོད་བྱེད་སྙན་འཇེབས་རྣ་བར་སྙན། །
བརྗོད་དོན་དཔེ་སྦྱར་འུར་ཤོབས་ཆེ། །
ཤོད་ཚད་ཚིག་རྒྱན་སྙན་དངགས་ལགས། །
ཅི་ཡང་གོ་མ་སོང་བས་རྩོམ་འདིའི་རིགས་ལ་ཀློག་པ་པོ་རེག་དཀའ་རྒྱུ་རེད་གནམ་རྒན་མ།
ཁྱོད་ཀྱིས་གོ་བ་ཞིག་འབྲི་དགོས་ན་དེ་ལ་རྩོམ་ཡིག་གི་མིང་བཏགས་ཆོག་རྒྱུ་མ་རེད།ཀུ་རེ་ཡིན།མ་གོ་བ་དེར་གནད་དོན་ཞིག་ཡོད་ཀྱི་རེད།