ཁ་བ་མཚོ།
ཡང་བསྐྱར་གསོན་ན།
ཞང་ཡཱ་རེས་གཡུ་སྦྲ་དབྱངས་ཀྱིས་སྤུར་ཏེ།
རྗེ་བླ་མའི་བྱིན་རླབས་གླུ་ཡིས་ཞུས་ཏེ།
ཡུལ་ཕ་མའི་སྤྱན་ཟུང་འོད་དུ་འཚེར་བའི།
དྲིན་འཛུམ་དཀར་མེ་ཏོག་འདབ་བརྒྱ་དགོད་འདོད།
དེ་དུས་གོས་ཡག་ག་ཡོད་ན་ཕ་མར་བསྐོན་ཡོད།
ཟས་ཞིམ་པོ་ཡོད་ན་ཕ་མར་ཕུལ་ཡོད།
ཡང་བསྐྱར་གསོན་ན།
ལ་གཞས་སྙན་མོ་ཞིག་གིས་རི་ལུང་བཀངས་ནས།
གཡང་དཀར་ལུག་གི་རྫི་མོ་གྲོགས་ན་ཟླ་ཁ་ལྕེས་འདུལ་མཁན་ཞིག
འདོ་རིག་རྟ་ཕོའི་ཁ་གོར་དཀྱུས་ནས་རུ་སྐྱས་སྤོ་ཁ་ལོ་བསྒྱུར་མཁན་ཞིག
རིལ་མའི་ཆེ་ཆུང་དགར་ནས་བྱིས་པར་རྩེད་ཁང་བསྒྲིག་སྲིད།
དེ་དུས་འཚོ་བའི་སྙིང་བོ་བླངས་ཡོད་ངེས་ལ།
འཁོར་བའི་རྩེ་མོར་བསྙེག་ཡོད་ངེས།
ཡང་བསྐྱར་གསོན་ན།
མེ་ཏོག་དང་བརྩེ་བས་ཕྱི་ནང་ཟོས་པའི།
རྟ་ནོར་དང་བྱ་ཁྱུས་གནམ་ས་འགེངས་པའི།
དབྱངས་གསལ་གྱི་སྨྲ་ལྕེ་གཅིག་བུར་དབང་བའི།
བོད་ཀྱི་སྙན་ངག་ལག་ཆད་མ་ཞིག་འབྲི་སྲིད།
དེ་དུས་སྙན་ངག་མཚོན་ཆ་ཅན་་གྱི་མཁན་པོ་ཚོ།
སྨན་ཁང་གང་ཞིག་ན་ཡོད་ཨང་།
༢༠༢༡ /༠༧/༡༩ ཉིན།