འབའ་སྲས།
སྙན་ངག་སློབ་པའི་ལེའུ།
བཙིར་ནས་མིག་ཆུ་བཏོན་པ་ཡིས།།
སེམས་ཀྱི་སྐྱོ་བ་མཚོན་མིན་ལ།།
བཙིར་བའི་གདོང་གི་འཛུམ་རིས་ཀྱིས།།
བློ་ལྡན་སུ་ཞིག་འགུག་པར་ནུས།།
དེ་བཞིན་སྙན་ངག་མི་ཤེས་པས།།
ནན་གྱིས་བཙིར་ནས་བསྒྲིགས་པ་ཡི།།
ཚིག་གི་ཕྲེང་བར་མཁས་རྣམས་ཀྱིས།།
རྡོ་ཆག་བཙན་བསྒྲིགས་མིང་དུ་བསྙད།།
མང་དུ་ཐོས་པ་མ་བྱས་ཤིང་།།
ལེགས་པར་སྦྱོར་ལ་མ་བརྩོན་པར།།
རང་བཞིན་གྱིས་གྲུབ་ཁོ་ན་ཡིས།།
ས་སྟེང་གྲགས་པའི་སྙན་ངག་མེད།།
དེའི་ཕྱིར་མཁས་པའི་ངག་ལ་བསྟེན།།
ཕྱི་ནང་སྙན་ངག་གཞུང་ལ་སྦྱངས།།
ཕུལ་བྱུང་སྙན་ངག་གྱེར་ལ་བརྩོན།།
རང་གིས་འབྲི་བའི་ཐབས་ལ་འབད།།
ཚུལ་བཞིན་ལུང་ལ་མ་བསྟེན་ཅིང་།།
བཙུན་པའི་གཞུང་ལ་མ་སྦྱངས་པར།།
ང་རང་གྲུང་ཞེས་ཁེངས་པ་ཡིས།།
སྙན་ངག་རྒྱལ་བོ་གྱུར་བ་མེད།།
སྔོན་གྱི་མཁས་མཆོག་རྣམས་ཀྱིས་ཀྱང་།།
ཐོས་དང་འབད་པ་གཙོ་བོར་བྱེད།།
དེ་མིན་ལྷན་སྐྱེས་ཁེངས་པ་ཡིས།།
ཁྱིའི་རྔར་བཏགས་པའི་སྙན་ངག་བྱུང་།།
ཁེངས་པས་རི་བོ་གཡོལ་བྱེད་ཀྱང་།།
སྤྲིན་པས་ནམ་མཁའ་བསྒྲིབས་དང་མཚུངས།།
གསེར་རྡུལ་ཆུང་ལ་རེག་པ་ཡིས།།
ཆེན་པོ་འོད་ཀྱི་སྣང་བ་འཐོབ།།
རང་བཞིན་གྱིས་གྲུབ་སྤོབས་པ་ཆེ།།
ཕུན་སུམ་ཚོགས་པའི་རྒྱུ་བྱེད་ཀྱང་།།
ཀ་བ་རིང་བོར་བསླངས་པ་ཡིས།།
གཞལ་ཡས་ཁང་བཟང་ནམ་ཞིག་འགྲུབ།།
ཁ་ཅིག་རྣམ་པར་ཁེངས་པ་ཡིས།།
རང་གིས་བྲིས་པའི་ཁྭ་ཏའི་སྐད།།
ཚངས་པའི་དབྱངས་ལ་ཅོ་འདྲི་ཞེས།།
རྣམ་པར་རྒྱལ་བའི་རྒྱལ་མཚན་འཕྱར།།
ཡོན་ཏན་འདྲ་ཡང་རྣམ་རྟོག་དང་།།
ཚོར་བའི་ཤུགས་ཀྱིས་སྙན་ངག་ལ།།
ཟབ་དང་རྒྱས་པའི་ཁྱད་པར་ལུགས།།
ཡོད་ཀྱང་ཉམས་འགྱུར་གཏོང་མི་བྱེད།།
ཟབ་རྒྱས་གོ་སླ་རྟོགས་དཀའ་སོགས།།
སྙན་ངག་པ་ལ་ཅི་ཡང་རིགས།།
འོན་ཀྱང་རྒྱན་མེད་ཚིག་དག་ལ།།
སུས་ཀྱང་སྙན་ངག་འབོད་མི་བྱ།།
རྟོགས་དཀའི་སྙན་ངག་ཡིན་ནོ་ཞེས།།
གོ་དཀའ་བརྡ་རྙིང་སྤུངས་བྱས་ཏེ།།
རྒྱན་མེད་ཚིག་གྱོང་གཅེར་བུ་ལ།།
སྙན་ངག་འབོད་པ་རང་གིས་བཏགས།།
བརྗོད་བྱ་ཟབ་པས་རྟོགས་དཀའ་ཡང་།།
རྗོད་བྱེད་ཚིག་ལ་ཉམས་འགྱུར་དགོས།།
རྗོད་བྱེད་ཚིག་གི་ནུས་པ་ཡིས།།
རྟོགས་དཀའི་དོན་རྣམས་སླ་བར་འགྱུར།།
གང་ཞིག་སུས་ཀྱང་གོ་སླ་བ།།
སྙན་ངག་མིན་ཞེས་དམའ་མི་བྱ།།
གླུ་དང་ལ་གཞས་ཁ་མཚར་སོགས།།
སུས་ཀྱང་མ་གོ་འགྲེལ་བ་མེད།།
འོན་ཀྱང་གོ་བར་སླ་བ་ཡང་།།
ཡོད་དོ་ཅོག་ནི་སྙན་ངག་མིན།།
ཚིག་གི་སྒྱུ་རྩལ་མ་ཚང་བའི།།
གང་བྱུང་གཏམ་ཡང་སྙན་ངག་འགྱུར།།
སྙན་ངག་ཟེར་ན་བཅད་པ་མིན།།
ལྷུག་པ་དང་ནི་སྤེལ་མ་མིན།།
ཚིག་གཅིག་ལ་ཡང་ཉམས་ལྡན་ན།།
དེ་ནི་སྙན་ངག་མཆོག་ལ་ལྟ།།
དཔེ་གཟུགས་བཀོད་པ་བརྒྱ་བྱས་ཀྱང་།།
རྒྱན་མེད་པས་ན་གཅེར་བུ་སྟེ།།
གདོང་ལ་རི་མོ་བརྒྱ་བྲིས་ཀྱང་།།
རྒྱན་གོས་དོར་ན་ཤ་གཟུགས་ཙམ།།
དེང་རབས་བཅད་གསར་སྙན་ངག་ལ།།
དཔེ་གཟུགས་བཀོད་པ་ཉུང་ན་ཡང་།།
ཚིག་གི་ཉམས་ལ་མ་རྨོངས་པས།།
ཀུན་ཀྱང་དགའ་བའི་དང་བ་འདྲེན།།
སྙན་ངག་ཅེས་པ་དོན་རྐྱང་མིན།།
ཚིག་གི་སྦྱོར་བ་ཙམ་ཡང་མིན།།
ཚིག་དོན་གཉིས་ལ་ཉམས་ལྡན་ན།།
སྙན་ངག་མཆོག་ཅེས་ཀུན་གྱིས་བསྟོད།།
དེས་ན་ལྷན་སྐྱེས་རིག་བཟང་བ།།
ཁེངས་པ་མི་བྱ་ཚིག་དོན་གྱི།།
ཉམས་འགྱུར་བསླབ་བྱའི་གཞུང་ལུགས་ལ།།
ཅིས་ཀྱང་འབད་པའི་བརྩོན་པ་བསྐྱེད།
སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་ལས་སྙན་ངག་སློབ་པའི་ལེའུ་བསྟན་པ་དང་པོའོ།།
ལེའུ་དང་པོའི་ཁྱད་ཆོས་ངར་ཡོད་ཀི།
སྙན་ངག་ཡིན་འདོད་བསམ་པ་ངར་མེད་ཀི།
ཁ་ཚིག་བར་གི་གཏན་ཚིག་ཐ་མ་ཐོར།།
ཁྱེད་ལ་དགའ་བ་སྟེར་བའི་ངག་གླུ་ཡིན།
རྒད་པོ་རྒོད་པོའི་རྩིབ་ནས་གཏམ་སྦྱང་མྱོང་།།
ཨ་མ་དྲིན་མོའི་འགྱམ་ནས་སྒྲུང་སྦྱང་མྱོང་།།
དགེ་རྒན་དྲིན་ཆེན་ཞིག་ལ་བསྟེན་མ་མྱོང་།།
གཏམ་སྒྲུང་འདྲེས་མའི་བར་གི་ངག་གླུ་ཡིན།
སྙན་ངག་མི་ཤེས་ཤེས་རུང་འབྲི་མ་ཤེས།།
རྟགས་མཚུངས་བརྗོད་བདེ་འདྲེན་ཚུལ་ག་ལ་ཤེས།།
དག་ཆ་ཙམ་ཡང་སྐབས་རེར་བཙལ་མི་ཤེས།།
མི་ཤེས་གསུམ་གི་བདག་གོས་ངག་གླུ་ལེན།།
ཨ་ཁུས་ངའི་འདི་གོ་ཁ་རྩ་་འི་ཟེར།།
ཨ་མས་ང་ལ་ཡོན་ཏན་སྲལ་འི་ཟེར།།
གྲོགས་གོས་ལྟས་ངན་འདི་འདྲ་མ་འབྲི་ཟེར།།
དྲ་གྲོགས་ཁྱེད་ཚོས་ལྟོས་ན་ཆི་མོ་རེད།
བརྡ་རྙིང་གོ་བར་དཀའ་འོ་ཞེས། །
རང་དཔེ་གཞན་ལ་བཀབ་པ་སྟེ། །
ཀུན་གྱིས་གོ་བའི་ཚིག་ཅིག་དང་། །
ཀུན་གྱིས་མ་གོ་དེ་འདྲ་དབེན། །
འབྲི་ཀློག་མ་སྦྱངས་སྐྱེ་བོས་ནི། །
ཁྱོད་ཀྱིས་བྲིས་དེའང་མི་གོ་སྟེ། །
གང་ཞིག་ཤེས་རབ་མིག་ཅན་དག །
རྒྱུད་ཀྱང་བདེ་བླག་རྟོགས་པར་འགྱུར། །
རྒྱ་གར་ཤོད་ཚད་སྙན་དངགས་འདྲ། །
བོད་རྣམས་སྲོལ་རྒྱུན་སྙན་དངགས་དགའ། །
སྲོལ་རྒྱུན་སྙན་དངགས་སྦྱངས་དགོས་ཀྱང་། །
འབྲི་དུས་སྲོལ་མེད་རང་རྩོམ་དགོས། །
སྙན་གཞུང་མི་ཚེར་བསླབ་མྱོང་མེད། །
དབྱངས་ཅན་གྲོགས་སུ་འབོད་མྱོང་མེད། །
ཀ་ཁ་ཁ་ལྕེར་བྱང་བ་ལས། །
སྙན་ངག་དུང་དཀར་རང་གྲགས་རེད། །
རྒན་པོའི་ཁ་ལ་ཉན་མྱོང་མེད། །
དེབ་རྒན་ལག་ལ་ལེན་མྱོང་མེད། །
སྐད་ཡིག་གཙང་མ་ཤེས་པ་ལས། །
སྙན་ངག་འབྲི་རྒྱུ་སླ་མོ་རེད། །
རང་གི་སེམས་ཀྱི་ཚོར་སྣང་དེ། །
རང་སྐད་ཐོག་ལ་འབྲི་རྒྱུ་ཙམ། །
ཁ་དང་ལག་པ་མདའ་དགོས་ན། །
དེ་ལས་ངོ་ཚ་ཅི་ཞིག་ཡོད། །
ཁྱོད་རང་བུ་ལོ་ཁྱོད་ཀྱི་མིག་ལ་མཛེས།།
འོན་ཀྱང་གཞན་གྱི་མིག་ལ་དེ་ལྟ་མིན།།
རང་གཞན་གཉིས་ཀྱི་ལ་མཛེས་དགོས་ན།།
ཉི་ཟླ་འདྲ་བའི་དཀར་གསལ་འོད་ཅིག་དགོས།།
མེ་འབུ་སྒྲོན་མེ་ཙམ་ཞིག་སྦར་བ་ཡིས།།
ཉི་མའི་འོད་ཅེས་གཞན་ལ་སྒྲོགས་ན་ཡང་།།
གཞན་གྱི་མིག་དེ་ལོང་བ་མིན་པས་ན།།
འོད་ལྡན་རེད་ཅེས་སུས་ཀྱང་སྨྲ་མི་བྱ།།
རང་གཞན་གཉིས་ཀྱི་མིག་ལ་ཟེར་བ་ཡིན།
སྙན་གང་ཟེར་ན་ལྡགས་རྒྱུ་ཞིག་ཨེ་རེད།
ངག
རང་སྐད་ངག་ལ་བྱང་བའི་རིག་རྒོད་དག །
དན་ཌིའི་སྙན་གཞུང་སྦྱང་དགོས་ངེས་པ་མེད། །
ཀ་ཁ་མི་ཤེས་ལུག་རྫི་རྒན་པོ་འགའ། །
གླུ་དང་ཤག་འགྱེད་ངག་ལ་ཐོགས་པ་མེད། །
ཇི་སྲིད་ཁྱོད་ཀྱི་སྙན་ངག་ནི། །
མདང་དགོང་བལྟས་པའི་གློག་བརྙན་བཞིན། །
ཕྱི་ཕྱིར་སེམས་ནང་མ་ཟུག་བར། །
དེ་སྲིད་ཡང་དང་སྐྱར་དུ་ཕྲིས། །
ཇི་ལྟ་བ་ཡི་སྙན་ངག་དབྱིག
ཇི་སྙེད་ཤེས་བྱའི་གནས་ལ་འཇུག
ཇི་སྲིད་དཔོག་པར་དཀའ་ན་ཡང་།
ཇི་ཙམ་སྦྱང་འབྲས་སྒྱུ་རྩལ་མངོན། །
སྙན་ངག་པ་འབའ་སྲས་ལགས། འདི་འདྲ་ཞིག་བྲིས་ན་སྙན་ངག་གི་གྲལ་དུ་འགྲོ་བ་འདུག་གམ།
རང་བཞིན་དབེན་ཡང་སྟོང་པའི་ངང་ལས་ལྷག་པའི་ལྷ་ཡི་རྣམ་རོལ་མ།།
སྲིད་ལས་བྲལ་ཡང་འབྱུང་བཞིའི་ས་བོན་བྃ་ཡིག་ལས་འཁྲུངས་འཕགས་མཆོག་མ།།
ཆགས་པ་སྤངས་ཀྱང་ཆགས་པའི་ཉམས་ཀྱིས་སྐུ་ལུས་དམར་མདངས་ཤིན་དུ་རྒྱས།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་མཛེས།།
བྱམས་པས་བརླན་ཡང་ཡེ་ཤེས་མེ་ཡིས་ནག་པོའི་རྩ་ལག་བསྲེགས་མཛད་མ།།
སྡང་སེམས་མེད་ཀྱང་མ་རུང་དགྲ་ལ་ནས་འབྲུའི་མཆེ་བ་ཀུན་དུ་བརྩིགས།།
ཁྲོ་སེམས་དབེན་ཡང་ཁྲོ་གཉེར་སྨིན་མ་མཚམས་སུ་བསྡུས་པའི་ཁྲོ་མོ་ཁྱེད།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་མཛེས།།
སྤྲོས་བྲལ་ངེས་ཀྱང་ཁྱེད་ཀྱི་སྐུ་ལུས་རུས་པའི་རྒྱན་གྱིས་སྤྲོས་མཛད་མ།།
སྲེད་ལས་གྲོལ་ཡང་གཅེར་བུ་བཞེངས་ཏེ་སྲེད་བཅས་ཀུན་ལ་འདོད་ལམ་བསྟན།།
གནས་ཞེན་བྲལ་ཡང་དབུ་ནི་འཁྱོགས་ཏེ་མཁའ་སྤྱོད་ཞིང་ལ་རྒྱང་གཟིགས་མཛད།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་མཛེས།།
ཁམས་ཟས་སྤངས་ཀྱང་ཕྱག་གཡས་ཐོད་པ་ཁྲག་གི་བསྐངས་ཏེ་གསོལ་མཛད་མ།།
མཚན་མ་བྲལ་ཡང་ཁ་ཊཾ་གཱ་ཡི་ཕྱག་མཚན་གཡོན་གྱི་གྲུ་མོར་མནམས།།
རྗེས་ཆགས་དབེན་ཡང་ན་རོ་པ་སོགས་རྣལ་འབྱོར་པ་རྣམས་རྗེས་སུ་བཟུང།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་ཙམ།།
ཞི་ཉམས་ལྡན་ཡང་ཐོད་སྐམ་ལྔ་ཡི་དྲག་པོའི་དབུ་རྒྱན་འཆངས་མཛད་མ།།
འཚེ་བ་མེད་ཀྱང་ཚེ་སྲོག་བཅད་པའི་མི་མགོ་ལྔ་བཅུའི་དོ་ཤལ་ནི།།
མགུལ་རྒྱན་ཡིན་ཡང་ཕྲ་སྦོམ་བརླ་ཤའི་མཚམས་སུ་འཕྱངས་བའི་རྣལ་འབྱོར་མ།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་མཛེས།།
བདུད་དཔུང་ཟ་ཡང་ཞབས་གཡོན་བསྐུམས་པས་མ་ལུས་འགྲོ་བ་འདྲེན་མཛད་མ།།
ལས་འབྲས་མཁྱེན་ཡང་ཞབས་གཡས་བརྐྱངས་པས་ངན་སོང་སྒོ་ནི་ཀུན་དུ་འགོག།།
འགྲོ་ལ་བརྩེ་ཡང་འཇིག་རྟེན་པ་ཡི་དྲེགས་ཚོགས་བརྐྱང་བསྐུམ་ཞབས་ཀྱི་གདན།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་མཛེས།།
མ་བསྒྲུབས་ན་ཡང་མཆོག་མཐུན་དངོས་གྲུབ་བདེ་རླག་མྱུར་དུ་སྩོལ་མཛད་མ།།
མ་བསྒོམས་ན་ཡང་སྐལ་ལྡན་ཡིན་ན་ཐད་ཀར་མཁའ་སྤྱོད་ཞིང་ལ་འཁྲིད།།
མགྲོན་གཉེར་མིན་ཡང་སྒྲུབ་པ་པོ་རྣམས་བར་དོའི་འཕྲང་ན་བསུ་མཁས་ཁྱེད།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་ཙམ།།
ངེས་པ་མེད་ཀྱང་རྒྱ་བལ་བོད་གསུམ་གནས་ཆེན་ཉེར་བཞི་བཀོད་མཛད་མ།།
དབང་ཕྱུག་རློམས་ཡང་དཔའ་བོ་དཔའ་མོ་ཉེར་བཞིི་གནས་ཀྱི་བདག་པོར་གྱུར།།
ནང་བསྟན་ཉམས་ཀྱང་དུས་ཀྱི་མཐའ་འདིར་ཁྱེད་ཀྱི་བསྟན་པ་དེ་བས་རྒྱས།།
རབ་ཏུ་བྱུང་ཡང་རྣལ་འབྱོར་ང་ཡི་སེམས་ངོགས་ལྷ་མོ་ཁྱེད་ཉིད་མཛེས།།
འདི་སྙན་ངག་རེད་མིན་འདུག་སྟེ་གང་ཡང་མ་གོ་བའི་ཕྱིར་རོ།།
མཁའ་སྤྱོད་མ།
གཅེར་བུས་ཚུལ་ཁྲིམས་སྲུང་ལ་ཕན། །
མི་མགོས་ཞེ་སྡང་གནོན་ལ་ཕན། །
མཁར་གཟིགས་གཏི་མུག་བཅོམ་ལ་ཕན། །
ཕན་གསུམ་མ་ཡིས་ཕན་གྲོགས་མཛོད། །
ལོག་སྨྲ་ཚར་གཅོད་ལགས།
ཕུལ་དུ་བྱུང་བའི་སྙན་ངག་ཅིག་མིན་ན་ཡང་རབ་ཀྱི་གྲལ་དུ་གཏོགས་པར་འདོད།
སེམས་ངོགས་ཟེར་ན་གོ་མི་འདུག་གོ། ལོག་སྨྲ་བཤད་ཀི་ཡོད་ན་མི་ཤེས་སོ། ངོགས་དང་སེམས་གཉིས་སྦྱོར་བའི་ཚིག་དོན་ཞིག་ཡོད་ན་གོ་མེད་གླང་ཕྲུག་ང་ལ་ཕན་པ་ཡོད་ས་རེད།
སེམས་ངོགས་ཟེར་ན། འཆར་བདེ་བའི་བདེ་བའི་སེམས་ཀྱི་སྣང་ངོར་ལ་གོ་དགོས། དཔེར་ན། བགྲོད་སླ་སའི་གཙང་པོ་ལ་ཆུ་ངོགས་དང་། བགྲོད་སླ་བའི་ཐར་ལམ་བསྟན་པའི་སྟོན་པ་ལ་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་བརྗོད་སྲོལ་ཡོད་པ་ལྟར་རེད། མ་གོ་ན་ཐོས་པའི་སྒྲོན་མེ་གསུང་རབས་ཀུན་དུ་སྦོར་ཤིགས།
སེམས་ལ་འཆར་བདེ་བའི་ཆེད་དུ་ཡིན་ན་འཆར་ངོགས་མི་བརྫོ་བ་གང་ཡིན།
སེམས་ཟེར་བ་འདི་མིང་ཚིག་རེད།
འཇུག་ཟེར་བ་འདི་བྱ་ཚིག་རེད།
སེམས་ངོགས་དང་འཇུག་ངོགས་གཉིས་རིགས་སྒྲེ་སར་མི་འགྲོ་བ་རེད། ཨ་མགོ་འཐོམ།
ཆུ་ངོགས་ནི་ཆུ་འགྲམ་ཙམ་ལས་ཆུ་བོ་དེ་ལ་བགྲོད་བདེ་དང་མི་བདེ་མི་སྟོན་ནོ། ཨ་རིག་ཡག་ཨ་མའི་བུ།