འབའ་སྲས།
རྗོད་བྱེད་ཚིག་ལ་ཉམས་ལྡན་རྗེས་ཁྲིད་ཉུང་།།
གང་ཞིག་བརྗོད་པའི་དོན་ལ་མཚོན་བྱ་མང་།།
ཚིག་དོན་མི་འགལ་འབྲེལ་ཆགས་གཅིག་ཏུ་བསྒྲུབས།།
དཔྱད་ན་གོ་སླ་སྙན་ངག་ལྷོད་ཀྱིས་བཞུར།།
དབྱངས་ཀྱི་འདེག་འཇོག་དོན་དང་མཚམས་པོར་སྦྱར།།
ཁྲོ་དང་ཞི་བའི་སྒྲ་ཡང་དོན་ལ་ལྟ།།
དྲག་རྩུབ་ཉམས་ཀྱང་གཙོ་བོ་དོན་དང་བསྟུན།།
དོན་མཐུན་ཚིག་སྤྲས་སྙན་ངག་ལྷོད་ཀྱིས་བཞུར།།
སྤྲོ་ཞིང་དགའ་བའི་བརྗོད་དོན་གང་ཞིག་ལ།།
མི་སྡུག་ཉམས་དང་དྲག་ཤུལ་དཔའ་བ་ཡི།།
ཚིག་གིས་སྤྲས་མིན་རྨད་བྱུང་སྒེག་པ་ཡི།།
རྒྱན་གྱིས་བརྒྱན་པ་སྙན་ངག་ལྷོད་ཀྱིས་བཞུར།།
དེ་བཞིན་མྱ་ངན་ལ་ནི་སྙིང་རྗེ་དང་།།
འཇིགས་རུང་དྲག་ཤུལ་བརྗོད་དོན་རྩུབ་པ་ལ།།
དྲག་པའི་ཚིག་དང་དཔའ་བའི་ཉམས་ཀྱིས་སྤྲས།།
གང་ལ་དེ་མཐུན་སྙན་ངག་ལྷོད་ཀྱིས་བཞུར།།
མི་སྣ་མང་ཚོགས་བརྗོད་བྱ་བརྩེ་དུང་ལ།།
མངོན་བརྗོད་བརྡ་རྙིང་ཚིག་གིས་མ་བཅིངས་པར།།
ཁ་གསལ་ཚིག་འཇམ་ཉམས་ཀྱིས་སྤེལ་བས་ན།།
སུས་ཀྱང་གོ་ལྷ་སྙན་ངག་ལྷོད་ཀྱིས་བཞུར།།
འོན་ཀྱང་མཁས་པར་སྤྲིངས་པའི་འཕྲིན་ཡིག་དང་།།
དཔྱད་གཏམ་བཅད་ལྷུག་སྤེལ་བའི་སྙན་ངག་ལ།།
ཚད་མཐོའི་ཚིག་དང་ཉམས་ཀྱིས་ཆེ་ཆེར་སྤེལ།།
ཡུལ་ལ་བལྟས་ཏེ་སྙན་ངག་ལྷོད་ཀྱིས་བཞུར།།
བརྗོད་བྱར་བལྟས་ཏེ་དཀའ་སླའི་ཚིག་དག་སྦྱོར།།
ཚིག་ལ་བལྟས་ཏེ་ཅི་འོས་ཡི་གེ་འབྲི།།
ཆུ་དང་འོ་མ་ལྟ་བུའི་ཚིག་དོན་གཉིས།།
འབྲེལ་ཆགས་གནས་པ་སྙན་ངག་ལྷོད་ཀྱིས་བཞུར།།
ལྕེ་གནས་གོ་རིམ་གློ་བུར་མི་འཁྱོལ་ཞིང་།།
བརྗོད་བྱ་འབྲེལ་མེད་བཙན་གྱིས་མི་བསྡུས་པ།།
སྒྲ་དོན་གོ་རིམ་ཉམས་ཀྱིས་ཕྲེང་དུ་བསྒྲིགས།།
ཀློག་བདེ་ཡིད་འགུག་སྙན་ངག་ལྷོད་ཀྱིས་བཞུར།།
རྩུབ་པ་ཉིད་དུ་བསྐོར་བའི་སྒྲ་སྤངས་ཤིང་།།
ལྕི་བ་ཡང་ཡང་རྗེས་སུ་ཁྲིད་མིན་པ།།
འཇམ་དང་ཡང་བ་དག་ཀྱང་དེ་བཞིན་དུ།།
གཅིག་ཏུ་སྤུངས་མིན་སྙན་ངག་ལྷོད་ཀྱིས་བཞུར།།
འདྲ་མཚུངས་ཚིག་ཚོགས་མང་བོས་བརྗོན་དོན་གཅིག།།
བསྐྱར་བཤད་ར་བཟི་ཁ་ཡི་གཏམ་སྤངས་ཏེ།།
ཚིག་གཅིག་ནུས་པས་དོན་མང་གསལ་བྱེད་པ།།
བརྗོད་དོན་གསལ་བའི་སྙན་ངག་ལྷོད་ཀྱིས་བཞུར།།
རང་གི་མིག་གིས་རང་གི་སྐེད་པ་དག །
མ་མཐོང་མེ་ལོང་ངོས་སུ་ལྟ་བ་བཞིན།།
ཐད་ཀར་བསྟན་མིན་ཟུར་དང་ཕྲ་མོ་ཡིས།།
ཟབ་དོན་གསལ་བྱེད་སྙན་ངག་ལྷོད་ཀྱིས་བཞུར།།
རྒད་པོ་འཁར་རྒྱུག་ཅན་གྱི་གོམ་འགྲོས་ལྟར།།
ཚིག་གྱོང་གོམ་པ་འཁྱོར་བར་མི་བྱ་བར།།
སྒེག་ལྡན་མཛེས་མ་གཡོན་འགྲོ་བྱེད་པ་བཞིན།།
ཚིག་འགྲོས་ལྡན་པ་སྙན་ངག་ལྷོད་ཀྱིས་བཞུར།།
ངག་ལ་སྐྱོན་ཅན་དག་གིས་ལན་བརྒྱ་རུ།།
བཤད་ཀྱང་ལག་བརྡ་མ་བྱས་མི་ཤེས་པ།།
དེ་ལྟར་མ་ཡིན་ཚིག་གིས་བསྟན་དོན་གང་།།
གསལ་ཞིང་གསལ་བ་སྙན་ངག་ལྷོད་ཀྱིས་བཞུར།།
གོས་མེད་གཅེར་བུས་གཟུགས་བྱད་བསྟན་པ་ན།།
མི་ཡི་རོ་དང་ལོགས་སུ་མེད་པ་སྟེ།།
མིའི་གཟུགས་འདྲེ་དང་རྒྱན་གོས་ལྷ་ཡིན་ལྟར།།
དོན་ལ་རྒྱན་སྤྲས་སྙན་ངག་ལྷོད་ཀྱིས་བཞུར།།
མདོར་ན་དོན་ལ་ཅི་འོས་མིང་རྣམས་སྤྱོད།།
ཚིག་དང་ཡི་གེ་ལྕི་ཡང་མཉམ་པར་སྦྱོར།།
གཅོད་མཚམས་གནས་གཅིག་ལ་ནི་ངེས་པར་བྱེད།།
ཚིག་དོན་ཉམས་ལྡན་སྙན་ངག་ལྷོད་ཀྱིས་བཞུར།།
སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་ལས་ལྷོད་ཀྱིས་བཞུར་བའི་སྙན་ངག་བསྟན་པའི་ལེའུ་སྟེ་གཉིས་པའོ།།
སྙན་ངག་སྨྲ་བ་གང་གི་གསུངས་ལུགས་ལས། །
ད་བར་དུ་ཡང་ཁོ་བས་བྲིས་བྲིས་ཀུན། །
སྙན་ངག་མིན་པར་ཐག་གིས་ཆོད་སོང་བས། །
དེ་རིང་ནས་བཟུང་སྨྱུ་གུ་གཡུག་ན་འདོད། །
ཅི་ཞིག་ཡིན་སྙམ་འདོད་པའི་ང་རྒྱལ་གྱིས། །
ཟིན་བྲིས་ཁ་བརྡ་སོགས་ལ་འཛུལ་བྱས་ཏེ། །
སྙན་ངག་དགའ་ཞིག་ཡིན་སྙམ་བྲིས་བྲིས་ཀུན། །
དོན་ལ་སྙན་ངག་མིན་ཟིག་ལས་ངན་པོ། །
ཁ་སྒང་ཁ་ནས་ལྷོད་བབས་སྙན་ངག་གཞུང་།
ཁ་བརྡའི་རི་བོ་བརྒྱུད་ནས་དལ་འགྲོ་བ།
ཁ་ཅིག་བཙིར་བས་རྩོམ་ལྭའི་དྲི་མ་ཀུན།
ཁ་བ་ལྟར་དཀར་བཀྲུ་ལ་མངོན་པར་བསྟོད། །
ཁ་སྒང་ཁ་ནས་ལྷོད་བབས་སྙན་ངག་གཞུང་།
ཁ་བརྡའི་རི་བོ་བརྒྱུད་ནས་དལ་འགྲོ་བ།
ཁ་ཅིག་བཙིར་རྩོམ་ལྭ་བའིདྲི་མ་ནག
ཁ་བ་ལྟར་དཀར་བཀྲུ་ལ་མངོན་པར་བསྟོད། །
སྙན་ངག་བཞུར་བ་མེད་རུང་མཚོ་མོ་བསྐྱིལ་ནས་ཡོད།
ཚྭ་མཚོ་འཐུང་ལ་སྐོམ་པའི་སེམས་ཅན་ཇེ་མང་ཡིན།
བཞུར་ཆུ་སྐམ་རུང་མཚོ་མོ་སྐྱོམ་བཞིན་མཁའ་ལ་འཕྱོ།།
སྙན་ངག་རྒྱ་མཚོ་འདྲ་བོའི་གཏིང་མཐའ་དཔོག་པ་མིན།
རྒྱ་གར་སྐད་ལ་ལྕི་ཡང་མང་། །
བོད་ཀྱི་ལྕི་ཡང་གང་གིས་འབྱེད། །
ཚིག་གྱོང་གོམ་པ་འཁྱོར་སྟངས་དང་། །
སྒེག་ལྡན་མཛེས་མ་གཡོན་འགྲོ་ཅི། །
སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་ལས། །
ལྷོད་ཀྱིས་བཞུར་བའི་ལེའུ་ཡི་འོག །
གསུམ་པ་མ་བཀོད་གོང་རོལ་དུ། །
འབའ་སྲས་གཉིས་པའི་ལན་ཅིག་ཐོབ། །
བོད་ཀྱི་ལྕི་ཡང་སྒྲ་རྩོད་དྲག་ཞན་གཉིས།།
གཅོད་མཚམས་མ་ངེས་ཚིག་གྱོང་གོམ་འགྲོས་འཁྱོར།།
ཀློག་བདེ་ཡི་གེ་ཕྲེང་བ་གཡོན་འགྲོ་མའི།།
འགྲོས་ལ་དཔེར་བཀོད་ཡིན་ནོ་གཉེར་ཕྱག་པ།།
སྐོམ་པས་ཚྭ་ཅན་རྒྱ་མཚོ་འཐུང་བ་དང་།།
ལྟོགས་པས་ལ་ཕུག་མ་ཚོས་ཟས་སུ་སྤྱོད།།
མིག་སེར་ནད་ལ་མར་ཁུ་སྨན་དུ་བསྟེན།།
ལྷ་རྗེ་སུས་ཀྱང་མ་གསུངས་གནམ་རྒན་མ།།
སྙན་ཚིག་སྙན་མོའི་འགྲོ་སྟངས་ངའི་མི་ཤེས།།
ཚིག་སྦྱོར་ཚིག་རྒྱན་བཀོད་སྟངས་ངའི་མི་ཤེས།།
འོན་ཀྱང་ཁྱེད་ཀྱི་སྙན་རྩོམ་སྙན་དྲག་པས།།
ལག་སོར་རྩེ་ནས་མཆན་འདི་ངང་གིས་ཤོར།།
ལན་འདེབས་ལ།
མིང་གཞི་ཕོ་ལྕི་མོ་ཡང་གཉིས། །
མཚམས་ནོར་ཚིག་གྱོང་གོམ་འཁྱོར་བ། །
ཀློག་བདེ་ཡིག་ཕྲེང་གཡོན་འགྲོའི་གསུང་། །
བཀའ་དྲིན་ཆེ་འོ་འབའ་སྲས་ལགས། །
བཀའ་དྲིན་ཆེ།
དགེ་བསམ་ཡིན་ན་གཉང་འདྲེ་བོ། ངའི་མི་ཤེས། འདི་མོ་ཟིག་ཁྱོས་སུའི་ཁ་ནས་གོ་སོང་། ངས་མི་ཤེས་ཟེར་དགོས་ནི་རེད། བྱེད་སྒྲ་རེད། འབྲེལ་སྒྲ་མ་རེད། བྱེད་འབྲེལ་དང་ལ་དོན་འཁྲུག་པ་ཡིན་ན། དེ་ནས་གོ་བ་ཡོད་ཚད་ཆ་ཁ་ཡ་རྡིབ་ཞིག་ལ་ཤོར་འགྲོ་བ་མ་ཤེས་སམ།
ཞོ་ལ་ཁ་ཚ་སྤགས་པ་དང་།།
ཚྭ་སྐྱུར་ཁུ་བ་འཐུང་བ་དང་།།
མོ་ཆས་ཕོ་ལ་གཡོག་པ་སོགས།།
ལྷ་རྗེ་དགོངས་བས་མ་ཁེབས་སའི།།
དེང་སང་ནངས་ཁའི་སྒྱུ་རྩལ་རིགས།།
མ་རིག་མ་མཐོང་མང་དག་འདི།
ཁེ་ལེན་མི་བྱེད་རང་བྱེད་རེད།
མ་ཤེས་སྐྱོན་གྱི་འདི་ལྟར་ལྷག།
ཤེས་ན་འདི་ལྟར་ག་ལ་འདུག།
མཁས་ནས་མཆན་ཏེ་བཏབ་པ་མིན།
།སྙན་མོ་ཚོར་ནས་དབང་མེད་ཤོར།།
འདི་ལྟར་བརྗོད་པ་ཐུགས་རྗེ་ཆེ།།
ཁྱེད་ཀྱི་གཉང་འདྲེ་ཟེར་བ་དེའི།།
དོན་ནི་མ་གཏོགས་འབྲེལ་བརྗོད་ཅིག།
གཉང་འདྲེ།
སྣ་ཆམ། གཉང་ཆམ། ཨོ་རེད། གཉང་ཆམ་ཕོག་པ་ཡིན་ན་གཉང་སྐྱག་ལ་ཚགས་ཡ་ཞིག་ཡོད་པ་མ་རེད། དེ་ཕོག་ཡ་ལ་ཁྱོའི་མྱིག་ལ་འདྲེ་ཞིག་འཛུལ་དགོས་ནི་རེད། འདྲེ་དེའི་མིང་ལ་གཉང་འདྲེ་ཟེར་བ་དེ་རེད། མྱི་ཞིག་ལ་གཉང་འདྲེ་ལབ་ན། དེ་ནི་མི་དེས་ཁ་ནས་སྐད་ཆ་གཉང་བ་ཤོར་ཤོར་བྱེད་པ་ལ་ཟེར་ཀི་ཡོད་བ་འདྲ། ཤ་ཉེ་དགེ་བསམ་ཁྱོ་སྤོ་མ་ཁོལ།