(ཀླུ་སྨྱོན་འགྲན་རྩོམ།)
ཆུ་ཐིགས་སྔོན་མོ།
གནོད་སྦྱིན་བཀའ་ཡི་འཐོར་རླུང་དྲག་པོས་ལང་ཚོའི་འདབ་མ་ལྷོ་རུ་དེད།།
འདོད་ལྷའི་ཉག་ཕྲན་ལུས་ལ་ཕོག་པས་ཟུག་རྔུའི་གདུང་བ་སྙིང་ལ་འཕོས།།
རཱ་མའི་རི་བོར་རྒྱུ་བའི་སྤྲིན་ཕུང་དགའ་མའི་ལང་ཚོར་རབ་འཁྲུལ་ནས།།
བསིལ་འཇམ་ཆབ་ཀྱི་ཟེགས་མ་རེ་ཡང་བདེ་བ་སྟེར་བའི་བྱེད་པོར་བསྟེན།།
ལྷོ་རོང་དབེན་བའི་རི་སུལ་བསྙེགས་ནས་དྲི་བཞོན་བུ་མོ་གྲོགས་སུ་བསྟེན།།
གྱེས་བྲལ་གདུང་བའི་སྨྲེ་སྔགས་ཕྲེང་ཚོགས་སྤྲིན་ཕུང་སྐྱོད་པའི་ཀླུང་དུ་གཏོར།།
མཁའ་ཡི་རྡུལ་ཚོགས་འབར་བའི་ལང་ཚོ་མཐོ་རིས་ཐེམ་སྐས་ལ་འཛེགས་ཀྱང་།།
ཆུ་ཁུར་བུ་མོ་དུབ་པའི་ཉམས་ཀྱིས་ཟུར་མིག་གློག་ཐག་ས་ལ་ལྷུང་།།
ལི་ཁྲིའི་རྡུལ་ཕུང་མཁའ་ལ་འཐོར་བ་འཆར་ཀའི་ཉི་གཞོན་འབར་བའི་གཟིས།།
འཁྱུད་པའི་ལྷོ་རོང་ནགས་ཀྱི་བས་མཐའ་མྱ་ངམ་བྱེ་བའི་གནས་སུ་བཏང་།།
འདི་ལྟར་གདུང་བས་ལུས་ཁམས་གཟིར་བ་ཉམ་ཆུང་ལུས་དབྱིབས་འདི་མཐོང་བས།།
རི་སྐྱེས་དག་ཀྱང་སྐྱོ་བའི་ཉམས་ཀྱིས་མིག་ཟུང་ཁོ་བོའི་ཕྱོགས་སུ་སྤྲོས།།
ཆར་སྤྲིན་སྟུག་པོས་ལྷོ་རོང་གཏིབས་པས་ཉི་ཟླའི་འགྲོས་ཀྱང་དལ་བུར་གྱུར།།
དྲན་པས་མ་བཟོད་གང་གི་ལང་ཚོ་རྡོ་ལ་ཚོན་གྱིས་རི་མོར་ཕབ།།
མཛའ་བ་བྲལ་བའི་ལང་ཚོའི་གཟུགས་རིས་དྲན་གདུང་མཆི་མའི་རྒྱུན་གྱིས་བྱབས།།
ཟད་མཐའ་བྲལ་བའི་ཉིན་ཞག་ཕྲེང་བས་བདག་ལ་མྱ་ངན་བྱིན་འདི་ཅི།།
ཀུན་རྟོག་རླུང་གིས་གཡོས་པའི་ལུས་ཁམས་གྱེས་གདུང་ཁུར་གྱིས་ཡོངས་མནན་པས།།
ལུས་ཀྱང་དྲང་པོར་འཛིན་ལ་ངལ་བས་མལ་སྟན་སྙིང་གི་མཛའ་བོར་བསྡེབས།།
ཟླ་ཞག་ཕྲེང་བ་སོར་མོར་བཀོད་པ་ན་ཆུང་མེ་ཏོག་ཕྲེང་བ་ཅན།།
སྐྱོ་བ་སངས་ཕྱིར་མཛའ་བའི་གཏམ་དག་སྤྲིན་དཀར་ཕང་བར་ཚོམ་བུར་སྤུངས།།
གངྒཱའི་ཡབ་སོགས་རི་བོ་དག་དང་འཇིགས་པའི་འཕྲང་རིང་བགྲོད་པའི་ཐབས།།
ཡུལ་དང་གནས་ཀྱི་བཀོད་པ་དག་དང་ཁྱིམ་དང་དགའ་མའི་ལང་ཚོའི་དཔལ།།
མཛའ་གཅུགས་དུང་བ་མངོན་དུ་མཚོན་ཕྱིར་མཛའ་བའི་གཏམ་དག་སྨྲ་བའི་ཚུལ།།
ཡོངས་སུ་ཁུར་ནས་སྤྲིན་དཀར་ཕོ་ཉ་དལ་བུའི་འགྲོས་ཀྱིས་མཁའ་ལམ་བསྙེགས།།
ཁ་བའི་རིན་ཕྲན་ཚར་དུ་དངར་བ་བདེ་བར་བགྲོད་པའི་ཐེམ་སྐས་བྱས།།
བྷྲི་གུའི་བདག་པོའི་མདའ་ལམ་དོག་པོ་གོམ་སྟབས་འཁྱོག་པོའི་འགྲོས་ཀྱིས་བསྐོར།།
བྱང་མཐའི་བཤུལ་ལམ་རིང་པོར་བགྲོད་པའི་རྟོག་བཏགས་མཁའ་ཡི་གླང་པོའི་འགྲོས།།
འཕྲོག་བྱེད་གཙུག་གི་ཟླ་བར་ཕབ་པས་ཨུ་མའང་ཕྲག་དོག་གནས་སུ་བཀོད།།
རྗེ་བོའི་བཀའ་ལུང་དུས་ཀྱིས་ཟོས་ནས་སྟོན་མཚན་སྣང་བ་གསལ་བའི་དཔལ།།
ཕྱོགས་སུ་སྤྲོས་པ་དུས་ཀྱི་དགའ་སྟོན་མངོན་པར་སྤྱོད་ལ་ཁོ་བོ་རིངས།།
དེ་ལྟར་གནའ་བོའི་རྫིང་ལས་འཁྲུངས་པའི་ངོ་མཚར་གཏམ་གྱི་འདབ་མ་ལས།།
ལེགས་འོངས་སྙན་འཇེབས་ཚིག་གི་སྤྲང་ཆང་མངོན་པར་བཏུང་བའི་དཔལ་དུ་འཁྱིལ།།
ཚིག་དང་ཚིག་གི་ཕ་རོལ་ཞིག་ན་ཤིན་ཏུ་ཡིབས་པའི་ཡུ་མོ་ཞིག།
མདའ་མདུང་མིན་པའི་མཚོན་ཆ་ཞིག་གིས་ཡུ་མོ་གསོད་པར་འདོད་ན་ཡང་།།
ཡེ་ནས་ཞུམ་པའི་ཡ་ཁོག་སྙིང་གིས་འདར་སིག་ཡང་ཡང་བྱས་པའི་དུས།།
ཅི་ཡང་མེད་པའི་མི་མངོན་མདུད་པས་དམ་དུ་བཅིངས་པ་ཡ་རེ་ང་།།
ཧཧཧཧཧཧཧ་་་ཀུ་རེ་ཡིན་་་ངོ་མ་ནག་མོ་ཁོལ་ལ་འགྲན་དུ་ཆས་འདུག་ཡ།
མུ་མཐུད་ཡིན་ད་་་་
སྙན་ངག་ཟེར་པ་བྲིས་འདུག་ངོ་མ་སྲོལ་རྒྱུན་སྙན་ངག་གི་གཟི་བརྗིད་ངོམ་འདུག་ཡ།
སྙན་ངག་པ་རེད་་་་ཚིག་དོན་གང་གི་ཆ་ལ་བཤད་པ་ཞིག་མི་འདུག་་་་རེ་བ་ཆེན་པོ་འདུག་་་་
དྲ་གྲོགས་རྣམ་པ་ཕེབས་ནས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ།་
དབྱངས་ཅན་བུ་མོ་མགྲིན་པའི་འོ་མཚོར་གར་དུ་རོལ་བའི་བརྡ་རྟགས་སུ། །
སུ་དང་གང་གིས་འགྲན་དུ་མེད་པའི་སྔོན་གྱི་སྲོལ་རྒྱུན་སྙན་ངག་རྩོམ། །
རྩོམ་ཡིག་བྱ་དགའི་འགྲན་རྩོད་ཚལ་དུ་སླར་ཡང་འཁྲུངས་པའི་དགའ་བ་འབུམ། །
འབུམ་ཕྲག་རི་བས་ཁུག་ཏུ་དཀའ་བའི་བྱེད་པོ་གང་ལ་རྟེན་འབྲེལ་ཞུ། །
འདི་ལྟའི་སྲོལ་རྒྱུན་སྙན་ངག་ཅིག་ནི་ད་སྔ་དྲ་འདིར་སླེབས་མ་བྱུང་།།
འདི་ལྟའི་སྙན་འཇེབས་ཚིག་གིས་སྤྲོས་པའི་དོན་ལྡན་སྙན་ངག་གང་དུ་མཆིས།།
འདི་ལ་རྩོམ་གྱི་བྱ་དགའ་མེད་ན་སུ་ལ་རྩོམ་གྱི་བྱ་དགའ་སྟེར།།
དྲང་བདེན་ལམ་ནས་བཟང་ངན་དབྱེ་བ་མ་ནོར་ལེགས་པར་འདེམས་ལ་འབོད།།
དྲ་གྲོགས་ཚོ་ཕཻབས་ནས་བསྟོད་བསྔགས་གནང་བར་དགའ་ཡོད།
མང་པོ་བྲིས་ནས་བཏང་བ་ཡིན་ཡང་་་་བརླགས་སོང་་་་གང་ལྟར་སྙན་ངག་ཡག་པོ་བྲིས་འདུག་་་་་དགའ་བསུ་ཡོད།
བསམ་གཏན་ཕེབས་པར་དགའ་བསུ་ཡོད།
སྙན་རྩོམ་འདི་ལ་སྲོལ་རྒྱུན་གྱི་དྲི་བསུང་འཐུལ་ལ་སྙན་འཇེབས་ཀྱི་གླིང་བུ་འབུད་བཞིན་འདུག །
སྙན་རྩོམ་འབྲི་ན་འདི་འདྲ་འབྲི་དགོས་པ་རེད་་་་སྲོལ་རྒྱུན་སྙན་ངག་གི་བྲོ་བ་དང་ལྡན་པ་དཔེ་གཟུགས་ལ་སྦྱོར་སྟངས་སོགས་ཆ་གང་ནས་ཀྱང་ཕུན་སུམ་ཚོགས་པོ་་་་་་དགའ་བསུ་ཡོད། ཚད་ལྡན་རེད་ཡ