—རྫ་ཚེ་རིང་བཀྲ་ཤིས།
བྷིག་གྷན་ཧིལ(Beacon Hill)་གྱི་ལས་ཁ་གཡས་གཡོན་གྱི།།
ཞོགས་པའི་ཉི་ཟེར་འཇམ་པོ་ས་ལ་བབས།།
གཅིག་པུར་རྐང་པས་བགྲོད་པའི་ལམ་ཁ་ནས།།
ལྷིངས་སུ་འཇགས་པའི་རི་ལྗོངས་མིག་ལ་སྣང་།།
རིང་བའི་ས་ནས་སྔོ་བའི་རྒྱ་མཚོ་མངོན། །
ཉེ་བའི་ལྕུག་ཕྲག་མེ་ཏོག་གསར་པས་བརྒྱན།།
ལྕགས་ཀྱི་སྒམ་ཆུང་བསྒར་བའི་ཤིང་རྒན་ཡང་།།
མགོ་བོ་དུད་དེ་རང་གི་འགན་འཁྲི་ཁུར།།
མཁུར་ཚོས་དམར་བའི་མེ་ཏོག་སིལ་མ་ཡིས།།
གཡས་གཡོན་ལམ་འགྲམ་ཧ་ཅང་ཡིད་དུ་འོང་། །
བག་ཕེབས་ཞི་བདེས་ཁེངས་པའི་གྲོང་ཁྱིམ་གྱི། །
ཁ་ཁུ་སིམ་པོས་ལྷིང་འཇགས་འཚོ་བ་མཚོན། །
མི་རྣམས་ཚུལ་མཐུན་རང་རང་ལས་ལ་བརྩོན།།
རི་ཆུ་རང་བྱུང་མཁའ་རླུང་བསིལ་ཞིང་གཙང་། །
དགུན་དུ་བཏགས་ཀྱང་དབྱར་གྱི་མེ་ཏོག་བཀྲ །
མི་ཡུལ་ཉིད་དེ་ལྷ་ཡི་ཡུལ་བཞིན་མཛེས། །
ལང་ཚོ་ཡོལ་ཡང་སེམས་པ་མ་རྒས་ཤིང་།།
རྣམ་གཡེང་ཆེ་ཡང་ཤེས་རབ་མ་དོར་བའི།།
ཕྱོགས་མེད་རྒྱལ་ཁམས་འགྲིམ་པའི་སྤྲང་པོ་ཡི། །
སྙན་ངག་བུང་བ་མེ་ཏོག་ཚལ་དུ་ཆགས། །
བདག་གི་ངལ་གསོའི་ཚུགས་མལ་རེ་རེ་དང་། །
གོམ་པ་སྤོས་པའི་རྗེས་ཤུལ་རེ་རེ་སྟེ། །
རྔུལ་ཆུའི་ཐིགས་པ་ལྷུང་པའི་བྱེ་ཐང་ཡང་། །
སྙན་ངག་མེ་ཏོག་རྐང་པས་འཛིན་པར་ཤོག །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་སིད་ནི་ས་ཁུལ་གྱི་རང་ཉིད་སྡོད་གནས་ནས་རྐང་འགྲོས་ཀྱིས་སྐར་མ་བཞི་བཅུའི་སར་ཡོད་པའི་དབྱིན་ཡིག་སྦྱོང་བརྡར་སློབ་གླིང་དུ་འགྲོ་སའི་ལམ་ཁ་ཞིག་ནས་སྤྱི་ལོ་༢༠༡༦ ཟླ་༨ ཚེས་༡༠ ཞོགས་པ་འགྲོ་ཞོར་དུ་བྲིས་ཤིང་པར་རིས་དག་ཀྱང་ལམ་འགྲམ་གྱི་གནས་སྟངས་རང་དེ་མུར་ཐད་ཀར་བརྒྱབ་པ་ཡིན་ནོ།།